ལྷ་རམས་པ་ངག་གི་དབང་ཕྱུག་གིས་ལན་ཕ་ལམ་ཕྲ་ཚོལ་ལ་ལུང་ཁུངས་གསལ་བའི་མཛེས་རྒྱན།
རྩོམ་པ་པོ། འཇིག་རྟེན་ཟླ་བ།
ན་མོ་མཉྫུ་ཤྲཱི་ཡེ།
༡༽སྤྱིར་བཤད་པ།
གནས་ལུགས་དཔྱོད་ཚེ་ཐ་སྙད་ཤེས་པ་ཉིད།།
ཚད་མ་འདོད་པ་དངོས་སྨྲ་རང་རྒྱུད་ལུགས།།
དྲུང་ཙོང་རྗེས་འབྲང་དེ་ཡི་ཕྱོགས་སུ་མཐུན།།
སྔ་རབས་མཁས་པ་ཟླ་བའི་དགོངས་བཞིན་གནས།།
དེ་ལྟར་འདོད་ཚུལ་གཞུང་ལུགས་འདིའི་ནང་ཡོད།།
ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་དང་།།
ཡེ་ཤེས་སྙིང་པོ་བདེན་གཉིས་རྩ་འགྲེལ་དང་ །
དགོངས་པ་རབ་གསལ་སྐལ་བཟང་མིག་འབྱེད་ཡོད།།
སྔོན་གྱི་མཁས་པ་པ་ཚབ་བུ་བཞི་དང་།།
གོང་མ་རྣམ་ལྔ་གོ་ཤཱཀ་སྟག་གསུམ་གྱིས།།
གནས་ལུགས་དཔྱད་ཚེ་བུམ་པས་བུམ་པ་ཉིད།།
སྟོང་པ་སྨྲ་བར་དགོངས་པ་གཅིག་ཏུ་གནས།།
༢༽གནད་དུ་བཤད་པ།
དཔལ་ལྡན་ཟླ་བས་དབུ་མ་འཇུག་པ་ལས།།
གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །
འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །
ཞེས་སོགས་གསུངས་པའི་དོན་ཡང་དེ་ཉིད་ཏེ།།
འཇུག་པ་རང་འགྲེལ་སེམས་བསྐྱེད་དྲུག་པའི་ནང་།།
དེའི་ཕྱིིར་དེ་ལྟར་ཁོ་ན་ཉིད་བསམ་ལ།།
འཕགས་རྣམས་ཁོ་ན་ཚད་ཡིན་འཕགས་གཞན་མིན།།
ཞེས་གསུངས་ཟླ་བའི་རང་རྒྱུད་དམ་བཅའ་འོ།།
༣༽དྲི་བའི་ཚུལ་གྱིས་བཤད་པ།
མཁས་དབང་གཙོས་པའི་དགེ་བཤེས་རྣམས་པ་ཚོས།།
འདི་ཡི་དོན་ལ་དགོངས་པ་ཅི་ཞིག་ཡོད།།
དོན་ལ་དགོངས་པ་ཡིན་པ་འདོད་ཅེ་ན།།
དོན་ལ་ཚད་མ་ཡོད་པ་ཅི་ཞིག་ཨང་།།
གནས་ལུགས་རྟོགས་པའི་བློ་ལ་དགོངས་ཤེ་ན།།
གནས་ལུགས་རྟོགས་བློ་སྐྱེ་འཕགས་གཉིས་ཀྱི་བློ།།
ཡོད་པར་དགོངས་པ་རབ་གསལ་ནང་དུ་གསལ།།
དེས་ན་ཁྱེད་ཀྱིས་གང་ཞིག་དགོངས་པ་ཡིན།།
གནས་ལུགས་དཔྱོད་ཚེ་དགོངས་པ་ཡིན་ཞེ་ན།
གནས་ལུགས་དཔྱོད་ཚེ་བུམ་པ་བུམ་པ་ཉིད།།
མཐོང་བའི་མིག་ཤེས་ཚད་མ་མ་ཡིན་པའི།།
སྒྲུབ་བྱེད་ཁྱེད་ལ་ལུང་རིགས་གང་ཞིག་ཡོད།།
དཔལ་ལྡན་ཟླ་བའི་ཐལ་བ་འདི་ཡི་ནང་།།
ཕྱི་རབས་པ་ལ་གོ་རྒྱུ་ཡོད་པ་ཞིག །
ཁྱེད་ཀྱིས་གསུངས་པས་གོ་རྒྱུ་གང་ཞིག་རེད།།
ཡོད་ན་གསུངས་དང་རྒྱལ་བའི་བཀའ་བཞིན་མཛེས།།
ཁྱེད་ལ་ཕྲ་མོའི་ཞུ་བ་འདི་འདྲ་ཡོད།།
བུམ་པ་དོན་དཔྱོད་སྐབས་སུ་བུམ་པ་ཉིད།།
སྣང་བའི་མིག་ཤེས་ཡོད་དམ་མེད་པ་ཡིན།།
ཡོད་ན་ཚད་མ་མིན་པའི་རྒྱུ་མཚན་གང་།།
མེད་ན་མིག་ལོང་ཡིན་པ་ཁྱེད་བཞེད་དམ།།
༤༽རང་གཞུང་དང་འགལ་བའི་ཉེས་པར་བཤད་པ།
ཙོང་ཁ་པ་ཡི་དགོངས་པ་རབ་གསལ་ནང་།།
ཉན་རང་བྱང་སེམས་འཕགས་པ་རྣམས་ཀྱི་ངོར།།
བུམ་སོགས་ཀུན་རྫོབ་བདེན་ཡིན་བདེན་པར་མིན།།
སྨྲ་བ་འདི་ཡང་ཟླ་བའི་དགོངས་པ་མིན།།
རབ་དགའི་ས་གནས་བྱང་སེམས་འཕགས་པའི་ངོར།།
བུམ་སོགས་ཀུན་རྫོབ་བདེན་པ་མ་ཡིན་ཐལ།།
བདེན་པ་མ་ཁེགས་བདེན་འཛིན་ཡོད་ཕྱིར་རོ།།
འདོན་ན་ཙོང་ཁ་པ་ཡི་གསུང་དང་འགལ།།
རྗེ་བཙུན་ཙོང་ཁ་པ་ཡི་གསུང་འབུམ་ནང་།།
ཆོས་རྣམས་དོན་དམ་ཐ་སྙད་གང་དུ་ཡང་།།
རང་གི་མཚན་ཉིད་མ་གྲུབ་གསུངས་ན་ཡང་།།
རང་ཉིད་རང་གིས་མ་སྟོང་སྨྲ་བ་མཚར།།
སོ་སྐྱེའི་ཚད་མས་ཀུན་རྫོབ་བདེན་པ་རྙེད།།
མཁས་པ་ཁྱེད་ཀྱིས་དེ་འདྲ་སྨྲ་བ་ན།།
རང་གཞུང་འགལ་བའི་ཉེས་པ་འདི་ཡོད་དེ།།
སོ་སྐྱེའི་ངོ་ལ་བདེན་པ་ཁེགས་པར་ཐལ།།
ཙོང་ཁ་པ་ཡིས་དགོངས་པ་རབ་གསལ་དང་།།
དཀའ་གནད་བརྒྱད་ཀྱི་ཟིན་བྲིས་དེ་ཡི་ནང་།།
གང་གི་ངོ་ལ་ཀུན་རྫོབ་བདེན་པ་ཉིད།།
སོང་བ་དེའི་ངོར་བདེན་པ་ཁེགས་དགོས་གསུངས།།
རྨ་བྱ་བྱང་བརྩོན་འཐད་པའི་རྒྱན་གྱི་ནང་།།
ཐ་སྙད་ཤེས་པ་འཁྲུལ་པའི་ཡུལ་དུ་ནི།།
བདེན་པ་གང་ཡིན་ཀུན་རྫོབ་བདེན་པ་འདོད།།
འདིས་ཀྱང་ཐ་སྙད་ཤེས་པ་ཚད་མིན་ཤེས།།
༥༽ཐ་སྙད་ཚད་གྲུབ་ལ་ཉེས་པ་གསལ་དུ་སྟོན་པ།
ཐ་སྙད་འཁྲུལ་ཤེས་ཚད་མ་འདོད་ན་ནི།།
འཁྲུལ་དང་ཚད་མ་གཞི་མཐུན་འདོད་པ་ཞིག །
ཕྱི་ནང་གང་གིས་གྲུབ་མཐའ་མེད་པས་ན།།
སྒྲུབ་བྱེད་མེད་པའི་དམ་བཅའ་གཅེར་རྒྱུགས་སོ།།
བྱམས་པ་མགོན་པོའི་རྒྱུད་བླའི་བསྟན་བཅོས་ལས།།
སླུ་བ་སྐྱབས་གནས་གཞི་མཐུན་མི་འདོད་ལྟར།།
ཕྱི་ནང་གང་གི་གྲུབ་མཐའ་སྨྲ་བ་ཡིས།།
འཁྲུལ་ཤེས་ཚད་མ་གཞི་མཐུན་འདོད་པ་མེད།།
སྣང་ཡུལ་ལ་འཁྲུལ་འཛིན་སྟངས་མ་འཁྲུལ་བ།།
ཁྱེད་ཀྱིས་དེ་འདྲ་ཞིབ་ཆ་ཕྱེ་ན་ཡང་།།
ཚད་མ་གང་ཡིན་རང་ཡུལ་དེ་དང་དེར།།
ཚད་མ་མ་ཡིན་ཐལ་བ་ཡོད་ཕྱིར་རོ།།
ཐ་སྙད་ཤེས་པས་ཇི་ལྟར་མཇལ་བ་བཞིན།།
ཡུལ་དུས་གནས་སྐབས་ཐམས་ཅད་གྲུབ་ཅེ་ན།།
དེ་ལ་ཚད་གྲུབ་ཟེར་བ་ས་སྐྱའི་ལུགས།།
ཁྱེད་ནི་ས་སྐྱའི་རྗེས་སུ་བསླེབས་ཚར་འདུག །
༦༽ལས་འབྲས་སླུ་བ་ཡིན་ཚུལ།
ལས་འབྲས་རང་འབྲས་སྐྱེས་ལ་མི་སླུ་བ།།
སྨྲས་ཙམ་མ་གཏོགས་སླུ་ཆོས་ཡིན་པ་ནི།།
འཕགས་པ་ཀླུ་སྒུབ་དགོངས་པ་ཡིན་པས་ན།
ཁྱེད་ཀྱིས་འདི་ལ་འབད་པ་ཅི་ཞིག་བྱེད།།
༧༽ཆོས་རྣམས་རང་ཉིད་རང་གིས་སྟོང་པར་བཤད་པ།
འཇིག་རྟེན་མཐུན་འཇུག་ཐ་སྙད་བྱེད་པའི་ཚེ།།
བུམ་པ་བུམ་ཉིད་སྣང་བའི་དབང་མངོན་གྱིས།།
ཇི་ལྟར་སྣང་བཞིན་བླང་དོར་ཡོད་པ་ནི།།
བུམ་པ་བུམ་པས་སྟོང་པའི་རྒྱུ་མཚན་རེད།།
༨༽དོན་དམ་བདེན་པ་ཡུལ་མ་ཡིན་པའི་ཚུལ།
སྟོང་ཉིད་སྟོང་ཉིད་ངོ་བོ་མ་གྲུབ་པས།།
དོན་དམ་ཡུལ་ཉིད་གྲུབ་ཚེ་དོན་དམ་མིན།།
བླ་མ་གཞན་གྱི་གདམས་ངག་མ་གཏོགས་པ།།
དོན་དམ་ཡུལ་ཉིད་གསུངས་པའི་བཀའ་བསྟན་མེད།།
གཞན་ཡང་དོན་དམ་ཡུལ་ཉིད་འདོད་ན་ནི།།
སྟོན་པས་བདེན་གཉིས་འཇུག་པའི་མདོ་ལས་ཀྱང་།།
ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན།།
དོན་དམ་བདེན་པ་ཞེས་བྱའི་གྲངས་སུ་མེད།།
ཞེས་གསུངས་དོན་ལ་མཉམ་པར་ཞོག་ཅིག་ཨང་།།
རྨ་བྱ་བྱང་བརྩོན་འཐད་པའི་རྒྱན་གྱི་ནང་།།
འཇིག་རྟེན་ངོ་བྱས་དོན་དམ་སྨྲས་པ་ནི།།
ཀུན་རྫོབ་གསུངས་ཀྱི་དོན་དམ་མི་འདོད་པས།།
སྟག་ལོས་ཡུལ་ཀུན་རྫུན་གསུངས་བཀའ་གཞིན་མཛེས།།
༩༽འཇིག་རྟེན་མཐུན་འཇུག་ལ་ཚད་མ་འདོད་ཚུལ།
ཀུན་རྫོབ་མཇལ་བྱེད་དབང་པོ་དྲུག་པོ་ཉིད།།
ཀུན་རྫོབ་རྣམ་བཞག་བྱེད་པའི་སྐབས་དེ་ན།།
ཚད་མ་ཡིན་པར་མཁས་པ་ཐམས་ཅད་མཐུན།།
དེ་ལ་ཚད་གྲུབ་ཟེར་བ་སུ་ཡིས་བཞེད།།
བུམ་པ་དོན་དཔྱོད་སྐབས་སུ་བུམ་པ་ཉིད།།
ཡོད་མེད་མཐའ་སོགས་གང་དུ་མ་གྲུབ་ཀྱང་།།
སྣང་བའི་ཤེས་པ་ཡོད་ཀྱང་ཚད་མ་མིན།།
མདོ་རྒྱུད་ཀུན་གྱི་དགོངས་པ་འདི་ན་ཡོད།།
༡༠༽ཚད་མ་གཅིག་གིས་ཚད་མ་གཞན་གནོད་ཚུལ།
དོན་དམ་ཚད་མས་ཐ་སྙད་ཚད་མ་ཉིད།།
གནོད་པ་མེད་ན་ཅི་ཕྱིར་གནས་དཔྱོད་སྐབས།།
ཐ་སྙད་ཚད་མ་ཚད་མ་མི་ཡིན་འགྱུར།།
ཡོན་ན་རང་གཞུང་ཀུན་དང་འགལ་ཕྱིར་རོ།།
དོན་དམ་ཚད་མས་ཀུན་རྫོབ་མ་སེལ་ན།།
འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས།།
གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར།།
ཞེས་གསུངས་འདི་ཡང་ཅི་ཞིག་རྩལ་དུ་བཏོན།།
༡༡༽གདགས་གཞི་བཤད་པ།
དེ་ལ་བརྟེན་ནས་ཆོས་དེ་བཏགས་ན་ནི།།
དེ་ཉིད་ཆོས་དེའི་གདགས་གཞིན་ཡིན་པ་ཉིད།།
གསུངས་པའི་བཀའ་དང་བསྟན་བཅོས་གང་ན་མེད།།
དེས་ན་ཆོས་དེའི་གདགས་གཞི་ཆོས་དེའོ།།
དེ་ལ་བརྟེན་ནས་ཆོས་དེ་བཏགས་ན་ནི།།
དེ་ཉིད་ཆོས་དེའི་གདགས་གཞིར་ཡིན་འདོད་ན།།
ནམ་མཁའ་དངོས་མེད་རྟོགས་པའི་རྗེས་དཔག་དེའི།
མ་བྱས་པ་ཉིད་གདགས་གཞི་ཡིན་པར་ཐལོ།།
བརྟེན་ནས་བུམ་པའི་ཐ་སྙད་གདགས་པ་དང་།།
བརྟེན་ནས་བུམ་མིང་གདགས་པའི་ཁྱད་པར་དང་།།
བུམ་པའི་ཐ་སྙད་དང་ནི་བུམ་མིང་གཉིས།།
ཁྱད་པར་ཕྱེས་དང་གསང་གནད་འདི་ན་ཡོད།།
མཁས་པའི་ཁྱུ་མཆོག་ཀུན་མཁྱེན་གོ་རམས་པས།།
གདགས་གཞི་རང་རྒྱུད་ཁས་ལེན་མི་བྱེད་ཀྱང་།།
ཨུ་ཚུགས་ནན་ཏན་དགོས་པ་སྨྲ་ཞེ་ན།།
དེ་ཉིད་དེ་ཡི་གདགས་གཞི་འདོད་པར་རེད།།
༡༢༽ཡན་ལག་དང་ཡན་ལག་ཅན་བཤད་པ།
ཡན་ལག་ཁེགས་ཚེ་ཡན་ལག་ཅན་ཁེགས་དང་།།
ཡན་ལག་ཅན་ཁེགས་ཡན་ལག་ཁེག་པ་སོགས།།
དཔལ་ལྡན་ཟླ་བས་འཇུག་པ་རྩ་འགྲེལ་ནང་།།
ཡང་ཡང་གསུངས་པས་འདི་ན་རྒྱས་བཤད་མེད།།
༡༣༽མཇུག་གཏམ།
མང་དུ་ཐོས་པའི་དགེ་སྦྱོང་རིན་ཆེན་པ།།
གུས་པའི་དབང་གིས་གསལ་བཤད་བྱས་པ་ཡིན།།
ཕལ་ཆེ་གོ་ལོག་སོང་ཡང་མང་བཤད་ན།།
སྙན་པོ་མེད་པས་འདི་ཙམ་བྱས་པ་ཡིན།།
ཡང་ཡང་གསུང་ན་ཡང་ཡང་བསྐྱར་དུ་གླེང་།།
༢༠༢༤སྨན་དྲུག་ཟླ་བའི་དམར་ཕྱོགས་སྟོང་པ་གསུམ་པའི་བྱང་ཕྱོགས་འབྲི་རྒྱུད་ཆོས་ཀྱི་མདོའམ་སྡེ་དགེ་ལྔ་རིགས་བཤད་གྲྭ་ནས་ཆོས་ཀྱི་བྱ་བའི་ཇ་མཚས་ཇ་མཚས་སུ་བྲིས་ནསལྷ་རམས་པ་ངག་གི་དབང་ཕྱུག་ལ་འཇིག་རྟེན་ཟླ་བས་སྤྲིངས་སོ།།།།
ལུང་ཁུངས།
༡༽ཐ་སྙད་ཚད་གྲུབ་མིན་པའི་ལུང་།
འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།
སྟོན་ཀྱང་རློམ་པའི་སེམས་མི་མངའ། །སེམས་ཅན་གང་ཡང་སྐྱེ་མེད་ཅིང་། །འགའ་ཡང་འཆི་བ་ཡོད་མ་ཡིན། །མྱ་ངན་འདས་པའང་གང་ཡང་མེད། །སེམས་ཅན་འབྱུང་བའང་ཡོད་མ་ཡིན། །སྐད་ཀྱིས་ཆོས་རྣམས་བསྟན་བྱས་ཀྱང་། །སྐད་ལ་རྟེན་པ་ཡོད་མིན་ཞིང་། །ཡི་གེ་རྣམས་དང་བྲལ་བའི་ཆོས། །མི་ཡི་འདྲེན་པ་སྟོན་པར་མཛད། །གང་ལ་རླུང་ནི་མི་གནས་ཤིང་། །ཆུ་དང་མེ་ཡང་མི་དམིགས་ལ། །སར་ཡང་རྟོག་པ་མེད་པའི་ཆོས། །སྤྱན་དང་ལྡན་པ་སྟོན་པར་མཛད། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམས་དང་རྣམ་ཤེས་ནི། །སྟོང་ཞིང་ཕུང་པོ་ལྔ་པོ་དག །དངོས་པོ་མེད་པ་སྟོན་པར་མཛད། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་དང་དེ་བཞིན་ཡིད། །རང་བཞིན་སྟོང་པར་སྟོན་མཛད་ཀྱང་། །སྟོང་པ་དེ་ཡང་དམིགས་སུ་མེད། །གཟུགས་དང་སྒྲ་དང་དྲི་རྣམས་དང་། །རོ་དང་རེག་བྱ་ཡིད་འོང་བ། །དེ་དག་རྣམ་པར་རྟོག་པས་བསྐྱེད། །རྟོག་པའང་རང་བཞིན་སྟོང་པ་ཡིན། །དེ་ལྟར་སངས་རྒྱས་སྐྱོབ་པ་ནི། །སྲོག་ཆགས་རྣམས་ལ་ཆོས་སྟོན་གྱིས། །གང་དག་སྡུག་བསྔལ་ཐར་འདོད་པ། །དེ་དག་རྣམ་འདྲེན་དྲུང་དུ་ཤོག
འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།
ཇི་ལྟར་རྨི་ལམ་ན་ཡང་འདོད་བསྟེན་པ། །སྐྱེས་བུ་སད་པར་གྱུར་ནས་མི་མཐོང་སྟེ། །བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དང་ཞིང་རྙོག་པ་མེད་པའི་ཆུ་ནང་སྣང་། །ཆུ་ཟླ་སྟོང་པ་གསོག་སྟེ་གཟུང་དུ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡིས། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྨིག་རྒྱུ་ལ་ཡང་ཆུ་ནི་ཡོང་མེད་ན། །སེམས་ཅན་རྨོངས་པ་དེ་ལ་འཐུང་འདོད་དེ། །མི་བདེན་ཆུ་ནི་འཐུང་བར་ཡོང་མི་ནུས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །དབང་པོ་འདི་དག་གལ་ཏེ་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །འདི་ལྟར་དབང་པོ་འདི་དག་ཚད་མིན་ཞིང་། །ངོ་བོ་ཉིད་ཀྱིས་བེམས་པོ་ལུང་མ་བསྟན། །དེ་ཕྱིར་མྱ་ངན་འདའ་བའི་ལམ་འདོད་པ། །དེས་ནི་འཕགས་པའི་ལམ་གྱིས་བྱ་བ་བྱོས། །དངོས་མེད་སྨོན་པ་མེད་པ་དང་། །མཚན་མ་མེད་དང་སྟོང་པ་ཉིད། །རྣམ་ཐར་སྒོ་ནི་འདི་དག་གིས། །སྒོ་དག་སངས་རྒྱས་རབ་ཏུ་སྟོན། །མིག་དང་རྣ་བ་སྣ་དག་དང་། །ལྕེ་དང་ལུས་དང་དེ་བཞིན་ཡིད། །དེ་དག་རང་བཞིན་སྟོང་པར་ནི། །སངས་རྒྱས་དག་གིས་རབ་ཏུ་བཤད། །དེ་ལྟ་བུ་ཡི་ཆོས་རྣམས་ཀྱི། །རང་བཞིན་དག་ནི་སུས་ཤེས་པ། །ཆོས་ཀྱི་མཚན་ཉིད་ཤེས་པས་ན། །དེ་ནི་རྩོད་པར་མི་བྱེད་དོ། །འདི་ནི་བྱང་ཆུབ་སེམས་དཔའ་དག །དཔའ་བོ་སྐྱོབ་པའི་སྤྱོད་ཡུལ་ཏེ། །ཆོས་རྣམས་སྟོང་པར་ཤེས་པ་ནི། །དེ་དག་ནམ་ཡང་ནེམ་ནུར་མེད། །ཆོས་ཀྱི་རང་བཞིན་ཤེས་པས་ན། །དེ་ཕྱིར་སངས་རྒྱས་ཞེས་བྱ་སྟེ། །སེམས་ཅན་བསམ་གྱིས་མི་ཁྱབ་ཅིང་། །དཔག་ཏུ་མེད་པ་བྱང་ཆུབ་འདུལ། །
༢༽གནས་དཔྱོད་ཀྱི་སྐབས་སུ་ཐ་སྙད་ཤེས་པ་ཚད་མ་མ་ཡིན་པའི་ལུང།
འཇུག་འགྲེལ་ལས།
དེའི་ཕྱིར་དེ་ལྟར་ན་དེ་ཁོ་ན་ཉིད་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི་འཕགས་པ་མ་ཡིན་པ་དག་ནི་མ་ཡིན་ནོ། །ཅི་སྟེ་འཇིག་རྟེན་གྱི་གནོད་པ་བརྗོད་པར་འདོད་པས་དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་ལ་འཇིག་རྟེན་གྱི་མཐོང་བ་ཡང་ཚད་མ་ཉིད་དུ་ཁས་ལེན་ན་དེ་ལྟ་ཡིན་དང་།གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པ་འང་མ་ཡིན་ནོ། །འཇིག་རྟེན་ཚད་མ་ཉིད་དུ་ཁས་བླངས་པ་ཡིན་པ་དང་། དེ་ཉིད་དེ་ཁོ་ན་ཉིད་མཐོང་བ་ཡིན་པའི་ཕྱིར་མ་རིག་པ་སྤངས་པ་ཡིན་པར་ཁས་བླང་བར་བྱ་དགོས་ན། གང་གི་ཕྱིར་བླུན་པོ་ནི་ཚད་མར་རིགས་པ་ཡང་མ་ཡིན་ནོ། །གང་ལ་གང་གི་ཡུལ་ཅན་གྱི་མི་ཤེས་པ་ཡོད་པ་དེ་ནི་དེ་ལ་ཚད་མ་ཉིད་མ་ཡིན་པར་མཐོང་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ལ་སོགས་པ་བརྟགས་པ་ལ་དེ་མི་ཤེས་པ་རྣམས་ལྟ་བུའོ། །
༣༽ཐ་སྙད་ཚད་མ་འཇིག་རྟེན་མཐུན་འཇུག་ཁོ་ནའི་དབང་དུ་ཡིན་པའི་ལུང་།
འཇུག་འགྲེལ།
དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ལ་འཇུག་པར་བྱ་བའི་ཐབས་ཡིན་པའི་ཕྱིར། བདག་དང་གཞན་དག་ལས་སྐྱེ་བ་མ་དཔྱད་པར་འཇིག་རྟེན་པའི་ལུགས་ཀྱིས་ཁས་ལེན་པར་བྱེད་པ་ཡིན་ནོ། །འདི་ལྟ་སྟེ་། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །འདི་ལྟར་གཟུགས་དང་ཚོར་བ་ལ་སོགས་པ་འདི་དག་ནི་ཅི་བདག་ལས་སྐྱེ་བ་ཞིག་གམ། ཅིག་གཞན་ལས་སྐྱེ་བ་ཞིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམ་པར་དཔྱད་པ་ན། དོན་དམ་པར་མ་སྐྱེས་པ་དང་མ་འགགས་པའི་ཕྱིར་རང་བཞིན་ཅན་ལས་ཚུ་རོལ་ཏེ་གཞན་དུ་གྱུར་བའི་ཆ་སྐྱེ་བ་ལ་སོགས་པ་ཅན་ལ་གནས་པ་མ་ཡིན་ཏེ། དེའི་ཕྱིར་བདག་དང་གཞན་ལས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པར་དཔྱོད་པ་འཇུག་པ་མེད་པར་བྱས་ཏེ། འཇིག་རྟེན་པས་ཡོངས་སུ་མཐོང་བ་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་གཞན་ལ་རག་ལས་པའི་འཇུག་པའི་སྒོ་ནས་ཁས་བླང་བར་བྱ་སྟེ། འཕགས་པ་ལྷས། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡི་མ་རྟོགས་པར། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །ཞེས་ཇི་སྐད་དུ་བཤད་པ་ལྟ་བུའོ། །
༤༽རང་ཉིད་རང་གིས་སྟོང་པའི་ལུང་།
ཇི་ལྟར་མིག་མིག་གི་རྣམ་པར་ཤེས་པས་སྟོང་པ་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱང་ལུས་ཀྱི་རྣམ་པར་ཤེས་པས་སྟོང་ངོ་། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཐམས་ཅད་ཀྱི་མིག་ཀྱང་མིག་དང་མིག་གི་རྣམ་པར་ཤེས་པས་སྟོང་པས་སྟོང་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱང་ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་སྟོང་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འབྱུང་བ་ཆེན་པོ་ལྟ་བུ་མི་རྟོག་རྣམ་པར་མི་རྟོག་ཅིང་དམིགས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་ཅན་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། ཚོར་བ་པོ་དང་། ཚོར་བར་འཇུག་པ་དང་། སྐྱེ་བ་དང་། ཀུན་ཏུ་སྐྱེ་བ་དང་། ཀུན་ནས་ལྡང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀྱི་མཚན་ཉིད་སྣང་བའི་མཚན་མས་མཚན་མ་ལས་དམིགས་པའང་མེད་དོ། །སེམས་ཀྱི་གཟུང་བ་དང་། བཏང་བ་དང་། མངོན་སུམ་དུ་བྱ་བ་དང་། ཁོང་དུ་ཆུད་པ་དང་། གནས་དང་། ཀུན་ནས་ལྡང་བའི་གནས་དང་། ཡིད་ལ་བྱེད་པའི་གཟུགས་ཀྱི་མཚན་ཉིད་སྣང་བ་དམིགས་པ་མེད་པ་སྟོང་པ་ཉིད་ཀྱིས་སྟོང་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཀྱི་ཕུང་པོ་དང་། ནམ་མཁའ་དང་། སེམས་ཀྱི་རྣམ་པར་ཤེས་པ་ཐ་དད་པར་རབ་ཏུ་མི་ཤེས་སོ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས།
བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་སྟེ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ། །ཚོར་བ་ཚོར་བས་སྟོང་སྟེ། ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཚོར་བ་མ་ལགས། ཚོར་བ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཚོར་བའོ། །འདུ་ཤེས་འདུ་ཤེས་ཀྱིས་སྟོང་སྟེ། འདུ་ཤེས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་འདུ་ཤེས་མ་ལགས། འདུ་ཤེས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། འདུ་ཤེས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་སྟེ། འདུ་བྱེད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་འདུ་བྱེད་མ་ལགས། འདུ་བྱེད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་སྟེ། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་པ་མ་ལགས། རྣམ་པར་ཤེས་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །
༥༽འདུས་བྱས་ཐམས་ཅད་སླུ་བ་ཡིན་པའི་ལུང་།
དབུ་མ་རྩ་ཤེ་ལས།
འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །
དེས་ན་དེ་དག་བརྫུན་པ་ཡིན། །
གལ་ཏེ་སླུ་ཆོས་གང་ཡིན་པ། །
དེ་བརྫུན་དེ་ལ་ཅི་ཞིག་སླུ། །
བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །
དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས།
འདུས་བྱས་ཐམས་ཅད་སླུ་བའི་ཆོས། །འདིས་ནི་འདུ་བྱེད་ཀྱི་ཆོས་ནི་སླུ་བའི་ཆོས་ཉིད་ཡིན་པར་བསྟན་ཏོ། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། དེ་ནི་མཇུག་བསྡུ་བའི་ཚིག་ཡིན་ན། འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་ནང་གི་དངོས་པོ་རྣམས་ནི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཏེ། སླུ་བའི་ཆོས་ཡིན་པའི་ཕྱིར། དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ། །
མདོ་ལས།
དགེ་སློང་དག་འདུས་བྱས་སླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་བརྫུན་པ་ཡིན་ལ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་བདེན་པ་དམ་པའོ་ཞེས་བྱ་བ་དང་། དེ་བཞིན་དུ་འདི་ནི་སླུ་བར་བྱེད་པའི་ཆོས་ཅན་ནོ། །འདི་ནི་འཇིག་པའི་ཆོས་ཅན་ནོ་ཞེས་གསུངས་སོ། །
དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་ལས།
འདུ་བྱེད་ཐམས་ཅད་ཀྱང་སླུ་བའི་ཆོས་ཅན་ཡིན་པས་དེའི་ཕྱིར། འདུ་བྱེད་དེ་དག་སླུ་བའི་ཆོས་ཅན་ཡིན་པས་བརྫུན་པར་འགྱུར་རོ། །དེ་ལ་སླུ་བའི་ཆོས་ཅན་ནི་འདྲིད་པར་བྱེད་ཅིང་ཕྱིན་ཅི་ལོག་ཏུ་སྣང་བ་སྟེ། མགལ་མེའི་འཁོར་ལོ་བཞིན་ནོ། །དེའི་རང་བཞིན་མ་ཡིན་པ་ཉིད་ཀྱིས་ན་འདུ་བྱེད་ཐམས་ཅད་བརྫུན་པ་སྟེ། སླུ་བའི་ཆོས་ཅན་ཡིན་པའི་ཕྱིར། སྨིག་རྒྱུའི་ཆུ་བཞིན་ནོ། །
ཟླ་བའི་བཞི་འགྲེལ་ལས།
ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་མིག་ནི་བདག་དང་བདག་གི་བ་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། རྣམ་པར་འགྱུར་བའི་ཆོས་ཅན་མ་ཡིན་པས་སྟོང་པ་སྟེ་ཞེས་བྱ་བ་དང་། དེ་བཞིན་དུ་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མིག་ནི་མིག་གིས་སྟོང་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྟོན་པས་གང་འདུས་བྱས་ཡིན་པ་དེ་ནི་བརྫུན་པ་སླུ་བའི་ཆོས་ཅན་ནོ་ཞེས་གསུངས་སོ། །
འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།
འདུས་བྱས་སླུ་བའི་ཆོས་ལ་སུ་ཡིད་རྟོན། །
ཕ་དང་མ་དང་སྡུག་དང་མིང་པོ་དང་། །
བུ་དང་རྩ་ལག་གཉེན་ཚོགས་འགྲོ་བ་ཀུན། །
འདུས་བྱས་ཐམས་ཅད་མེ་ལོང་གཟུགས་བརྙན་འདྲ། །
འདི་འདྲའི་མི་སྡུག་གང་ལ་སུ་ཡིད་རྟོན། །
༦༽ཆོས་དེའི་མིང་གདགས་གཞི་དང་ཆོས་དེའི་གདགས་གཞི་དོན་གཅིག་ཡིན་པའི་ལུང་།
ཁ་དོག་དཀར་དམར་ལྗང་དང་སྔོ་དང་སེར། །ཕྱོགས་མཚམས་སྟེང་འོག་ཀུན་གྱི་མིང་། །རིན་ཆེན་ལྔ་དང་འབྱུང་ཆེན་ལྔ་རུ་བཏགས། །མིང་གི་གདགས་གཞི་ཡུལ་ཉིད་ལམ་དུ་འཁྲུལ་པར་བསྟན་པའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། བསྡུས་ན་རྣམ་པ་གསུམ་དུ་འདུས། །སྐུ་དང་ཡེ་ཤེས་གཉིས་སུ་མེད་པ་སྟེ། །དངོས་པོའི་དུས་ནས་འཁྲུལ་པའི་འདྲ་གཞི་ཡིན་པར་ངེས། །མིང་དུ་འདོགས་པའི་དུས་ན་འཁྲུལ་པའི་ལམ་ཉིད་ཡིན་པར་ངེས། །བཏགས་པ་སྨིན་པའི་དུས་ན་འཁྲུལ་པའི་འབྲས་བུ་ཡིན་པར་ངེས། །ཞེས་གསུངས་སོ། །
༧༽ས་སྐྱ་པས་ཐ་སྙད་དུ་ཚད་མ་ཁས་ལེན་པའི་ལུང་།
གཉིས་པ་ལ་གཞི་དང་། ལམ་དང་། འབྲས་བུའི་ཁྱད་པར་གསུམ་ལས།དང་པོ་ལ་ཐ་སྙད་དུ་གཞན་སྐྱེ་ཁས་མི་ལེན་པ་དང་། ཁས་ལེན་པ་དང་། འདུས་བྱས་དང་མི་བསླུ་བའི་གཞི་མཐུན་ཁས་མི་ལེན་པ་དང་། ཁས་ལེན་པ་དང་། ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པར་མི་འདོད་པ་དང་། འདོད་པ་དང་།ཚད་མ་ལ་མངོན་རྗེས་གཉིས་དང་། དེའི་སྟེང་དུ་དཔེ་ཉེར་འཇལ་དང་། ལུང་ཚད་མ་སྟེ་བཞིར་གྲངས་ངེས་པ་དང་། མངོན་རྗེས་གཉིས་སུ་གྲངས་ངེས་པར་འདོད་པའི་ཁྱད་པར་དང་། ཡང་ལོག་གི་ཁྱད་པར་ཡུལ་ཡུལ་ཅན་གཉིས་ཀ་ལ་འབྱེད་པ་དང་། ཡུལ་ཅན་ལ་མི་འབྱེད་པའི་ཁྱད་པར་རྣམས་སོ། །གཉིས་པ་ནི་ལམ་གྱི་སྐབས་སུ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་འདོད་པ་དང་། མ་རྟོགས་པར་འདོད་པའི་ཁྱད་པར་དང་། འཕགས་པའི་མཉམ་བཞག་སྣང་མེད་དང་། སྣང་བཅས་སུ་འདོད་པའི་ཁྱད་པར་གཉིས་སོ། །གསུམ་པ་ནི་སངས་རྒྱས་ཀྱི་སར་མཉམ་རྗེས་ཐ་དད་མེད་པར་འདོད་པ་དང་། ཡོད་པར་འདོད་པ་རྣམས་ཏེ་ཟུང་དུ་སྦྱར་བ་དེ་དག་གི་དང་པོ་རྣམས་ནི་ཐལ་འགྱུར་བའི་དང་། ཕྱི་མ་རྣམས་ནི་རང་རྒྱུད་པའི་ཡིན་ནོ། །
ངེས་དོན་བཀའ་བསྟན་ངེས་དོན་ཁས་ལེན་བཞིན།།
གདོངས་གཞི་དགོས་པ་སྣ་ཚོགས་ཚུལ་གྱིས་ནི།།
རྒྱ་གར་མཁས་པ་དག་ལས་ཆེ་འགྲེལ་བ།།
ཚངས་པའི་རྣམ་ཐར་རྗེས་འཛིན་མ་བྱེད་ཨང་།