-----
ངག་རྒྱུན་དང་འབྲེལ་ནས་འཚམས་རིང་ཇོ་བོའི་ལོ་རྒྱུས་སྤྱི་ཙམ་གླེང་བ།
འཇམ་དབྱངས་སྐྱིད། མཚོ་སྔོན་དགེ་འོས་སློབ་ཆེན།
ཇོ་བོ་ཤཱཀྱ་མི་ནེ་ཇོ་བོ་མི་བསྐྱོད་རྡོ་རྗེ། ཇོ་བོ་ར་མ་རྒྱ་མོ་ཞེས་སངས་རྒྱས་ཆོས་ལུགས་རྒྱ་ཆེར་དར་བའི་བོད་ས་མཐོའི་ཡུལ་གྲུ་འདི་ན་མེས་པོ་རྣམས་ཀྱི་སྐྱབས་བཅོལ་ས་དང་རྗེས་རབས་པ་རྣམས་ལ་མགོན་སྐྱབས་གནང་མཁན་གྱི་ཇོ་བོ་མང་བོ་ཞིག་རྟེན་སྐལ་དུ་བཞུགས། ཇོ་བོ་ཤཱཀྱ་མི་ནེ་ནི་ཆོས་རྒྱལ་སྲུང་བཙན་སྒམ་པོའི་སྐུ་དུས་སུ་རྒྱ་བཟའ་ཀོང་ཇོའི་རྟེན་དུ་གདན་དྲངས་ཏེ་ད་ལྟ་ལྷ་སའི་གཙུག་ལག་ཁང་དུ་བཞུགས་པ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་བལ་བཟའ་ཁྲི་བཙན་གྱི་རྟེན་སྐལ་ལ་བོད་དུ་གདན་དྲངས་བའི་ལྷ་སྐུ་ངོ་མཚར་ཅན་ཞིག་ཡིན་པ་སོགས་ཇོ་བོ་སོ་སོ་ལ་ལོ་རྒྱུས་ཀྱི་བྱུང་རབས་རེ་ཡོད།
འཚམས་རིང་ཇོ་བོ་ནི་རྒྱལ་དབང་སྐུ་ཕྲེང་ལྔ་བ་དང་དྲུག་པ་གཉིས་ཀྱི་སྐབས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་འཚམས་རིང་སྡེ་བའི་དགའ་ར་ཞེས་པའི་དཔོན་པོའི་ཁྱིམ་ཚང་ཞིག་ལ་གནངས་བའི་རྟེན་སྐལ་ཁྱད་པར་བ་དེ་ཡིན། དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁོང་ཨ་མདོའི་ས་ཆར་རྒྱལ་དབང་སྐུ་ཕྲེང་ལྔ་བའི་ཡང་སྲིད་འཚོལ་དུ་ཡོང་སྐབས་ཁ་ཤུ་སྡེ་བའི་གཏེར་ཁུངས་ཀྱི་རྐང་ལམ་ཕྲ་མོ་རུ་དགའ་རའི་བུ་འབྲིང་བ་རྔ་བ་རྫོང་ནས་འཚམས་རིང་སྡེ་བར་འགྲོ་བ་དང་ལམ་འཕྲད་བྱས། སྡེ་སྲིད་སང་ཨ་མདོར་ཕེབས་པའི་དུས་ནི་གྲང་ངར་ཆེ་བའི་དགུན་གྱི་བཙགས་རླུང་ནང་ཡིན་པ་མ་ཟད་ཁོང་གིས་ཡང་སྲིད་ངོས་འཛིན་གྱི་བྱ་བ་དེའང་གསང་བའི་ལས་དོན་ཞིག་ཡིན་པས་རང་གི་ཐོབ་ཐང་མི་གཅིག་ལའང་མ་བཤད་པར་ཨ་སྐྱོད་ཞིག་གི་རྣམ་པའི་ངང་སླེབས་པས། ཁོང་གི་ལུས་ཟུངས་ཧ་ཅང་ཉམས་ཐག་ཡིན་པ་མ་ཟད་སྐུ་ལུས་སུའང་གོས་ཧྲིལ་ཅིག་ལས་གྱོན་མེད་པས་གདོང་དང་རྐང་ལག་ཚང་མ་གྲང་ནས་དམར་པོ་དང་སེར་ཁ་བྱུང་འདུག དགའ་ར་སང་གི་བུ་འབྲིང་བས་ཨ་སྐྱོད་དེའི་ཉམས་ཐག་གི་རྣམས་པ་དེ་མཐོང་རྗེས་ངའི་ཁྱེད་ལ་གནས་ཚང་གཡར་ངེད་ཚང་དུ་འགྲོ་ཞེས་སྡེ་སྲིད་སང་ཁྱིམ་དུ་ཁྲིད། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དགའ་ར་སང་གི་གནས་ཚང་དེར་ཉིན་འགར་བཞུགས་རྗེས། ད་ནི་ང་ལ་ལས་དོན་ཞིག་ཡོད་པས་ལྷོ་ཁར་འགྲོ་དགོས་ཞེས་གསུངས་བར།དགའ་ར་སང་གི་ཨ་སྐྱོད་ཀྱི་རྐང་བ་གྲང་ནས་དམར་བོར་འགྱུར་བ་མཐོང་བས་ཁྱིམ་ཚང་དེ་ན་ལྷམ་དག་ལས་ཆེས་རྩ་ཆེ་བའི་ལྷམ་སུག་དམར་དེ་ཁོང་ལ་གནངས་བ་རེད། སྡེ་སྲིད་སང་ལྷོ་ཁར་སོང་ནས་ཟླ་བ་གསུམ་འདྲ་འགོར་རྗེས་ཡང་བསྐྱར་འཚམས་རིང་སྡེ་བར་ཕེབས་ཏེ་དགའ་ར་ཚང་དུ་གནས་ཚང་གཡར་ནས་ཞག་མ་འགར་བཞུགས། དུས་དེར་སྡེ་སྲིད་ཀྱིས་དགའ་རའི་བུ་འབྲིང་བར་ད་ལྟ་ཁྱེད་ཚང་ལ་དྲིན་ལན་འཇལ་འདོད་ཀྱང་ནུས་པ་ཅི་ཡང་མེད། འོན་ཀྱང་གཞུག་ནས་ཁྱེད་རང་ལྷ་སར་ཕེབས་པའི་སྐལ་བ་འདྲ་ལྡན་ནས་ལྷ་སར་ཐོན་ཚེ། པོ་ཏ་ལའི་ལྟག་སྒོ་ནས་འདི་ལྟར་བོས་ཞེས་རང་གི་མཚང་མྱིང་དེ་བཤད།
ལོ་དུ་མ་འགོར་རྗེས། དགའ་ར་སང་གི་ཁྱིམ་མི་གང་བོ་རྐང་ཐང་དུ་ལྷ་སར་དབུས་མཇལ་དུ་བྱིན། ལྷ་སར་ཐོན་རྗེས་ཁོང་ཚོ་ཇོའི་ཁང་དང་པོ་ཏ་ལ་སོགས་ལ་མཇལ་བའི་སྐབས་བུ་འབྲིང་བའི་སྔོན་གྱི་དོན་དེ་ཡིད་ལ་ཤར་ནས་ཨ་སྐྱོད་དེའི་བཤད་པ་བདེན་ནམ་སྙམ་སྟེ་པོ་ཏ་ལའི་ལྟག་སྒོ་ནས་དེ་སྔ་བཤད་པའི་མཚང་མྱིང་གིས་བོས། དུས་དེར་གྲྭ་ཆས་གྲལ་དག་པོ་ཅིག་གྱོན་པའི་གྲྭ་བ་ཞིག་བྲེལ་འཚུབ་ངང་རྒྱུག་ཡོང་ནས་དགའ་རའི་བུ་འབྲིང་བ་ལ་དེ་ལྟར་འབོད་ཉན་ནི་མ་རེད། མ་འབོད་མ་གཏོགས་ཁྲིམས་ལ་ཐོག་པའི་ཉེན་ཁ་ཆེ་ཞེས་བཤད། དུས་དེར་དགའ་རའི་བུ་འབྲིང་བའི་དོན་ཅི་ཡིན་ཧ་མ་གོ་བར་གྲྭ་བ་ལ་སྔོན་ཨ་སྐྱོད་ཅིག་གིས་དེ་ལྟར་བོས་ཞེས་བཤད་པ་རེད། དོན་ཅི་ཞིག་ལ་ཁྲིམས་འགལ་བྱས་ཡོད་ཅེས་དྲིས། གྲྭ་བ་དེས་གནས་ཚུལ་དེ་དག་སྡེ་སྲིད་ལ་ཞུས་རྗེས། སྡེ་སྲིད་ཀྱིས་དེ་ནི་ངའི་ཡུན་རིང་ལ་སྒུག་པའི་མགྲོན་པོ་གལ་ཆེན་ཡིན་ཞེས་ཁྱིམ་དུ་བསུ་མ་བྱས། དེ་ལྟར་དགའ་ར་ཚང་ཟླ་བ་གཅིག་ཙམ་ལྷ་སར་བསྡད་རྗེས་ཕྱིར་ཕ་ཡུལ་དུ་ལོག་རྩིས་བྱས་པར་སྡེ་སྲིད་ཀྱིས་དགའ་རའི་བུ་འབྲིང་བ་ལ་ད་ནི་ངའི་ཁྱེད་ལ་རྟེན་ཁྱད་པར་བ་ཞིག་གནང་ཞེས་མདུན་དུ་སྐུ་བདུན་བཞག་སྟེ་འདི་དག་ལས་འདོམས་ཞེས་གསུངས། དགའ་རའི་བུ་འབྲིང་བའི་སྐུ་གང་གདམས་དགོས་པ་མ་ཤེས་པས་སྡེ་སྲིད་ཀྱི་མདུན་འདུག་བ་ལ་བློ་ཅིག་དྲིས་པར་མདུན་འདུག་བས་ཁྱོད་ཀྱིས་སྐུ་བདུན་པོའི་ཐོད་སྐྱོགས་དུ་མར་ཅིག་བྱུགས་ནས་མཆོད་ཁང་དུ་བཞག་དེ་ཕྱི་ཉིན་ཡོང་ནས་ཅིག་ལྟོས་ར་ཤེས་ཞེས་བཤད། བུ་འབྲིང་བའི་དེ་ལྟར་བྱས་ནས་ཕྱི་ཉིན་ཡོང་ནས་ཅིག་བལྟས་པར་སྐུ་གཅིག་གི་ཐོད་པའི་མར་དེ་ཞུ་ཡོད་པས་ཁོས་སྡེ་སྲིད་ལ་སྐུ་འདི་གནངས་རོགས་ཞེས་ཞུས་པ་རེད། སྡེ་སྲིད་ཀྱིས་དགའ་རའི་བུ་འབྲིང་བའི་གདམས་པའི་སྐུ་ལ་གཟུགས་ནས་ཁྱེད་ལ་བསོད་ནམས་ཆེ་སྐུ་འདི་ནི་ངའི་ནམ་རྒྱུན་གྱི་ཉལ་ཕྱག་མཚལ་ས་དེ་ཡིན་ཞེས་བཤད་ཞོར་སྐུ་དེ་བུ་འབྲིང་བ་ལ་གནངས། དུས་དེར་བུ་འབྲིང་བའི་ལམ་བར་གྱི་ཇག་རྐུན་དག་ཡིད་ལ་དྲན་ནས་སྡེ་སྲིད་ལ་ཨ་མདོའི་ས་ཆར་དཔོན་པོ་དང་སྐུ་དྲག་གདུབ་རྩུབ་ཆེ་བ་མ་ཟད་ཇག་རྐུན་ཡང་མང་བས་ཇོ་བོར་སྲུང་མ་ཅིག་གནངས་རོགས་ཞེས་ཞུས། སྡེ་སྲིད་ཀྱིས་ཇོ་བོ་སྲུང་མ་ལ་མདོང་ནག་པོ་ཅིག་དང་གསེར་ཁྲབ་གྱི་བཙན་ཐང་ཅིག་གནང་ཞོར་ཇོ་བོ་ཁྱིམ་དུ་གདན་དྲངས་སྐབས་ལུང་བ་ཁ་ཡར་འཁོར་(གཡང་ལུང)ཞིག་བརྒྱུད་དགོས་ལུང་བ་དེ་འདྲ་ཞིག་བརྒྱུད་ཚེ་འཚམས་རིང་སྡེ་བའི་རྒྱུ་འབྱོར་འགྲན་ཐབས་བྲལ་བ་ཞིག་དུ་འགྱུར་ངེས་ཞེས་གསུངས།
ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་གཡག་སོགས་ལ་ཁལ་མ་འགེལ་ནས་ཡུན་རིང་ཡོང་བས་ཚང་མ་ཐང་ཆད་ཡོད་སྟབས་ཁོ་ཚོའི་ལུང་བ་ཁ་ཡར་འཁོར་གྱི་གཡང་ལུང་མ་བརྒྱུད་པར་སྐ་འགའི་ལུང་བ་བརྒྱུད་ནས་ཡོང་། དེ་རྗེས་བཅོས་སྒྱུར་སྐབས་སུ་ཇོ་བོ་ལ་ཆགས་འཇུག་ཡོང་བར་སྐྲག་ནས་འཚམས་རིང་སྡེ་བའི་སྐྱེས་པ་ཚང་མ་ཁྱིམ་དུ་མ་བསྡད་པར་ཇོ་བོ་དང་གསེར་ཁྲབ་གྱི་བཙན་ཐང་མདོང་སོགས་ཁུར་ནས་འབྲོ་གྲབས་བྱས་པར་མདོང་དེ་སྟབས་མ་ལེགས་པར་འཛིན་མ་ཐུབ་པས་དུས་དེ་ནས་བཟུང་ཅི་ཡིན་འདི་ཡིན་མ་ཤེས་པར་བོར་བརླག་དུ་ཤོར་བ་དང་དགའ་རའི་བུ་འབྲིང་བའང་སྐབས་དེར་ཚེ་སྲོག་ཤོར་བ་རེད། ཤུལ་དུ་ལྷག་པའི་ཇོ་བོ་དང་གསེར་ཁྲབ་གྱི་བཙན་ཐང་གཉིས་དགའ་རའི་བུ་སྤུན་གཉིས་ཀ་དང་གཉེན་ཉེ་སྡེ་མི་རྣམས་ཇག་པའི་ལམ་ཁར་ཞུགས་ནས་རི་མགོ་སོགས་སུ་འཁྱམས་ནས་སྲུང་སྐྱོབ་བྱས་པ་དང་། རྗེས་སུ་འཚོ་བ་ཅུང་ཞི་འཇགས་ཡིན་སྐབས་ད་གཟོད་ཁྱིམ་དུ་གདན་དྲངས་བ་ཡིན་ལ་བུ་སྤུན་གཉིས་ཀས་འཁོར་བ་ཁ་ཁར་བསྐྱངས་བས་བཙན་ཐང་བུ་ཆེ་བ་དེ་ད་ལྟའི་དགའ་ར་གོང་ཚང་དུ་གནས་པ་དང་ཇོ་བོ་བུ་ཆུང་བ་དེ་ད་ལྟའི་དགའ་ར་འགབས་མ་ཚང་དུ་བཞུགས་ཡོད། སྡེ་བའི་ནང་གི་རྒན་པ་རྣམས་ཀྱིས་བཤད་སྲོལ་ལ་བཅོས་སྒྱུར་སྐབས་ཆགས་འཇུག་ཐེབས་དོན་དང་འཚམས་རིང་སྡེ་བའི་རྒྱུ་འབྱོར་རྩེ་བྲལ་ཞིག་དུ་འཕེལ་མི་ཐུབ་པས་དོན་ནི་དེ་སྔ་ཇོ་བོ་ཁྱིམ་དུ་གདན་དྲངས་སྐབས་གཡང་ལུང་མ་བརྒྱུད་པར་སྐ་འགའི་བརྒྱུད་པས་ཡིན་ཞེས་བཤད་སྲོལ་ཞིག་ཀྱང་འདུག རྒྱུ་འབྱོར་རྩེ་གྲལ་ཞིག་དུ་འཕེལ་མ་ཐུབ་ཀྱང་སྡེ་བའི་ནང་གི་བྱིས་པ་ཚང་མ་བློ་གྲོས་ཀྱི་རྩལ་རྫོགས་པའི་ཤེས་ཡོན་པ་དག་དག་ཡིན་པས་སྡེ་མི་རྣམས་ཀྱིས་འདི་ནི་ང་ཚོའི་སྡེ་བར་ཇོ་བོ་ཐུགས་རྗེ་ཅན་དེ་བཞུགས་པས་ཡིན་ཞེས་གསུངས། འདི་ནི་དགའ་ར་དཔོན་པོ་ཚང་གིས་འཚམས་རིང་གཡང་སྡེ་ཕྱུག་མོར་གདན་དྲངས་བའི་ལྷ་སྐུ་ངོ་མཚར་འཚམས་རིང་ཇོ་བོའི་ལོ་རྒྱུས་སྤྱི་ཙམ་མོ། །
-----
རྩོམ་བསྡུ་ཡིག་ཟམ།
1766746662@qq.com
ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།
དྲན་ཤེས། | བཏང་སྙོམས། | ཆོག་ཤེས། | བཀའ་དྲིན། | བྱམས་བརྩེ།
◆ ◆ ◆ ◆ ◆