རྫོང་སར་མཁན་ཆེན་པདྨ་དམ་ཆོས་ལ་བསྔགས་པའི་མེ་ཏོག་དྲང་པོར་འཐོར་བ།
མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།
བླ་མ་ལ་ཕྱག་འཚལ་ལོ།།
སྐུ་ཚེ་འདི་ལ་ཟུང་འཇུག་གི།།
གོ་འཕང་མངོན་དུ་མཛད་པ་ཡི།།
དཔལ་མགོན་བླ་མ་དམ་པ་ལ།།
སྒོ་གསུམ་དང་བས་ཕྱག་བགྱིའོ།།
ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ལས།།
སོ་སྐྱེའི་བློ་ཡི་བུ་ག་རུ།།
ཅུང་ཟད་ཆུད་པ་རྒྱུར་བྱས་ཏེ།།
བསྔགས་པའི་མེ་ཏོག་དྲང་པོར་འཐོར།།
འགའ་ཞིག་ཕྱི་ནང་མི་མཚུངས་པའི།།
སྤྱོད་པས་སྐལ་དམན་ཕལ་ཆེར་བསླུ།།
གཟིག་ལྤགས་བཀབ་པའི་བོང་བུ་ཡི།།
རྣམ་ཐར་སྐྱོང་མཁན་ཤིན་ཏུ་མང་།།
ཁྱོད་ནི་དྭངས་གསལ་ཤེལ་བཞིན་དུ།།
རེ་དོགས་སྒྲིབ་ཐོགས་ཀུན་བྲལ་བའི།།
ཕྱི་ནང་མཚུངས་པའི་སྤྱོད་པ་ཡིས།།
སྐལ་བ་བཟང་རྣམས་ཤིན་ཏུ་མགུ།།
འདི་ན་ཕམ་ལྷག་བཅུ་བདུན་གྱི།།
མིང་ཙམ་བགྲང་ལ་ཆེས་ངལ་ཞིང་།།
འདུལ་ལ་ཤིན་ཏུ་རྨོངས་གྱུར་ཀྱང་།།
འདུལ་བ་འཛིན་པར་རློམ་པ་མང་།།
ཁྱོད་ནི་འདུལ་གཞུང་ཆེ་ཕྲ་ཀུན།།
ལག་མཐིལ་གནས་པའི་གཏེར་བཞིན་དུ།།
ཐུགས་ལ་ཤིན་ཏུ་གསལ་གྱུར་ཀྱང་།།
ད་དུང་རློམ་པའི་དྲི་མ་བྲལ།།
འགའ་ཞིག་ཚུལ་ལ་མི་གནས་ཤིང་།།
ཐོས་བསམ་སྒོམ་ལས་རིང་གྱུར་ཀྱང་།།
བླུན་པོས་བཀུར་བའི་རྒྱུ་མཚན་གྱིས།།
ང་རྒྱལ་རི་བོ་ལས་ཀྱང་མཐོ།།
ཁྱོད་ནི་ཚུལ་ལ་གནས་བཞིན་དུ།།
ཐོས་བསམ་སྒོམ་པ་ཕུལ་དུ་བྱུང་།།
མཁས་པའི་དབུས་སུ་བཀུར་གྱུར་ཀྱང་།།
ཁེངས་པའི་དྲི་མས་སྦགས་པ་མེད།།
འདི་ན་ལས་འབྲས་འཆད་བཞིན་དུ།།
འདུལ་མངོན་གཞུང་ལ་རྒྱུས་མེད་པས།།
ལས་དང་འབྲས་བུའི་ཚུལ་ལུགས་ལ།།
འོལ་ཚོད་ཅ་ཅོ་སྒྲོག་པ་མང་།།
ཁྱོད་ནི་འདུལ་མངོན་གཞུང་ལུགས་ལྟར།།
རྒྱུ་འབྲས་འཆད་ལ་ཟླ་བྲལ་བཞིན།།
ལས་བརྒྱ་པ་དང་མཛངས་བླུན་གྱི།།
གཏམ་རྒྱུད་ཕལ་ཆེར་ཐུགས་ཐོག་འཆད།།
འགའ་ཞིག་གཤིན་གསོན་འབུལ་བ་ཀུན།།
ཡོད་དགུས་ཐབས་ཀྱིས་སྡུད་བཞིན་དུ།།
བྱ་བྲལ་ཡིན་པའི་ཟོལ་བཟུང་ཕྱིར།།
བདོག་པ་ཐམས་ཅད་ཕག་ཏུ་བསྐུང་།།
ཁྱོད་ནི་ཁ་གསག་ལ་སོགས་པས།།
རྙེད་པ་ཚོལ་བར་མི་མཛད་ཅིང་།།
གང་བྱུང་དེ་གས་ཆོག་པ་ཡི།།
དྲང་པོའི་སྤྱོད་པ་ཤིན་ཏུ་མཛེས།།
གཞན་དག་འབྱོར་བའི་ཕུང་པོ་ཡང་།།
ཡར་མཆོད་མར་སྦྱིན་ལྟ་ཞོག་གི།།
རང་གིས་སྤྱད་ཀྱང་མི་བྲ་བར།།
ཟད་པ་སྒོམ་ལ་མེད་པ་བཟླས།།
ཁྱོད་ཀྱི་བདོག་པ་ཇི་སྙེད་པ།།
འབོ་དང་ཟག་པ་མེད་པ་ཡིས།།
སངས་རྒྱས་ཆོས་དང་དགེ་འདུན་གྱི།།
ཕྲིན་ལས་སྒྲུབ་པའི་ཆེད་དུ་བཏང་།།
འགའ་ཞིག་འབྱོར་པ་ཆེར་རྒྱས་ཀྱང་།།
རང་ཕྱོགས་འབའ་ཞིག་སྐྱོང་བའམ།།
བག་མེད་ཆུད་ཟོས་ཁོ་ན་ལས།།
མཆོད་སྦྱིན་ཡུལ་ལ་ཕན་པ་མེད།།
ཁྱོད་ཀྱི་ཇི་སྙེད་འབྱོར་པ་ཀུན།།
བསྟན་འགྲོར་སྨན་ཕྱིར་མ་ལགས་པར།།
ཁབ་དང་སྐུད་པ་ཙམ་ཞིག་ཀྱང་།།
བདག་གཅེས་འཛིན་པས་སྤྱད་པ་མེད།།
རྟོག་གེ་སྨྲ་ལ་དགའ་བ་འགའ།།
རྟོག་གེའི་གནད་གསང་མ་ཤེས་པས།།
ཚིག་ལ་འཁྲི་བའི་ཐལ་ངག་གིས།།
རྟོག་པའི་གཟེབ་ཏུ་འཛིང་ཞིང་འཐུམས།།
ཁྱོད་ནི་རྟོག་གེའི་གནད་གསང་ཀུན།།
རྩེད་མོའི་ཚུལ་གྱིས་དཀྲོལ་ནུས་པས།།
དབུ་ཚད་རིགས་པའི་མདུད་པ་བརྒྱ།།
ཤེས་རབ་འཕྲུལ་གྱིས་དུམ་བུར་བཏང་།།
འདི་ན་དབུ་མ་སྨྲ་བ་འགའ།།
དོན་ལ་ངེས་ཤེས་མ་སྐྱེས་ཀྱང་།།
སྒྱུ་དང་རྨི་ལམ་ལྟ་བུ་ཡི།།
ཚིག་ཕྱིར་འབྲང་བའི་སྟོང་སྐད་སྒྲོག།
ཁྱོད་ཀྱིས་སྣང་དང་སྟོང་པའི་དོན།།
ཀླུ་སྒྲུབ་ཡབ་སྲས་བཞེད་གཞུང་ལྟར།།
ཀུན་མཁྱེན་གསུང་གི་ཕྲིན་ལས་ལ།།
ངེས་ཤེས་སྐྱེས་ནས་གཞན་ལ་འཆད།།
འགའ་ཞིག་སྣང་ཕྱོགས་ཞེན་པ་ཡིས།།
བདེན་པར་འཛིན་པའི་དུག་གིས་ཟིན།།
གཞན་དག་སྟོང་ལ་འཐས་ཆེ་བས།།
ལས་དང་རྒྱུ་འབྲས་ཁྱད་དུ་གསོད།།
ཁྱོད་ནི་སྟོང་པའི་གནས་ལུགས་ལ།།
རན་བྱན་འབའ་ཞིག་ཆུད་གྱུར་ཀྱང་།།
ཀུན་རྫོབ་དགེ་སྡིག་བླང་དོར་ལ།།
དགེ་སྦྱོང་སྤྱོད་པ་ཤིན་ཏུ་སྤྱད།།
འདི་ན་དྲང་ངེས་ལྟ་སྤྱོད་སོགས།།
བསྟན་པའི་མདོ་རྒྱུད་མ་ཕྱེད་བཞིན།།
སྟོན་པར་ཁས་འཆེའི་ལྡབ་ལྡིབ་སྒྲ།།
སྨྱོན་པའི་ངག་བཞིན་ཡིད་རྟོན་བྲལ།།
ཁྱོད་ནི་རྒྱ་ཆེན་གསུང་རབ་ལ།།
ཐོས་པའི་ཕ་རོལ་ཕྱིན་པའི་འབྲས།།
གསལ་དག་རྫོགས་པའི་ཡང་དག་ངག།
སྐལ་བཟང་རྣ་བའི་བུ་རམ་གྱུར།།
དེང་དུས་དབང་བསྐུར་བྱེད་པ་འགའ།།
ཆོ་གའི་འགྲོ་སྟངས་མི་ཤེས་ཤིང་།།
ཚིག་ཀྱང་དག་པར་མི་ཐོན་བཞིན།།
སྨིན་བྱེད་ཡིན་ཞེས་སྐལ་མེད་བསླུ།།
ཁྱོད་ཀྱིས་དབང་བསྐུར་བྱེད་པ་ནི།།
བླ་མ་བརྒྱུད་པ་མ་ཉམས་ཤིང་།།
ཆོ་ག་འཁྲུགས་པར་མ་གྱུར་པས།།
བྱིན་རླབས་གཟི་བྱིན་མཚུངས་པ་མེད།།
གཞན་དག་དབང་རྫས་སྦྱིན་པ་ཡི།།
ཕྱག་ལེན་ཇི་བཞིན་མི་ཤེས་པས།།
ཆད་ལྷག་གོང་འོག་འཁྲུགས་པ་སོགས།།
བྱིས་པའི་རྩེད་མོ་བཞིན་དུ་གསོག།
ཁྱོད་ནི་ཚིགས་བཅད་གཅིག་ཙམ་གྱི།།
ཆོ་གའང་ནན་ཏན་ཆེར་མཛད་ཅིང་།།
དབང་བསྐུར་ལ་སོགས་ཆོ་ག་ཀུན།།
ཤིན་ཏུ་དག་པས་སྒྲུབ་པར་མཛད།།
འགའ་ཞིག་སྤྲོས་ལ་ཆེར་དགྱེས་པས།།
འབྱོན་བཞུགས་ཐམས་ཅད་འུར་གྱིས་ཟིང་།།
མཛད་པ་ཡུངས་འབྲུ་ཙམ་ཞིག་གིའང་།།
འུར་སྒྲས་དྲྭ་ལམ་ཀུན་ཏུ་བཀང་།།
ཁྱོད་ནི་གང་དུ་ཅི་སྒྲུབ་ཀྱང་།།
ཆུ་སྐྱར་རྫིང་བུར་སྐྱོད་པ་བཞིན།།
རྟག་ཏུ་གཅོམ་བསྐྱུང་དགའ་བ་ཡིས།།
དམ་པའི་ཆོས་དང་མཐུན་པར་སྤྱོད།།
ལ་ལ་འབད་པ་བརྒྱ་ཕྲག་གིས།།
རང་གི་ཡོན་ཏན་དྲིལ་བསྒྲགས་ཤིང་།།
གཞན་ཕྱོགས་རང་དབང་བསྒྱུར་བ་ཡི།།
ལྷ་མིན་འཇུག་པའི་སྦྱོར་བ་བཤམས།།
ཁྱོད་ནི་རང་བབ་ཤུགས་འབྱུང་གིས།།
སྐལ་བཟང་བུང་བ་ཀུན་བསྡུད་ཀྱང་།།
གཞན་དག་རང་དབང་བསྒྱུར་བ་ཡི།།
བསམ་པ་གཞར་ཡང་གནས་པ་མེད།།
འདི་ན་རང་འདོད་འབའ་ཞིག་གིས།།
ཡིད་མཁར་ཁྱབ་པར་གདལ་གྱུར་པས།།
ཟ་མ་ཙམ་གྱི་བཟང་ངན་ལ།།
བཟོད་ནུས་མེད་པར་ཁྲོ་ཞིང་གཤེ།།
ཁྱོད་ནི་བཟོད་པའི་གོ་བཙན་པོས།།
ཕ་རྒན་གསོད་པའི་ཤན་པ་ལའང་།།
ཟས་གོས་སྦྱིན་པའི་སྙིང་སྟོབས་ཀྱི།།
རྒྱལ་སྲས་སྤྱོད་པས་ཀུན་ནས་མཛེས།།
འགའ་ཞིག་སྙིང་རྗེ་ཆེ་བ་ཡིས།།
གཞན་ངོར་མིག་ནས་ཐིགས་ཕྲེང་ལྷུང་།།
འོན་ཀྱང་རང་འདོད་མ་འགྲུབ་ན།།
འཁོན་འཛིན་ཆེ་བས་ཕྱི་ནང་འགལ།།
ཁྱོད་ནི་བྱམས་དང་སྙིང་རྗེ་དག།
གཤིས་ལ་ཞུགས་པའི་ངང་ཚུལ་གྱིས།།
ཁྱབ་ཀྱང་གཞན་ལ་མི་ངོམ་པར།།
སྤྲོ་ཞིང་བྱམས་པའི་བཞིན་གྱིས་བལྟ།།
འདི་ན་རང་ཆེ་འདོད་པ་འགའ།།
ཐོས་བསམ་སྒོམ་པའི་བྱ་བ་ལ།།
བརྩོན་པའི་སྡོད་ཚུགས་མེད་བཞིན་དུ།།
བསྟན་འཛིན་གཞན་ལ་ཕྲག་དོག་བྱེད།།
ཁྱོད་ནི་སྐུ་ཚེ་ཧྲིལ་པོ་ལ།།
ཐོས་དང་བསམ་དང་བསྒོམ་པ་ཡིས།།
བསྟན་དོན་སྒྲུབ་པ་ཁོ་ན་ལས།།
གཞན་ལ་ཕྲག་དོག་མཛད་པ་མེད།།
འགའ་ཞིག་རྙེད་དང་བཀུར་སྟིའི་ཕྱིར།།
གཡོ་སྒྱུའི་རྫུན་གྱི་འཁོར་ལོ་ཡིས།།
བདེན་པའི་མངོན་ཤེས་མེད་ན་ཡང་།།
དད་ཅན་མགོ་བོ་གདུགས་ལྟར་བསྐོར།།
ཁྱོད་ལ་སྒོམ་པ་ལས་བྱུང་བའི།།
ཡོན་ཏན་པདྨའི་མདངས་བཀྲ་ཡང་།།
རྒྱལ་བསྟན་གཙང་མར་སྤེལ་བའི་ཕྱིར།།
མོ་ལུང་མངོན་ཤེས་དུག་བཞིན་འཛེམ།།
དེང་གི་གསུང་ངག་འཆད་པོ་འགའ།།
རྒྱུད་སྡེའི་གནད་གསང་མ་ཤེས་པས།།
སྨྲ་བ་ཤིན་ཏུ་རྡུགས་གྱུར་ཀྱང་།།
ཆེ་ཐབས་ལག་ཆར་བྱེད་པ་མང་།།
ཁྱོད་ནི་བརྩེ་ཆེན་བསྟན་པ་ལ།།
ཕན་པའི་ལྷག་བསམ་འབའ་ཞིག་གིས།།
མདོ་རྒྱུད་གཞུང་བཞིན་འཆད་པ་ལས།།
རང་ཆེའི་རྣམ་ཐར་སྐྱོང་བ་མེད།།
འགའ་ཞིག་མ་བཅོས་ཞི་གནས་ཙམ།།
རྫོགས་ཆེན་ཡིན་པར་ངོ་སྤྲོད་ཅིང་།།
གཞན་དག་སྟོང་པའི་ཡིད་དཔྱོད་ལ།།
རིག་པ་ཡིན་ཞེས་ངོ་སྤྲོད་བྱེད།།
ཁྱོད་ནི་རིག་འཛིན་བརྒྱུད་པ་ལས།།
འོང་བའི་མན་ངག་ཇི་བཞིན་དུ།།
བློ་ལྡན་དོན་དུ་གཉེར་བ་ལ།།
ངོ་སྤྲོད་ཇི་བཞིན་ཐེབས་པ་མང་།།
འདི་ན་འགའ་ཞིག་གོ་ཡུལ་ལ།།
རྟོགས་པ་མཐོ་བའི་འུད་ཤོབས་ཀྱིས།།
ང་རོ་འབྲུག་གི་སྒྲ་བཞིན་ལྡིར།།
གཤེགས་དུས་ཐ་མལ་ལས་ཀྱང་ལོད།།
ཁྱོད་ནི་མཐོ་སྐད་མི་སྒྲོག་ཅིང་།།
རིག་སྟོང་རྗེན་པར་བསྐྱངས་གྱུར་པས།།
བློ་འདས་ཆོས་སྐུར་གྲུབ་པ་ཡི།།
རྟགས་ཀྱི་རིམ་པ་མ་ལུས་གསལ།།
ཁྱོད་ཀྱི་ཐུགས་རྒྱུད་ཤིན་ཏུ་དྲང་བའི་རྒྱུས།།
བླུན་རྣམས་མགུ་བའི་སྤྱོད་ཡུལ་མ་ཡིན་ཡང་།།
མཁས་མང་རྒྱུ་སྐར་དབུས་ན་ཟླ་བ་བཞིན།།
རྣམ་ཐར་བཟང་པོའི་འོད་ཀྱིས་ཀུན་ནས་མཛེས།།
འདི་ནས་བསྔགས་པའི་ཡོན་ཏན་དག།
ཁྱོད་སོགས་དམ་པ་རྣམས་ལ་སྣང་།།
འདི་ནས་སྨད་པའི་ཉེས་པ་དག།
བདག་སོགས་སྙིགས་སྤྱོད་ཅན་ལ་སྣང་།།
ཡོན་ཏན་འདི་དག་གང་ལ་མངའ།།
དེ་ལ་དེ་བཞིན་འདུད་བྱ་ཞིང་།།
ཉེས་པ་འདི་དག་གང་ལ་སྣང་།།
དེ་ལའང་སྨད་པ་འདི་དག་ཐོབ།།
རང་ཕྱོགས་བཟུང་བས་ཁྱོད་ཉིད་ལ།།
ཆལ་ཆོལ་ཚིག་གིས་བསྟོད་མིན་ཀྱང་།།
བསྔགས་འོས་ཡོན་ཏན་འདི་དག་ཉིད།།
ཁྱོད་ཀྱིས་བཟུང་བས་བསྔགས་པར་གྱུར།།
གཞན་ཕྱོགས་བཟུང་བས་འགའ་ཞིག་ལ།།
སྨད་པའི་ཡུལ་དུ་མ་བྱས་ཀྱང་།།
སྨད་པར་འོས་པའི་སྐྱོན་འདི་དག།
དེ་ཡིས་བཟུང་བས་སྨད་པར་གྱུར།།
དེས་ན་བསྔགས་པ་འདོད་པ་རྣམས།།
འདོད་རྔམ་ཆེ་བས་མི་འགྲུབ་སྟེ།།
ཡོན་ཏན་འདི་དག་འཛིན་གྱུར་ན།།
དོན་ལྡན་བསྔགས་པ་ངང་གིས་འཐོབ།།
དོན་མེད་བྲག་ཅ་ལྟ་བུ་ཡི།།
བསྟོད་བསྔགས་འབད་པས་བཙལ་བྱས་ཀྱང་།།
རང་ལ་བསྔགས་འོས་དབེན་པའི་རྒྱུས།།
བསྔགས་པ་ཐོབ་ཀྱང་སྨད་པའི་གནས།།
དེ་སྐད་སྡེ་སྣོད་འཛིན་པ་ནི།།
ཚུལ་ཁྲིམས་ནོར་བུ་ཡིས་བསྐུལ་བར།།
ཕུན་ཚོགས་རྣམ་རྒྱལ་ཞེས་བྱ་བས།།
གང་དྲན་ཐར་མ་ཐོར་དུ་བཀོད།།
ཅུང་ཟད་འབད་པའི་ལེགས་བྱས་ཀྱིས།།
སྐྱེ་དང་ཚེ་རབས་ཐམས་ཅད་དུ།།
དམ་པའི་མགོན་དང་མི་འབྲལ་ཞིང་།།
བྱང་ཆུབ་སེམས་གཉིས་འབྱོངས་པར་ཤོག །དགེའོ། །