ང་ཚོ་སད་རན། གཅན་ཚ་དོན་དབང་།

旅行   2024-12-08 16:47   青海  

 -----

ང་ཚོ་སད་ན།

གཅན་ཚ་དོན་དབང་།

སྤྱིར་སློབ་གཉེར་བྱེད་པ་ནི་ཤེས་རབ་བསྐྱེད་ཕྱིར་ཡིན། གཞུང་དོན་མི་འདྲ་བ་རེ་ལ་སློབ་གཉེར་བྱས་རྗེས་ཤེས་རབ་མི་འདྲ་བ་རེ་བསྐྱེད་ཐུབ་ལ་དེ་དག་རྣམ་ཀུན་གྱི་བྱ་བའི་ཐོག་མཐའ་བར་གསུམ་གང་དུ་ཡང་རང་གི་གྲོགས་སུ་འཁྱེར་ཤེས་ན་བསྒྲུབ་བྱའི་ལས་ཡོད་ཚད་བདེ་བླག་ངང་འགྲུབ་ཐུབ་པ་དང་རྒྱལ་ཁ་ཐོབ་སྲིད་པ་ཞིག་ཡིན།ཤེས་རབ་བསྐྱེད་ཞེས་པ་དེ་ཡང་ཕྱོགས་གཞན་ཞིག་ནས་བཤད་ན་མིའི་ཡང་དག་པའི་བསམ་གཞིགས་ཀྱི་ནུས་པ་དང་ལེགས་ཉེས་དབྱེ་འབྱེད་ཀྱི་ནུས་པ།བརྡར་ཤ་གཅོད་པའི་ནུས་པ་སོགས་ཀྱིས་ལས་གང་ཞིག་ཡིན་ཡང་རང་རྐྱ་ཐུབ་པའི་སྒོ་ནས་བསྒྲུབ་ཐུབ་པ་ཞིག་ལ་ཟེར་བ་ཡིན་པས་དེ་ལ་ངེས་པར་དུ་སློབ་གཉེར་གྱི་ཐབས་ལམ་ཆ་ཚང་ལ་མ་ནོར་བ་ཞིག་དགོས་པར་འདོད།ཡིན་ཡང་དེང་གི་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་གི་དགེ་རྒན་ཁག་ཅིག་གིས་སློབ་མ་སྐྱོང་སྟངས་འདི་ལ་བལྟས་ན་རྒྱུ་འབྲས་ཀྱི་བློ་མིག་འདི་དང་དངོས་ཡོད་ཀྱི་བདེན་པ་གཉིས་ཀྱིས་ང་ལ་འདི་ལས་ལྷག་པའི་ཁ་བྱང་ཞིག་གནང་མ་བྱུང་།རྒྱུ་མཚན་ནི་དེང་གི་སློབ་གྲྭ་ཆུང་འབྲིང་ཁག་ཅིག་གི་བོད་སྐད་ཡིག་གི་དགེ་རྒན་མང་ཆེ་བ་ཞིག་ནི་སློབ་མར་སློབ་སྦྱོང་ལ་སྤྲོ་སྣང་སྟེར་མཁན་ཞིག་དང་ཁྲིད་བྱའི་གཞུང་དོན་གྱི་གནས་ལུགས་དང་ཤེས་རབ་སྔོག་འདོན་བྱེད་མཁན་ཞིག་མ་ཡིན་པར་དེ་ལས་ལྡོག་སྟེ་སྤྲོ་སྣང་ཁྱད་གསོད་གཏོང་མཁན་ཞིག་དང་གནས་ལུགས་དང་ཤེས་རབ་ལ་རྡོག་བརྗིས་གཏོང་མཁན་རྐྱང་རྐྱང་ཡིན་པའི་ཕྱིར་།དེ་བས་གནད་དོན་འདི་ལ་ལག་པ་བྲང་ཁར་བཞག་ནས་བསམ་བློ་ཞིབ་མོ་ཞིག་བཏང་ན་མང་བོ་ཞིག་ལ་འབྲེལ་བ་དམ་ཟབ་ཡོད་པས་ཕྲན་གྱིས་དེའི་ཕྱི་རྐྱེན་ནང་རྐྱེན་ཚང་མ་ཁ་ཁོག་མེད་པར་ཀུན་ལ་ཕན་པའི་ཕྱིར་དུ་རེ་རེ་བཞིན་ཕྱོགས་གསུམ་ནས་གླེང་བར་འདོད་དོ།།

གཅིག འགོ་ཁྲིད་ཀྱི་བདག་གཉེར་དང་རྒྱུགས་གཞིའི་སྒྲིག་འཛུགས་ཀྱིས་བཟོས་པའི་ཤུགས་རྐྱེན། 

སྤྱིར་མི་ཞིག་ཡིན་ན་མིག་མདུན་ཀྱི་ཁེ་ཕན་ཁོ་ནར་ལྟ་མི་རུང་བར་མིག་རྒྱང་རིང་དགོས་ལ་ལྷག་ཏུ་སློབ་གསོའི་ལས་དོན་སྒྲུབ་མཁན་གྱི་དགེ་རྒན་ཞིག་ཡིན་ན་དེ་ལས་ཀྱང་ལྷག་ཏུ་སློབ་མའི་མ་འོངས་པར་བསམ་བློ་གཏོང་ཐུབ་མཁན་ཞིག་ཡིན་དགོས།དེ་ལས་ལྡོག་སྟེ་དེང་གི་སློབ་གྲྭའི་འགོ་ཁྲིད་རེ་འགའ་ཞིག་གིས་རང་ཉིད་གནས་སའི་ཡུལ་གྲུ་ཆུང་ཆུང་དེ་དང་ལུང་པ་ཆུང་ཆུང་གང་དེའི་ནང་གི་མིག་སྔར་གྱི་སྙན་པ་ཁོ་ནར་བསམ་ནས་འགྲན་རྩོད་ཀྱི་རྣམ་པས་རྒྱུགས་འབྲས་ཁོ་ནར་རྩིས་མཐོང་བྱས་ཏེ་དགེ་རྒན་ལ་རབ་འབྲིང་ཐ་གསུམ་དགར་བ་དང་འཛིན་གྲྭར་རབ་འབྲིང་ཐ་གསུམ་དགར་བ་སོགས་ནི་སློབ་གསོ་བྱ་བའི་ནང་གི་ནོར་འཛོལ་ཆེན་པོ་ཞིག་ཏུ་འདོད།རྒྱུ་མཚན་ནི་སྒྲིག་འཛུགས་དེའི་རྐྱེན་བྱས་ཏེ་དགེ་རྒན་ཐམས་ཅད་ཀྱིས་ཀྱང་འགོ་ཁྲིད་གང་དེས་བཟོས་པའི་སྒྲིག་གཞི་དང་མི་འགལ་བའི་ཕྱིར་དུ་སློབ་མར་ཁྲིད་བྱའི་གཞུང་དོན་ལས་བསྟན་པའི་གནས་ལུགས་དང་ཤེས་རབ།དགོས་པ།ཉིང་དགོས་སོགས་མི་སྟེར་བར་རྒྱུགས་གཞི་ཆུང་ཆུང་དེ་ལས་འབྲས་བཟང་ཐོབ་པ་ཁོ་ནར་འབད་ནས་རང་གི་སློབ་ཁྲིད་བྱ་བའི་མགོ་མཇུག་བར་གསུམ་ཚང་མ་རྒྱུགས་གཞི་དེ་དང་དེར་འབྲེལ་ཡོད་ཀྱི་བློ་འཛིན་ཁོ་ནར་བྲེལ་ཏེ་དེ་མ་འགྲུབ་ན་སློབ་དཔོན་དབྱུག་པ་ཅན་གྱི་མཚན་སྙན་བཞེས་ནས་དབྱུག་པས་ཡོད་ཚད་ལ་ཁ་ལོ་བསྒྱུར་ཏེ་འགྲོ་བཞིན་ཡོད་འདི་ནི་དོན་ངོ་མ་བཤད་ན་ན་ཆུང་བྱིས་པ་དེ་དག་གི་ཤེས་རབ་དང་རྣམ་དཔྱོད་།བསམ་གཞིགས་ཀྱི་ནུས་པ་སློབ་སྦྱོང་གི་སྤྲོ་སྣང་སོགས་ཁྱད་གསོད་གཏོང་བྱེད་དང་རྡོག་བརྗིས་གཏོང་བྱེད་རྐྱང་རྐྱང་ཡིན་པར་འདོད།ལྷག་པར་ཏུ་རང་ཉིད་ལ་མཚོན་ན་ཡང་མི་ལོ་བཞི་བཅུ་ཡི་སྐས་རིམ་ནས་ཕྱི་བལྟས་ཀྱིས་སྔོན་ཆད་སློབ་གྲྭ་ཆུང་འབྲིང་སྐབས་སུ་ཇི་ལྟར་སློབ་སྦྱོང་བྱས་པ་དག་ལ་ཕྱི་དྲན་རེ་བྱས་ན་གྱོང་རག་ས་ཡང་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཡོད།་ཕྱི་རྐྱེན་གྱི་ཐད་ནས་གཙོ་བོ་སློབ་ཆུང་དང་དང་དམའ་འབྲིང་གི་སྐབས་རེད།དེ་ནི་རྒྱུ་མཚན་མེད་པ་ཞིག་མིན་དེ་སློབ་ཆུང་དང་དམའ་འབྲིང་གི་སྐབས་ཀྱི་ངའི་རིག་པ་ནི་མི་ཚེ་གཅིག་གི་ནང་དུ་ཆེས་གསལ་བའི་དུས་དང་ཆེས་ཡག་པའི་དུས་རེད།ཡིན་ཡང་སྐབས་དེ་དག་ལ་སློབ་སྦྱོང་དང་བློར་འཛིན་བྱས་པའི་ནང་དོན་དག་ནི་ང་ཚོའི་རྒྱལ་ས་པེ་ཅིན་ཡིན་ང་ཚོའི་རྒྱལ་དར་སྐར་ལྔའི་དར་དམར་ཡིན། བྱམས་བརྩེ་ལྡན་པ།སྟོན་དུས། ལྕོང་མོས་ཨ་མ་འཚོལ་བ། འབུ་བླ་མ་མ་ཎི། དོན་ཕྲན་ཚེགས་ཤིག་ཅེས་པའི་སློབ་ཚན་གྱི་ནང་དུ་བསྔགས་ཡུལ་གྱི་མི་སྣ་ནི་ཤིང་རྟ་འདྲུད་མཁན་རེད།མཚན་མོ་ལིན་ཀོན་འགག་ཏུ་བགྲོད་པ་ཞེས་པའི་སློབ་ཚན་འདིའི་རྩོམ་པ་པོ་ནི་པོ་ཡེ་དང་པོ་ཧྲིན་རེད། དཀའ་ཚེགས་ཆེ་བའི་ལོ་ཟླ། ལྕགས་རི་རིང་བོ་ལ་སོགས་པ་ད་ལྟའང་བློ་ལ་ཡོད་པ་འདི་དག་ཡིན་ལ་སློབ་ཆུང་དང་དམའ་འབྲིང་གཉིས་ཀར་ཕལ་ཆེར་འདི་འདྲ་རྐྱང་རྐྱང་བློ་ལ་འཛིན་དུ་བཅུག་པ་རེད།ཅུང་ཡག་པོ་ཞིག་ཡོད་པ་ནི་སློབ་ཆུང་སྐབས་སུ་ལེགས་བཤད་ལྗོན་དབང་དང་དམའ་འབྲིང་སྐབས་སུ་བརྡ་དག་གི་མིང་འགའ་རེ་བློ་ལ་འཛིན་དུ་བཅུག་པ་དེ་གཉིས་རེད།དེ་མིན་ཐམས་ཅད་ད་ལྟ་ཁྱི་རྒྱག་གི་དབྱུག་པ་ལའང་མི་ཉན་པས་ངའི་གསེར་ལས་དཀོན་པའི་རིག་པ་དེ་དག་དེ་ལྟར་ཆུད་ཟོས་སུ་བཏང་བར་ཤིན་ཏུ་ཕངས་སེམས་ཆེན་པོ་སྐྱེས་ཀྱིན་འདུག དེའི་རྒྱུ་མཚན་ཡང་སྐབས་དེའི་དགེ་རྒན་དེ་དག་གིས་ཀྱང་མིག་མདུན་གྱི་རྒྱུགས་འབྲས་ཙམ་པོ་བ་དེ་ཁོ་ནར་བལྟས་པས་མཇུག་འབྲས་འདི་བྱུང་བ་རེད། ཁ་སང་དེ་རིང་གང་བློ་ལ་འཛིན་དགོས་པ་ཤེས་ཀྱང་བརྗེད་ངེས་ཀྱི་རྐུན་པོའི་སྟོབས་ནི་ཤིན་ཏུ་ཆེ་བས་བློར་བཟུང་བ་ཐམས་ཅད་སྔོན་མ་བཞིན་མ་ཡིན་པར་བློ་ལ་གཅིག་ཀྱང་མི་ཆགས།ངས་བསམ་ན་གནས་ཚུལ་འདི་ལྟ་བུ་ནི་ང་གཅིག་པུ་མ་ཡིན་པར་ང་དང་ལོ་ཚོད་མཉམ་པའི་སློབ་གཉེར་བ་མང་བོ་ཞིག་ཀྱང་དེ་ལྟར་ཡིན་པར་འདོད།དེ་བས་ད་ལྟའང་སློབ་ཆུང་དང་དམའ་འབྲིང་གི་དགེ་རྒན་དུ་གྱུར་བ་དག་གིས་ཀྱང་འདི་ལ་ནམ་ཡང་གཟབ་གཟབ་ནན་མོ་བྱེད་དགོས་པར་འདོད་ལ་དེ་ལས་ཀྱང་བློར་འཛིན་ལ་སྙིགས་དོར་བཅུད་ལེན་བྱེད་དགོས་པར་འདོད།དེ་ལྟར་མ་བྱས་ན་ཁ་སང་དེ་རིང་གི་སློབ་གྲྭའི་ནང་དུ་ཆེས་འཇིགས་སུ་རུང་བ་ནི་དཔེ་ཀློག་ལ་མི་དགའ་བའི་དགེ་རྒན་འདི་དག་གིས་འདི་ལྟ་བུའི་ལས་དོན་ཧུར་གྱིས་སྒྲུབ་ཀྱིན་ཡོད་པ་འདི་ཁ་ཚོན་བཅད་ནས་བཤད་ཆོག་ན་ཡང་ད་དུང་ཁོ་ཚོས་དེ་ལྟར་མི་འདོད་པར་ཁོ་ཚོའི་ལྡོག་ཕྱོགས་སུ་ཡོད་པ་རྣམས་ནི་རིག་པ་དང་ལྡན་ན་ཡང་ལྷག་བསམ་མེད་མཁན་དག་གི་གྲས་སུ་བགྲང་བ་ནི་ཤིན་ཏུ་ནས་ཀྱང་ཕངས་པའི་གནས་སོ། །སྔོན་གྱི་སྐྱེས་ཆེན་དམ་པ་དག་གིས་ཀྱང་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་ཐེག་མཆོག་དགེ་བའི་བཤེས་གཉེན་ཞིག་གིས་རྗེས་སུ་འཛིན་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་ཚུལ་ལ་བལྟས་ན་ཡང་རང་ཉིད་སོ་སོའི་ངོས་ནས་ཀྱང་མི་ཚེ་གཅིག་གི་ནང་དུ་དགེ་རྒན་བཟང་བོ་ཞིག་ལ་འཕྲད་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བས་དགེ་རྒན་གྱི་མིང་བྱང་འཛིན་པ་རྣམས་ཀྱིས་ཀྱང་མངར་སྐྱུར་འདྲེས་མའི་ལས་ཀའི་སྒྲིག་འཛུགས་ཀྱི་ཁྲོད་ནས་ནམ་ཡང་བདེན་པའི་ཆོས་ཉིད་ལ་བློ་མངོན་པར་ཕྱོགས་ཏེ་སློབ་མར་མ་འོངས་པར་གང་ཕན་དམིགས་སུ་བཟུང་ནས་སློབ་སྟོན་བྱ་རྒྱུ་ནི་དེ་ལས་ཀྱང་གལ་ཆེའོ།།

གཉིས། ལུང་དང་རིག་པས་ཕྱུག་པའི་དགེ་རྒན་གསོ་སྐྱོང་མ་བྱས་པའི་ཤུགས་རྐྱེན།

སྐྱོན་ཡོན་གཉིས་ལས་ཡོན་ཏན་ལྡན་ཞིང་ཡོན་ཏན་རང་ལས་ལྷག་པ་ཞིག་ལ་བསྟེན་ཞེས་གསུང་བ་ནང་བཞིན་དགེ་རྒན་ཟེར་བ་དེ་ཡང་ཤེས་བྱའི་འོད་སྣང་གིས་གཞན་གྱི་མུན་པ་སེལ་ཞིང་མི་གཞིའི་མཛེས་སྡུག་གིས་གཞན་ལ་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་ཡིན་དགོས།དེ་བས་དགེ་རྒན་ཞིག་ཡིན་ན་ནམ་ཞར་སློབ་སྦྱོང་བྱས་ནས་རང་གི་ཤེས་བྱའི་གཞི་རྒྱ་ངེས་པར་ཏུ་ཆེ་རུ་གཏོང་དགོས་ལ།  ཚུལ་མིན་གྱི་སྤྱོད་ལམ་དག་ཀྱང་སློབ་མའི་སྔུན་ནས་འདོར་ཅི་ཐུབ་བྱེད་དགོས།ལྷག་པར་ཏུ་དགེ་རྒན་ཞིག་ལ་མཚོན་ན་ཆེས་བཟང་བའི་སློབ་ཁྲིད་གྲ་སྒྲིག་ནི་དཔེ་ཀློག་ཡིན་པ་རྟོགས་དགོས།དེ་ལྟར་མ་བྱས་པར་ཁྲིད་བྱའི་དཔེ་དེབ་ངོས་ཀྱི་ནང་དོན་ཙམ་པོ་བ་དེ་ཁོ་ནར་འཇུས་ནས་དེའི་དོན་ཡང་ཆོད་མི་ཆོད་ཀྱིས་སྒོ་ནས་དུས་འཛད་པར་བྱས་ན་རང་གཞན་གང་ལ་ཡང་ཕན་མི་ཐོགས་ཤིང་དགེ་རྒན་ཞེས་པའི་མིང་ཡང་དེ་ཙམ་ཞིག་རེད། ཡང་གཅིག་བཤད་ན་ངས་འདི་ལྟར་ལབ་པར་ཡང་རྒྱུ་མཚན་མེད་པ་ཞིག་མིན་ཏེ། ཁ་སང་དེ་རིང་གི་སློབ་གྲྭའི་ནང་དུ་ངའི་མདུན་སར་དགེ་རྒན་མང་བོ་ཞིག་ལ་རིག་གཞུང་གི་དཔེ་ཆ་གཞན་དག་གི་ལྟ་རྒྱ་མཐོང་རྒྱ་དང་ཤེས་བྱ་གསོག་འཇོག་ཕར་ཞོག་ཐ་ན་འཁྲིད་བྱའི་དཔེ་དེབ་ཀྱི་ནང་གི་སློབ་སྦྱོང་བྱ་རིན་ཡོད་པའི་སློབ་ཚན་མང་བོ་ཞིག་གི་དོན་ཡང་མ་རྟོགས་པར་ལོག་འགྲེལ་བྱེད་མཁན་དང་ཡང་ན་དེ་དག་གི་དོན་བཏང་སྙོམས་སུ་བཞག་ནས་སློབ་མས་དོན་མ་གོ་ཡང་བློ་འཛིན་བྱེད་དུ་འཇུག་པ།ད་དུང་སྐྱོན་རང་ངོས་ནས་མི་འཚོལ་བར་སྐྱོན་ཐམས་ཅད་བསླབ་གཞི་ལ་ཁག་བཀལ་ཏེ་ནང་དོན་འདི་དག་དམའ་འབྲིང་སློབ་མའི་བློ་ཁ་དང་མི་འཚམ་པ་ཡང་ན་སློབ་ཆུང་སློབ་མའི་བློ་ཁ་དང་མི་འཚམ་པའི་འཁྱེར་སོ་མེད་པའི་གཏམ་སྨྲས་ཏེ་ཡོད་ཚད་ནེ་ཙོའི་འདོན་པ་ལྟ་བུའི་བློ་འཛིན་ཁོ་ན་ལ་བྲེལ་ཏེ་གོང་རིམ་སྒྲིག་འཛུགས་ཀྱི་རྒྱུགས་གཞི་རྐྱང་རྐྱང་དམིགས་སུ་བཟུང་ཏེ་འགྲོ་མཁན་ནི་དེང་གི་སློབ་གྲྭའི་ནང་དུ་དགེ་རྒན་རེ་ཟུང་ཞིག་ག་ལ་ཡིན།སློབ་གྲྭའི་འགོ་ཁྲིད་ཀྱི་ངོས་ནས་ཀྱང་ནམ་ཡང་གནད་དོན་འདི་དག་མི་རྟོགས་པར་དེ་མིན་གྱི་ལས་དང་དེ་ལྟར་རྒྱུགས་བླངས་པའི་རྒྱུགས་འབྲས་ཀྱི་ཐོབ་སྐར་ཁོ་ནས་ཡོད་ཚད་ཐག་གཅོད་པའི་རྨོངས་པ་ལ་བྲེལ་ཏེ་སློབ་གསོ་སྐྱོང་བའི་ཟོལ་གྱིས་འགྲོ་བཞིན་པ་འདི་ཡང་དངོས་ནས་འཇིགས་སུ་རུང་བ་ཞིག་ལོས་ཡིན།གནའ་དེང་གི་སློབ་གསོ་བ་ཀུན་གྱིས་སྤྱི་མཐུན་དུ་ཁས་འཆེས་པའི་སློབ་གྲྭའི་ནང་གི་རིན་པོ་ཆེ་རྣམ་བཞི་ལས་དང་པོ་ནི་དགེ་རྒན་དང་གཉིས་པ་སློབ་མ།གསུམ་པ་ཇ་མ་དང་དེ་མིན་གྱི་ལས་བཟོ་བ།བཞི་བ་སློབ་ཁང་སོགས་སློབ་ཁྲིད་ཀྱི་ཡོ་བྱད་དག་རིམ་པར་བསྒྲིགས་ཡོད་པ་འདི་ལས་ཀྱང་སློབ་གྲྭ་ཞིག་ལ་ལུང་དང་རིག་པས་ཕྱུག་པའི་དགེ་རྒན་མང་བོ་གསོ་སྐྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན་པ་དེ་སློབ་གཙོ་ཞིག་གིས་ངེས་པར་ཏུ་མ་རྟོགས་ན་མི་རུང་བའི་དོན་གལ་ཆེན་ཞིག་ཡིན་པ་དང་དུས་རབས་ཀྱི་དགོས་མཁོ་དང་འབྲེལ་བའི་སྐལ་ལྡན་སློབ་གཉེར་བ་མང་བོ་ཞིག་གི་རེ་བའི་འབོད་སྐུལ་ཡིན་པ་ཡང་རྟོགས་དགོས།

གསུམ། རྒྱུགས་གཞིའི་སྒྲིག་སྟངས་དང་དེའི་ནང་དོན་ལ་བཅོས་སྒྱུར་མ་བྱས་པའི་ཤུགས་རྐྱེན།

སྤྱིར་རྒྱུགས་ལེན་པ་འདི་ལ་ས་ཆ་རེ་འགའ་དང་གྲྭ་ས་རེ་ཟུང་དག་ན་ཡིག་ཚད་གཏོང་བ་ཞེས་ཀྱང་བརྗོད་ཀྱིན་ཡོད།གྲྭ་ས་ཁག་གིས་རྒྱུགས་ལེན་སྟངས་འདི་ལ་བལྟས་ན་དེ་ལ་བྲིས་རྒྱུགས་དང་རྩོད་རྒྱུགས།བློ་རྒྱུགས།ད་དུང་དེའི་སྟེང་ལ་ཡིག་གཟུགས་ཀྱི་རྣམ་གྲངས་ཀྱང་ཡོད་པ་ཞིག་རེད།གྲྭ་སའི་རྒྱུགས་ལེན་སྟངས་འདིས་དགོན་པ་གང་དེའི་གྲྭ་བས་ལོ་འཁོར་གཅིག་གི་ནང་དུ་གཞུང་དོན་ལ་ཐོས་བསམ་བྱས་པའི་ཚད་དེ་གང་འདྲ་ཞིག་ཡིན་པ་ཤེས་ཀྱིན་ཡོད་ལ་དེང་གི་ང་ཚོ་སློབ་གྲྭའི་རྒྱུགས་གཞིའི་ལམ་ལུགས་དང་བསྡུར་ན་དངོས་ནས་འཐུས་སྒོ་ཚང་བ་ཞིག་ཀྱང་རེད།དེ་བས་སློབ་མས་གྲྭ་ས་ནས་སློབ་སྦྱོང་བྱས་པའི་འབྲས་བུ་དང་དེང་གི་སློབ་གྲྭ་ནས་སློབ་སྦྱོང་བྱས་པའི་འབྲས་བུ་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་ཡང་རྒྱུགས་ལེན་སྟངས་ཀྱི་ཆ་ལ་ཡང་འབྲེལ་བ་ལོས་ཡོད་འདོད།རྒྱུ་མཚན་ནི་རྒྱུགས་ལེན་སྟངས་མི་འདྲ་བ་འདི་ལ་བརྟེན་ནས་སློབ་མས་སློབ་སྦྱོང་གི་བྱེད་སྟངས་མི་འདྲ་ལ་འདི་འདྲའི་བྱེད་ཐབས་འདི་སྐྱ་སེར་གཉིས་ཀའི་ཕྱོགས་ནས་བཀོལ་སྤྱོད་བྱས་ན་དེང་གི་སློབ་གྲྭ་ཁག་གིས་ཀྱང་ཡོད་ཚད་བློ་འཛིན་ཁོ་ནས་ས་གོ་མི་ཆོད་པ་རྟོགས་ནས་སླད་མར་སློབ་གྲྭའི་ནང་ནས་ཀྱང་སློབ་མས་རང་གི་སློབ་སྦྱོང་བྱེད་ཐབས་ལ་འགྱུར་བ་གཏོང་འགྲོ་བ་ཡིན་ལ་དགེ་རྒན་གྱི་ངོས་ནས་ཀྱང་སློབ་མར་སློབ་ཁྲིད་ཀྱི་རྣམ་པ་ངེས་པར་ཏུ་མི་བསྒྱུར་ཐབས་མེད་དུ་གྱུར་འགྲོ་བ་ཞིག་ཡིན།དེ་མ་ཡིན་པར་སྔོན་མ་ལྟར་ནམ་རྒྱུན་དགེ་རྒན་གྱིས་བློར་འཛིན་ལ་གང་བཀོད་སྒྲིག་བྱས་པ་དེ་དག་རྒྱུགས་ཀྱི་ནང་དུ་ཡང་དེ་ཚོ་ཡོད་པ་ཤ་གཟུགས་ཟ་རྐྱང་ལྟ་བུའི་ལས་ཀྱིས་སློབ་གསོ་སྐྱོང་གིན་ཡོད་པ་འདི་ནི་དོན་མ་བཤད་ན་དགེ་སློབ་གཉིས་ཀའི་ཐད་ནས་རང་མགོ་རང་གིས་གཡོགས་པ་ཞིག་ཅི་ལ་མིན།དེ་ཡང་ཞིབ་ཏུ་དེའི་འགན་འཁྲི་རྩད་བཅད་ནས་སོང་ན་གོང་རིམ་སློབ་གསོ་སྡེ་ཁག་གི་འགོ་ཁྲིད་དག་གིས་ཐུགས་བསམ་མ་བཞེས་པའི་གནད་དོན་ཞིག་ལས་འོག་མ་དག་ལ་ཁག་ཅི་ཡོད།ནམ་རྒྱུན་གྱི་ཁ་དཔེ་ལ་ཡང་སྡེ་མགོ་བསྐྱང་ན་ཁོག་རྒྱ་ཡངས་དགོས།རྒོད་པོ་ཁྲིད་ན་ཐུར་མདའ་རིང་དགོས་ཟེར་བ་འདི་ཡང་ཀུན་གྱི་ཐུགས་ལ་འབབ་པའི་གཏམ་ཞིག་སྟེ་ཤིན་ཏུ་མད་དོ།དེས་ན་སློབ་གྲྭ་དང་སློབ་མ་ཁྲི་སྟོང་མང་བོའི་མ་འོངས་པར་བསམ་གཞིགས་གཏོང་མཁན་གྱི་འགོ་ཁྲིད་ཞིག་ཡིན་ན་སྔོན་གྱི་བོང་བུ་ལྟ་བུའི་ཞོན་པ་བརྟེན་ནས་སོང་ན་ས་གོ་མི་ཆོད་པ་དེ་བཞིན་དུ་ང་ཚོའི་སློབ་མ་ཐམས་ཅད་ཀྱང་དུས་རབས་གསར་བའི་མཁའ་དབྱིངས་ནས་འོད་ཏུ་འཚེར་ཞིང་ལྷམ་མེར་བཀྲ་བའི་ནམ་མཁའི་སྐར་ཚོགས་ཀྱི་ཁྱུ་ཚོགས་ཞིག་ཏུ་གྱུར་བར་འདོད་ན་གནམ་གྲུ་དང་མེ་ཤུགས་འཕུར་མདའ་ལྟ་བུའི་བགྲོད་བྱེད་ལ་བརྟེན་ནས་སོང་ན་དེར་སླེབས་པ་ནང་བཞིན་རྒྱུགས་གཞི་ལེན་སྟངས་འདི་ལ་ཡང་བྲིས་རྒྱུགས་དང་བློ་རྒྱུགས།རྩོད་རྒྱུགས་ལྟ་བུས་བསྒྱུར་བཅོས་བྱས་ན་དགེ་སློབ་གཉིས་ཀའི་ཆ་ནས་ཀྱང་རང་རང་གི་གནས་བབས་ལ་བསྒྱུར་བཅོས་གཏོང་རྒྱུ་ཡིན་པ་ཆོས་ཉིད་དུ་གྲུབ་པས་དེ་ལྟར་བྱས་ན་དུས་རབས་དང་མཐུན་པའི་མི་སྣ་ཞིག་གསོ་སྐྱོང་ཐུབ་པར་གདོམ་མི་ཟའོ། །གོ་ཐོས་ཞིག་ལ་རང་རེའི་ཞིང་ཆེན་གྱི་ཡུལ་གྲུ་རེ་འགའ་ཞིག་ན་འདི་ལྟར་བཅོས་བསྒྱུར་གཏོང་བའི་འགོ་བརྩམས་སོང་ཟེར་བ་དེ་ནི་བདེན་པ་ཞིག་ཡིན་ན་གསེར་བྱ་དེ་ཕོ་རེ་ཟུང་གིས་ཞོགས་པའི་ཐོ་རེངས་བསུ་བའི་སྐད་སྙན་སྒྲོག་པའི་རྟེན་འབྲེལ་གྱི་ཐོག་མ་ཡིན་ལ་དེང་གི་སྐབས་འདིར་ཡུལ་ལུང་གང་གིས་ཀྱང་དེའི་ཟླ་ལ་འགྲན་ཐུབ་ན་ནི་ཡག་ཐོག་ཡག་བརྩེགས་ཀྱི་བཟང་བོའི་དོན་ཆེན་ཞིག་ལས་དགོས་མེད་མཁོ་མེད་ཀྱི་ལས་ཀ་ལྷག་མ་ཞིག་ཏུ་ནམ་ཡང་མི་འགྱུར་བར་འདོད་དོ། །

མཐར་སྨྲས་བ།དགའ་སྐྱོ་ཆགས་སྡང་འཇིག་རྟེན་ཟླུམ་པོ་འདིར།།མངར་སྐྱུར་འདྲེས་མའི་གཏམ་རྒྱུད་མང་ན་ཡང་།།རང་གི་ལས་དོན་མི་རིགས་སློབ་གསོའི་ཐད།།རང་ལུས་ཕུལ་བར་འདོད་པ་བདག་གི་སེམས།།ཞེས་སྤྱི་ལོ་༢༠༢༤ལོའི་ཟླ༡༡པའི་ཚེས་༢༣ཉིན་གཅན་ཚ་བ་དོན་དབང་ནས་སྦྱར་བ་དགེའོ།།

藏宝挪一挪

-----

རྩོམ་བསྡུ་ཡིག་ཟམ།

1766746662@qq.com

ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།

དྲན་ཤེས། |  བཏང་སྙོམས། | ཆོག་ཤེས།  |  བཀའ་དྲིན།  |  བྱམས་བརྩེ།

◆  ◆  ◆  ◆  

喜马拉雅在线
མིའི་རིགས་འཚོ་གནས་ཀྱི་དར་རྒྱས་ལ་དོ་སྣང་བྱས་པའི་འཕྲིན་སྟེགས་ཤིག་ཀྱང་ཡིན།
 最新文章