མགུ་བསྟན་དགག་ལན་ཡེ་ཤེས་མེ་དཔུང་། ངག་གི་དབང་ཕྱུག་ནས།
ངག་གི་དབང་ཕྱུག་ལ་དགག་ལན་གོ་བོའི་གཤོག་རླབས་ཞེས་བྱ་བ་བཞུགས་སོ།།
རིགས་སྨྲ་བ། མགུ་ཐོག་བསྟན་པ།
གསུང་རབ་འདབ་བརྒྱ་བཞད་པའི་གནྡྷོ་ལར།།
རྗེ་བཙུན་གོང་མའི་རིང་ལུགས་ནོར་བུས་གཏམས།།
རྒོལ་ངན་འཇོམས་པའི་ལུང་རིཊ་རྒྱལ་མཚན་འཛིན།།
མཁས་པའི་དབང་པོ་ཀུན་མཁྱེན་བླ་མར་དད།།
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གོ་རམས་པའི།།
མཁྱེན་རབ་ཕར་མཐའ་འཆི་མེད་ལམ་གྱིས་ཀྱང་།།
གཞལ་ནུས་མིན་ན་དེང་དུ་ཐོས་བསམ་པའི།།
བྱིས་བློའི་སྤྱོད་ཡུལ་ཤོང་བར་རློམ་པར་མཚར།།
ཞེས་མཆོད་པར་བརྗོད་ཅིང་སྐབས་དོན་གླེང་བར་བྱའོ།།
༡ ངག་གི་དབང་ཕྱུག་ན་རེ། དེ་ཡང་མགུ་ཐོག་བསྟན་པ་ན་རེ། གཟུགས་མེད་ཁམས་པའི་ཉན་ཐོས་དགྲ་བཅོམ་པ་དེ་ཆོས་ཅན། ཁྱེད་ལ་འདོད་ཁམས་པའི་སྒྲ་བཤད་ཚང་བར་ཐལ། ཁྱེད་ཀྱིས་མཐོང་ལམ་ཐོབ་སྐབས་ཀྱི་འདོད་པར་བཞུགས་དུས་འདོད་ཁམས་པའི་སྒྲ་བཤད་ལེགས་པར་ཚང་བའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་ཀུན་མཁྱེན་ལ་འཕངས་པ་ནི། ཁྱབ་པ་མེད་ཀྱིས་ལན་ཐེབས། ཟེར་རོ།།
དེ་ལ་ངག་གི་དབང་ཕྱུག་ནས་སླར་རིགས་ལམ་འཕེན་ཨ། དེ་ལ་ཁྱབ་པ་མེད་ལན་ཐེབས་ན། གོ་རམས་པས་གཟུགས་མེད་ཉན་ཐོས་དགྲ་བཅོམ་ལ་ཉན་ཐོས་ཀྱི་སྒྲ་བཤད་མེད་ཟེར་བ་མི་འཐད་པའི་སྒྲུབ་བྱེད་དུ། དེར་ཐལ། སྔར་འདོད་པར་སྐྱེས་དུས་མཐོང་ལམ་ཐོབ་སྐབས་སུ་སྒྲ་བཤད་ཡོད་པའི་ཕྱིར། ཟེར་བ་དེ་ཡང་མི་འཐད་པར་ཐལ། དེ་ལའང་ཁྱབ་མེད་ཀྱི་ལན་ཐེབས་པའི་ཕྱིར། རྟགས་ཁྱབ་འཁོར་གསུམ་དངོས་འགལ་ལོ།། ཞེས་ཟེར་རོ།།
གོ་ཕྲུག་མགུ་བསྟན་ཆོས་ཅན། ཁྱོད་ལ་དུད་འགྲོའི་སྒྲ་བཤད་ཚང་བར་ཐལ། ཚེ་སྔ་མར་དུད་འགྲོར་སྐྱེས་ནས་རི་མགོ་ནས་རྩྭ་ཟ་བའི་སྐབས་སུ་མགོ་བོ་དུད་དེ་འགྲོ་བའི་སྒྲ་བཤད་ཚང་བའི་ཕྱིར།རྟགས་ཁྱབ་ཁས་ཤིང་འཁོར་གསུམ་དངོས་འགལ་ལོ།།
དེས་ན་གོ་རམས་དང་གོ་ཕྲུག་ཁྱེད་ཀྱི་རིགས་ལམ་ནི་གད་མོའི་གནས་སུ་མཐོང་སྟེ། རང་གིས་གཞན་ལ་ཐལ་བ་འཕེན་དུས་ཚེ་སྔ་མར་སྒྲ་བཤད་ཡོད་ན་ཚེ་འདི་ལ་སྒྲ་བཤད་ཡོད་པའི་རྒྱུ་མཚན་དུ་འདྲེན་ཆོག་ཅིང་། གཞན་གྱིས་རང་ལ་མགོ་མཚུངས་འཕངས་དུས་ཁྱབ་མེད་ཀྱི་ལན་གདབ་ཆོག་པའི་ཕྱིར། ཧ་ཧ་ཧ། འདི་འདྲའི་རིགས་ལམ་ངོ་ཚ་མེད་པར་སྨྲ་བ་ནི་རིགས་ལམ་པའི་གྲལ་ལ་འགྲོ་དབང་མེད་དོ།། ཧོ་ཧོ།
༢ མགུ་ཐོག་བསྟན་པའི་ལན། རྣ་བ་ཆེན་པོ་དེ་གཏད་ལ་ཡག་པོ་ཉོན་ཅིག། ཀུན་མཁྱེན་གོ་བོས། དམ་བཅའ་དེའི་སྒྲུབ་བྱེད་སེ་ར་རྗེ་བཙུན་ཁྱེད་གཉིས་ཀྱིས་རང་འདོད་ཀྱིས་བཤད་པ་ལྟར་བཀོད་སྲིད་ན་ནི་གོང་གི་དེར་མགོ་མཚུངས་པ་བདེན་མོད། དོན་དུ་ཁྱེད་གཉིས་ཀྱིས་རང་དང་རང་ཕྱོགས་ཀྱི་དགེ་ཕྲུག་ཚོར་གནས་སྐབས་དགའ་བར་བྱེད་པའི་བཤད་པ་དེ་འདྲ་ག་ན་ཡིན་ཏེ། ཀུན་མཁྱེན་བླ་མས། དེར་ཐལ། ཁྱེད་རང་དང་རྒྱུད་གཅིག་པའི་མཐོང་ལམ་ཐོབ་སྐབས་སུ་ཐོས་སྒྲོགས་ལེགས་པར་བྱས་པའི་ཉན་ཐོས་ཡིན་པའི་ཕྱིར། ཞེས་པ་འདི་མ་གོ་ནས་རིགས་ལོག་རྐྱང་རྐྱང་འཕངས་ནས་མི་ཚེ་ཆོད་ཐབས་ལ་འབད་པ་ནི་སྐྱོར་བ་ལ་ཨང་།
༡ ངག་གི་དབང་ཕྱུག་ན་རེ། ཡང་མགུ་ཐོག་བསྟན་པ་ན་རེ། གཟུགས་མེད་ཉན་ཐོས་དགྲ་བཅོམ་པ་སྔར་དངོས་སུ་ཐོས་པར་བྱེད་པའི་རྟེན་མཐོང་ལམ་གྱི་སྐབས་སུ། ཁམས་གསུམ་ལས་འདས་པའི་ཟག་མེད་ཀྱི་གཤིས་ཀ་དེ་ཕྱིས་གཟུགས་མེད་རྟེན་ཅན་དགྲ་བཅོམ་གྱི་སྐབས་སུ་ཡང་། ཁམས་གསུམ་ལས་འདས་པའི་ཟག་མེད་ཀྱི་གཤིས་ཀ་ལས་འགྱུར་བ་མེད་པའི་ཉན་ཐོས་ཀྱི་ཟག་མེད་ཅིག་ཏུ་གནས་པས་ཉན་ཐོས་ཀྱི་སྒྲ་བཤད་ཡོད་ཆོག་པ་སྟེ། དཔེར་ན། མིའི་གཤིས་རྒྱུད་ལ་འགྱུར་བ་གཏན་ནས་མ་སོང་ན་ལུས་རྟེན་ཇི་ཙམ་རྗེས་ཀྱང་མིའི་སྒྲ་བཤད་ཡོད་ཆོག་པ་དང། དུད་འགྲོ་ལའང་དེ་འདྲ་ཡིན་པ་བཞིན་ནོ།། ཨོ་ཧོ་ཇོ་ད་ཡང་རིགས་ལོག་འཕངས་ཚར་འདུག། ཉོན་ཨ།
དེ་ལ་ངག་གི་དབང་ཕྱུག་ནས་རིགས་ལམ་འཕེན་པ་ནི། འོ་ན་དེང་སང་གི་དྲྭ་འབུ་བཀྲ་རྡོར་ཆོས་ཅན། དུད་འགྲོའི་སྒྲ་བཤད་ཚང་བར་ཐལ། སྔར་འདོད་ཁམས་སུ་གཏི་མུག་གིས་མནར་ནས་ཟག་བཅས་ཀྱི་གཤིས་ཀ་དེ། ཕྱིས་འདོད་ཁམས་བཀྲ་རྡོར་ལ་སྐྱེས་ཀྱང་ད་དུང་གཤིས་ཀ་ལས་འགྱུར་བ་མེད་པར་ཟག་བཅས་ཅིག་ཏུ་གནས་ནས་མགོ་བོ་དུད་དེ་འགྲོ་བའི་ཕྱིར། རྟགས་ཁྱབ་ཁས། འདོད་ན་ཁྱོད་ལའང་དུད་འགྲོའི་སྒྲ་བཤད་ཚང་བའི་ཐལ་བ་གཉིས་པ་དང་དུ་ལོངས་ལ། མི་ལ་དུད་འགྲོའི་སྒྲ་བཤད་དང་དུད་འགྲོ་ལ་མི་ཡི་སྒྲ་བཤད་ཚང་ཞེས་ལོབས་ཤིག། ཅེས་ཟེར་རོ།།
༢ མགུ་ཐོག་བསྟན་པའི་ལན། ཧེ་ཧེ། འུར་མ་ལངས་ཨ། སྤྱན་མིག་ཕྱེས་ལ་ཁྱོད་ཀྱིས་འཕངས་པའི་ཐལ་འགྱུར་ལ་ཞིབ་གཟིགས་གྱིས་དང་། འདིར་གཏན་ཚིགས་མ་གྲུབ་ཅེས་ལན་ཐེབས་པས། ད་དུང་རྟགས་ཁས་ཟེར་ནས་ཧམ་བཤད་བྱེད་པ་ནི། དགེ་བཤེས་ཀླད་པར་ཚ་བའི་ནད་ཅུང་ཕོགས་སོང་ཡིན་ནམ། འུར་ལངས་ཆེ་སོང་བས་ཡིན་ཅི་ཆ་སྟེ། ད་ཕྱིན་ཆད་འདི་འདྲའི་རིགས་ལ་གཟོབ་ཤོག་ཨ།
༡ ངག་གི་དབང་ཕྱུག་ན་རེ། དེས་ན་གཟུགས་མེད་རྟེན་ཅན་གྱི་ཉན་ཐོས་དགྲ་བཅོམ་པ་ལ་ཉན་ཐོས་ཀྱི་སྒྲ་བཤད་ཡོད་པའི་དཔེར། ཟག་མེད་རིགས་མཚུངས་ཀྱི་སྒྲ་བཤད་ཀྱིས་སྒྲུབ་པ་ནི་ཞྭ་དཔེ་ལྷམ་ལ་བཀབ་པ་ཡིན་ཏེ། གཟུགས་མེད་དགྲ་བཅོམ་རྒྱུད་ལ་ཟག་མེད་ཀྱི་མཁྱེན་པ་ཡོད་ལ་ཟག་མེད་ཀྱི་སྒྲ་བཤད་ལོས་ཡོད་དེ། སྒྲ་བཤད་དེ་ཆོས་ཅན་ཁོ་རང་ལ་ད་ལྟར་ཚང་བཞིན་དུ་འདོད་ཁམས་ཀྱི་མཐོང་ལམ་ཟག་མེད་ལ་རེ་བ་ནི་རྒྱ་མཚོའི་ནང་ལ་སྡོད་ནས་འཐུང་ཆུ་མ་རྙེད་པར་སྐམ་སར་རྒྱུགས་པ་བཞིན་ནོ།།
དེ་ཡང་སྐབས་འདིར་དཔེ་ཧ་ཅང་འཚམས་པ་ནི། གོ་རམས་པས་གཟུགས་མེད་དགྲ་བཅོམ་ལ་ཉན་ཐོས་ཀྱི་སྒྲ་བཤད་ཡོད་ཟེར་བ་ནི་འཐུང་མི་ལོ་བའི་རྒྱ་མཚོའི་ཚྭ་ཆུ་དང་མཚུངས་པའི་དམ་བཅའ་ལོག་པ་ནང་ལ་འཛུལ་ཡོད་པ་ཡིན་ལ།དེས་ན་སྒྲ་བཤད་ཡོད་ས་ཚེ་སྔ་མའི་འདོད་ཁམས་པའི་མཐོང་ལམ་སྐབས་ལ་རྒྱུགས་པ་ནི་རང་གི་དམ་བཅའ་ཡུལ་རྒྱ་མཚོ་ནང་ནས་སྐམ་སའི་ཆུ་ལ་རེ་བ་བཞིན་ནོ།།
༢ མགུ་ཐོག་བསྟན་པའི་ལན། འདིའང་རྩོམ་ཐུང་འདིའི་དོན་གོ་བ་མ་ལོན་པའམ་བྲེལ་ཚུབ་ལངས་སོང་པའི་སྐྱོན་ཏེ། ཉན་ཐོས་ཀྱི་ཟག་མེད་ཐུགས་རྒྱུད་གཅིག་པའི་གང་ཟག་སྔ་མའི་རྟེན་ལ་ཉན་ཐོས་ཀྱི་སྒྲ་བཤད་ཡོད་ན། ཕྱི་མའི་རྟེན་ལ་ཉན་ཐོས་ཀྱི་སྒྲ་བཤད་ཡོད་པས་ཁྱབ་པ་ཀུན་མཁྱེན་བླ་མའི་དགོངས་པར་གསལ་བཤད་བྱས་ཙམ་ལས། གཟུགས་མེད་ཉན་ཐོས་དགྲ་བཅོམ་པ་ལ་ཟག་མེད་ཀྱི་སྒྲ་བཤད་ཡོད་པའི་རྒྱུ་མཚན་སྔར་འདོད་བསྟན་མཐོང་ལམ་གྱི་སྐབས་སུ་ཟག་མེད་ཀྱི་སྒྲ་བཤད་ཡོད་པ་དཔེར་བྱས་ཏེ། གཟུགས་མེད་ཉན་ཐོས་ལ་སྒྲ་བཤད་ཡོད་གང་ནས་སྒྲུབ་འདུག་གམ། དང་པོ་ཕྱོགས་སྔའི་རྩོམ་ཡིག་གོ་བ་ཡག་པོར་ལོན་པར་གྱིས་ལ་སྨོས་དང་མཛེས་སོ། །
ཐོག་མར་ཀུན་མཁྱེན་ལ་དགག་པ་བྱེད་རྒྱུ་ཕར་བཞག་ནས་དགོངས་དོན་ཡག་པོར་ལོན་པར་གྱིས་ལ་ཐལ་བ་འཕོངས་མ་གཏོགས། ལོག་བཤད་དང་ཧམ་བཤད་འབའ་ཞིག་བྱས་བསྡད་ན་གཞོན་ནུ་བཅུ་བདུན་སྡེས་ཉེ་དགའ་གནས་དབྱུང་གཏོང་བའི་ལོ་རྒྱུས་བཞིན་དུ་གཟུར་གནས་མཁྱེན་དཔྱོད་གཉིས་ལྡན་ཀྱི་རིགས་ལམ་པ་རྣམས་ཀྱིས་གྲྭ་ས་ནས་འཕུད་ཉེན་འདུག་གོ །
ཀུན་མཁྱེན་བླ་མས་རིགས་གཞུང་ཚད་ལྡན་དང་། །
འགལ་བར་བསྟན་ན་ཁོ་བོས་འཇུག་ལྡོག་བྱེད། །
དེ་ལྟར་མིན་པར་ཅལ་ཅལ་མགྲིན་བསྒྲིགས་ནས། །
ཅོལ་ཅོལ་སྒྲོགས་ལ་བ་སྤུ་གཡོ་རེ་སྐན། །
ཞེས་སྨྲས་པའང་དྲན་ནོ།།
༡ ངག་གི་དབང་ཕྱུག་ན་རེ། མགུ་ཐོག་བསྟན་པ་ན་རེ། རྩ་ཁྱབ་ཡོད་དེ། དཔེར་ན། འགོག་པ་ལ་མཉམ་པར་འཇོག་བཞིན་པའི་ཉན་ཐོས་དགྲ་བཅོམ་པ་ལ་སྒྲ་བཤད་ཡོད་པ་བཞིན་ནོ།། རྟགས་ཁྱབ་ཚད་མས་གྲུབ་ཅིང་། འདོད་མི་ནུས་པས། འཁོར་གསུམ་ཨེ་སོང་དཔྱོད་ཅིག ཟེར་རོ།། ཧ་ཧ་ཧ། ཧམ་པ་ལ། ཉོན་ཅིག། དཔེ་འདི་ཡང་སྒྲུབ་བྱེད་མེད་པའི་དམ་བཅའ་གཅེར་རྒྱུག་སྟེ། འགོག་པ་ལ་སྙོམས་པར་འཇོག་བཞིན་པའི་ཉན་ཐོས་ལ་ཉན་ཐོས་ཀྱི་སྒྲ་བཤད་ཡོད་ཟེར་བ་ནི། གྲུབ་མཐའ་ངན་པས་བཅིངས་ནས་ད་དུང་སྒྲ་བཤད་གང་ལ་རྩི་ཡང་ཤེས་མི་འདུག་སྟེ། འགོག་པ་ལ་སྙོམས་པར་འཇོག་བཞིན་པའི་ཉན་ཐོས་ཆོས་ཅན། ཁྱོད་ལ་ཉན་ཐོས་ཀྱི་སྒྲ་བཤད་མེད་དེ། ཁྱོད་ཀྱིས་ཡང་དག་པའི་གདམ་ངག་གཞན་ལ་ཐོས་པར་བྱེད་མི་ནུས་པའི་ཕྱིར། རྟགས་མ་གྲུབ་ན་མངོན་སུམ་ལ་བསྙོན་འདིར་ཞིང་། ཁྱབ་པ་མ་གྲུབ་ན། སྒྲ་བཤད་ཀྱི་བརྡ་ཆད་ལ་ད་དུང་སྦྱོངས་ཤིག། དེས་ན་གནས་འདི་ནི་བརྡ་སྤྲོད་རིག་པའི་འགྲོ་ལུགས་ཟུར་ཙམ་ཡོད་མཁན་ཚོས་ཤེས་ནུས་ཀྱང་། མགུ་ཐོག་བསྟན་པ་ནི་གོ་རམས་པའི་རིགས་ལོག་ལ་གོམས་ནས་རྒྱང་འཕེན་པས་རྗེས་དཔག་རྒྱུད་ལ་ལྡན་བཞིན་ཁས་མི་ལེན་པ་དང་མཚུངས་སོ།། གཉིད་བཞིན་པའི་གང་ཟག་དེ་ལ་གཉིད་སད་ཀྱི་སྒྲ་བཤད་ཚང་བ་ནི། དེ་གཉིད་སད་པའི་དུས་ལ་ཚང་བ་རེད་པ། ཟེར་ན། རྟགས་བསལ་སྦྱངས་མ་མྱོང་བའི་རིག་གནས་པ་རྣམས་ཀྱང་གད་མོའི་གནས་ལ་བཀོད་པའོ།། ཧ་ཧ་ཧ། ཞེས་ཟེར་རོ།།
༢ མགུ་ཐོག་བསྟན་པའི་ལན། ད་ཐེངས་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པའི་རིགས་པ་རྣལ་མ་ཞིག་བེད་སྤྱད་དེ་གོ་བརྡ་ཞིག་སྤྲད། ཡག་པོ་ཉན་ཨ། གཉིད་ལོག་བཞིན་པའི་ཉིན་མོར་དུད་འགྲོ་གསོད་མཁན་གྱི་མི་དེར་ཤན་པ་དང་སྲོག་གཅོད་མཁན་ཟེར་བའི་སྒྲ་བཤད་ཡོད་དམ་མེད། ཡོད་ན། ཁྱེད་རྗེས་འབྲང་དང་བཅས་པའི་དམ་བཅའ་ཤོར། མེད་ན། འཇིག་རྟེན་གྲགས་པ་དང་འགལ་ཏེ། དཔེར་ན་གཉིད་ལོག་བཞིན་པའི་མི་དེར་མཛུབ་མོ་བཙུགས་ནས་འདི་མི་ངན་རེད། སྔོན་ཟླ་བ་དགུ་པའི་ནང་བཤས་ར་ནས་དུད་འགྲོ་ཚང་མ་འདིས་བསད་པས་ན། སྲོག་གཅོད་མཁན་ཟེར་ནས་སྒྲ་བཤད་པ་མེད་དམ། ཧ་ཧ་ཧ་་་ ད་གོ་བ་ལོན་ས་ཨེ་གྲགས།
གཞན་ཡང་ཉོན་ཅིག། ད་ལྟ་རྒྱུ་ཆེན་དང་དཔོན་ཆེན་ཅི་འདྲ་ཡིན་ཡང་སྔོན་དབུལ་པོའི་སྐབས་སུ་འཕྱི་བ་བསད་མྱོང་བའི་རྒྱུ་མཚན་གྱིས་མི་དེར་འཕྱི་མཁན་གྱི་སྒྲ་བཤད་པ་ཡོད་དམ་མེད། དང་པོ་ལྟར་ན། དེ་ཆོས་ཅན། འཕྱི་བ་གསོད་བཞིན་པ་ཡིན་པར་ཐལ། འཕྱི་མཁན་གྱི་སྒྲ་བཤད་ཡོད་པའི་ཕྱིར། རྟགས་ཁྱབ་ཁས། འཁོར་གསུམ། ཧེ་ཧེ་ཧེ།
གཉིས་པ་ལྟར་ན། དེ་ཆོས་ཅན། ཁྱོད་ལ་འཕྱི་མཁན་གྱི་སྒྲ་བཤད་ཡོད་པར་ཐལ། ཁྱོད་ལ་དམིགས་ནས་འཇིག་རྟེན་པ་རྣམས་ཀྱིས་སྔར་དབུལ་པོའི་སྐབས་སུ་འཕྱི་བ་བསད་མྱོང་བས་ན་འཕྱི་མཁན་ཞེས་ཡང་ཡང་སྒྲ་བཤད་པ་མཐོང་བའི་ཕྱིར། ཁྱབ་པ་ཁས། རྟགས་མྱོང་བས་གྲུབ། འདོད་ན། ཙོང་ཁ་པ་རྗེས་འབྲང་དང་བཅས་པས་མི་དགོས་བཞིན་དོགས་པ་མེད་ས་ནས་དོགས་གཞི་རེ་བསླངས་ནས་དེ་གཅོད་པར་རློམས་པའི་དམ་བཅའ་ཉམས་སོ།།
སློབ་དཔོན་ཟླ་བས། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཅེས་ཟེར་ས་ནི་ཁྱེད་རྗེས་འབྲང་དང་བཅས་པ་མིན་ནམ་སྙམ་མོ།།
ལེགས་པར་དཔྱོད་དང་ཟླ་བའི་རྗེས་འབྲང་གཟུར་གནས་ཤིག་ཡིན་ཕྱིན་རིགས་ལམ་འདིས་དགའ་བ་མི་སྐྱེ་རང་དབང་ཞིག་ཡོད་དམ། གོ་བོའི་གཤོག་པ་ལ་རྒོད་ཀྱི་གཤོག་རྩལ་ཡོད་དོ།། ཞེས་གསུངས་པའང་ཅིས་མི་བདེན།
ཐོས་བརྩོན་འདབ་ཆགས་ཅི་དགར་རོལ་བའི་གནས།།
སློབ་དཔོན་ཟླ་བའི་གསུང་གི་རྫིང་བུ་ལ།།
རྙོག་མའི་རྡུལ་གྱི་དྲི་མ་སེལ་བ་ཡི།།
བཀའ་དྲིན་དྲན་ནས་དད་པའི་ཐལ་མོར་སྦྱར།།
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་བཅད་དོ།།
༡ ངག་གི་དབང་ཕྱུག་ན་རེ། མགུ་ཐོག་བསྟན་པ་ན་རེ། ཞེ་འདོད་མ་ལོན་པའམ། ཤེས་བཞིན་དུ་གསེར་ལས་དཀོན་པའི་དུས་ཚོད་ཆུད་ཟོན་ནམ་ཉི་མ་ཆོད་ཐབས་ཙམ་དུ་བྲིས་པར་ཟད་དོ། ། ཟེར་རོ།། དེ་ནི་གོ་རམས་རྗེས་འབྲངས་དང་བཅས་པ་ལ་ཕར་ཟེར་འོས་ཏེ། གཟུགས་མེད་དགྲ་བཅོམ་ལ་ཉན་ཐོས་ཀྱི་སྒྲ་བཤད་མེད་པ་ནི། རིགས་ལམ་པ་ལྟར་ཞོག་ཐ་སྙད་རིག་གནས་པ་ལ་དྲིས་ཀྱང་ཤེས་ནུས་ལ། དེས་ན་ཚེ་སྔ་མའི་སྒྲ་བཤད་ཚེ་ཕྱི་མ་ལ་འཐེན་པ་ཨེ་ཐུབ་ལྟ་བའི་དོན་མེད་བྲིས་པ་འདི་ཚོ་དུས་ཚོད་ཆུ་ཟོས་ཡིན་པ་ཐ་སྙད་རིག་གནས་པས་ཀྱང་ཤེས་ནུས་ཏེ། གལ་ཏེ་ཡིད་མ་ཆེས་ན་རིགས་ལམ་སྦྱངས་མ་མྱོང་པའི་ས་སྐྱ་པ་སྒྲ་བཤད་འཇུག་གི་བརྡ་ཆད་ཤེས་པའི་གཟུ་བོར་གནས་པའི་རིག་གནས་པ་ལ་དྲིས་ཤིག་དང་མགུ་ཐོག་ནོར་སོང་འདུག་ཟེར་བ་ཐེ་ཚོམ་མེད་དོ།། ཞེས་ཟེར་རོ།།
༢ མགུ་ཐོག་བསྟན་པའི་ལན། ཡང་ཉོན་ཨ། སྒྲ་བཤད་འགའ་རེ་སྐབས་དེར་ཡོད་ན། ཐམས་ཅད་སྐབས་དེར་ཡོད་དགོས་པ་དང་། འགའ་རེ་སྐབས་དེར་མེད་ན། ཐམས་ཅད་སྐབས་དེར་མེད་དགོས་པར་རློམ་པ་ནི། རྟོག་གེ་མཚན་ཉིད་པ་རིགས་འགྲེས་ཕུང་ཟེར་བ་འདིའང་ཅིས་མི་བདེན་ཨང་། སྔོན་མའི་སྒྲ་བཤད་ཀྱིས་ཕྱིས་ཀྱི་སྐབས་སུ་བཤད་པར་ནུས་མི་ནུས་གཉིས་སུ་ཡོད་པ་གོ་དགོས་པ་གོང་ནས་བཤད་ཟིན་པ་ལས་གཞན་མི་དགོས་སོ།།
༡ ངག་གི་དབང་ཕྱུག་ན་རེ། མགུ་ཐོག་བསྟན་པ་ན་རེ། ཙོང་ཁ་པ་རྗེས་འབྲང་དང་བཅས་པ་ཁྱེད་ཅག་ལྟར་ན་ཉན་ཐོས་ཀྱི་སྒྲ་བཤད་ཡོད་ན་སྐབས་དེར་ཡོད་དགོས་སམ་མི་དགོས། ཟེར་རོ།། ཧ་ཧ་ཧ། ད་ཚར་འདུག། ཆོས་ཅན་དེ་ལ་ཉན་ཐོས་ཀྱི་སྒྲ་བཤད་ཡོད་ན་སྐབས་དེར་ཡོད་ལོས་དགོས། གཞན་དུ་ན་ཆོས་ཅན་གནས་སྐབས་དེ་ལ་སྒྲ་བཤད་རྒྱུ་བཞག་ནས་སྐབས་གཞན་འཐེན་ན་ཁྱབ་ལོག་དང་རིགས་ལོག་གྲངས་མེད་བརྡོལ་བ་གོ་ལོག་དང་གོ་ཕྲུག་བཞིན་ནོ།། ཡང་མགུ་ཐོག་བསྟན་པ་ན་རེ། འགྲོ་འཆགས་ཉལ་འདུག་ཙམ་ལས་ཉན་པ་དང་ཐོས་པ་མི་བྱེད་པའི་སྐབས་ཀྱི་ཉན་ཐོས་དགྲ་བཅོམ་ཆོས་ཅན། ཁྱོད་ལའང་ཉན་ཐོས་ཀྱི་སྒྲ་བཤད་མེད་པར་ཐལ།འགྲོ་ཆགས་ཉལ་བ་ཙམ་གྱི་སྐབས་དེར་མེད་པའི་ཕྱིར། རྟགས་ཚད་མ། ཁྱབ་པ་ཁས། ཟེར་རོ།།ཤིན་ཏུ་འདོད་པ་ཡིན་ཏེ། ཉན་པ་དང་ཐོས་པར་མི་བྱེད་པའི་སྐབས་ཀྱི་ཆོས་ཅན་དེའི་ཕྱིར།
༢ མགུ་ཐོག་བསྟན་པའི་ལན། འདིའི་དངོས་ལན་ཁ་སང་དགག་རྩོམ་ཕྱི་མའི་ནང་ལ་རྒྱས་པ་བྲིས་ཟིན་ལ། འདིར་ཡང་ཅུང་ཟད་བཤད་ཟིན་པས། ཡང་བཤད་ཀྱི་ངལ་བ་ལ་དགོས་པ་མེད་དོ། །
སླར་སྨྲས་པ།
རྣམ་དཔྱོད་རྟ་བདུན་འགྲོས་ཀྱིས་དྲངས་པ་ཡི།།
སྔོན་མེད་དགག་སྒྲུབ་ལེགས་བཤད་སྣང་བྱེད་ཀྱིས།།
ཕྱོགས་འཛིན་འཁྲུལ་བའི་མུན་པ་བརྩད་ནས་བཅོམ།།
འགྲོ་ཀུན་ཉིན་མོར་བྱས་པས་ཤིས་གྱུར་ཅིག།
ཅེས་ཝ་ར་ལྔ་རིག་སློབ་གླིང་གི་རིགས་སྨྲ་བ་མགུ་ཐོག་བསྟན་པས། ༢༠༣༤/༡༡/༢༩་ཉིན་གྱི་ཕྱི་དྲོ་ཆུ་ཚོད་གཉིས་པའི་ཐོག་མཛུབ་མོ་འགུལ་ཐེངས་གཅིག་གིས་ངག་གི་དབང་ཕྱུག་ལ་དགག་ལན་འཕྲལ་མར་བྲིས་ཏེ་སྤྲིངས་སོ།།
(གསལ་བཤད། འདིའི་སྐོར་ནས་ཁ་སང་གི་དགག་རྩོམ་ཕྱི་མའི་ནང་དུ་ཅུང་ཟད་བྲིས་ཟིན་པས་འདིར་བསྡུས་ཙམ་ལས་རྒྱས་འབྲིའི་ངལ་བ་མ་བྱས་སོ།།)