སྐྱོ་ཤས་གཟུགས་སུ་འཆར་བའི་སྣང་བ་ལང་ལོང་དུ་གཡོ་བ།

文摘   2024-11-26 07:04   西藏  

སྐྱོ་ཤས་གཟུགས་སུ་འཆར་བའི་སྣང་བ་ལང་ལོང་དུ་གཡོ་བ།


མགོ་ནག་ཁྲི་སྟོང་མང་པོའི་མདུན་ངོས་སུ།།

སྟེང་དུ་གདུག་ཕུབ་འོག་ནས་ཁྲི་བརྩིགས་པའི།།

པཎ་ཞྭ་དབུ་ལ་གྱོན་པའི་མཁས་པ་ཚོས།།

ཆོས་དང་ཆབ་སྲིད་འདྲེས་དུས་སྐྱོ་བ་ལ།།


ཚེ་གཅིག་སྒོམ་པའི་དབེན་པའི་ནག་ཁྲོད་དུ།།

བསྙེན་པ་བགྲང་ནས་ཕྲེང་བ་ཟད་ན་ཡང་།།

ཉོན་མོང་ཕྲི་ལ་སྔར་དང་ཁྱད་མེད་པའི།།

དེང་གི་རི་ཁྲོད་པ་ཚོ་སྐྱོ་བ་ལ།།


རྩོད་པའི་ཐལ་ངག་གློག་དམར་འཁྱུག་འཁྱུག་ནང་།།

ལུང་རིགས་ཕུང་པོ་སྤུངས་པའི་དོ་ར་རུ།།

ཕྱི་ཚུལ་མཁས་ཀྱང་རྒྱུན་ཤེས་ལ་རྨོངས་པའི།།

ལག་པའི་སེར་ཁ་མཐོང་ན་སྐྱོ་བ་ལ།།


རྔ་བརྡུང་དུང་འབུད་འདོན་པའི་དབྱངས་རྟ་ལ།།

ཤིན་ཏུ་མཁས་པའི་གཤིན་པོ་ཡར་འདྲེན་ཅན།།

སྦྱོར་དངོས་མཇུག་གསུམ་དྲིས་པའི་དྲི་ལན་དུ།།

མགོ་ཡུ་འཁོར་ནས་འདུག་དུས་སྐྱོ་བ་ལ།།


ནང་ཆོས་སྦྱོང་ནས་མི་ཚེ་རྫོགས་ན་ཡང་།།

ད་དུང་བྱེད་འབྲེལ་ལས་ལ་རྨོངས་པ་ཚོ།།

ལག་ཏུ་སྙུག་གུ་བཟུང་དུས་ངོ་མདངས་ཤོར།།

བོད་ཡིག་ཐོབ་ཐང་ཤོར་འདི་སྐྱོ་བ་ལ།།


རིགས་ཀྱི་བདག་པོའི་ཡར་སྐྱེས་རྒྱུད་འཛིན་རྣམས།།

ཕ་མའི་རེ་བ་མེས་པོའི་རྣམ་ཤེས་བཅས།།

ཡོད་ཚད་བཅོལ་ནས་སློབ་གླིང་འགྲིམ་བཅུག་ཀྱང་།།

ཕ་སྐད་བུ་ཡིས་མི་གོ་སྐྱོ་བ་ལ།།


ཤིན་ཏུ་འདྲིས་པའི་ན་མཉམ་གྲོགས་པོ་དང་།།

ལོ་མང་ནང་གི་དམ་ཚིག་ཡོད་མོད་ཀྱང་།།

སྐབས་ཤིག་ན་ཚོད་སྨིན་པའི་རྒྱུད་རིམ་ནང་།།

ལུས་སེམས་ཁ་ཁ་ཤོར་འདི་སྐྱོ་བ་ལ།།


དེ་ལྟའི་མཐོང་ཐོས་མྱོང་གསུམ་རེ་རེ་ལ།།

མཚང་འདི་རྒོལ་བའི་སྤོབས་པ་མི་ལྡན་ཡང་།།

མིག་སྔར་འཆར་བའི་མེ་ལོང་རེ་རེའི་ནང་།།

འགོག་ཏུ་མེད་པའི་འཆར་སྣང་སྣ་ཚོགས་འདུག།


ངོས་མི་མཉམ་པའི་མི་ཡི་མི་ཚེ་ནང་།།

དཀའ་སྡུག་འཕྲད་པའི་ལོ་རྒྱུས་བགྲང་ལས་འདས།།

ཐོབ་ཤོར་མང་བའི་ཕྱིར་མིག་རེ་རེ་ནང་།།

བརྗོད་མི་ཚར་བའི་གཏམ་རྒྱུད་རེ་རེ་ཡོད།།


གང་ལྟར་སྙིགས་མའི་དུས་ཀྱི་སྐྱེ་བོ་ལ།།

བདེན་པ་སྟོན་ན་ཡོད་ཚད་ཡི་ག་ལོག།

རྫུན་པ་རྣམས་ནི་སྤྱི་བོའི་གཙུག་ཏུ་བཀུར།།

བདེན་ལོག་གོ་རིམ་འཆོལ་བ་དེང་གི་ལུགས།།


ཐུབ་གཞོན།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章