ངག་གི་དབང་ཕྱུག་ལ་ཕུལ་བའི་འཕྲིན་ཡིག་སྤྲིན་གྱི་རོལ་མོ།

文摘   2024-12-03 06:57   西藏  

ངག་གི་དབང་ཕྱུག་ལ་ཕུལ་བའི་འཕྲིན་ཡིག་སྤྲིན་གྱི་རོལ་མོ།


མཐའ་བརྒྱད་རླབས་ཕྲེང་ཟད་པའི་ཕ་མཐའ་རུ། 

གཉིས་འཛིན་རང་སར་ཞིག་པའི་དོན་གྱི་ལྷ། 

ཀུན་རྫོབ་ན་བུན་ཡལ་བའི་མཁའ་དབྱིངས་ནས། 

གཤིས་ལུགས་རྗེན་པར་མཐོང་བའི་དངོས་གྲུབ་སྩོལ། 


སྔ་ཕྱི་དབུ་མའི་ལྟ་གྲུབ་མི་མཐུན་ཞེས། 

ཕྱོགས་ཞེན་དཔུང་རྡང་སྤྲེལ་ལ་མི་གུས་ཀྱང་། 

ལུང་རིག་རྒྱུ་ལམ་ཡངས་པའི་མགུལ་པ་ལས། 

ཟབ་དོན་དབྱངས་སུ་གྱེར་ལ་གསན་པར་འཚལ། 


ཡོད་མེད་བདེན་རྫུན་རང་རེའི་བློ་ཡིས་འཇོག། 

རང་བློ་ཚད་མར་གཟུགས་སོགས་ཡུལ་གྱིས་སྒྲུབ། 

རྐུན་མ་ཕ་བུ་གྲོས་ཁ་མཐུན་ཙམ་གྱིས། 

དགེ་ཆོས་རིག་པའི་ཁྲིམས་ཆད་འགོག་ནུས་མིན། 


མ་བརྟགས་ཀུན་རྫོབ་སྒྱུ་མའི་འཇའ་ཚོན་གང་། 

དཔྱོད་ཤེས་སྦར་གྱིས་བཏབ་ཚེ་མཁའ་རུ་ཡལ། 

ཚད་གྲུབ་འཇའ་སྐས་འཛུག་འདོད་བྱིས་པ་དག 

དགེ་ཆོས་ཨ་མའི་ཞལ་གསུང་ཉན་པ་དགེ 


ཐ་སྙད་རྨི་ལམ་འཁྲུལ་པའི་ཐོག་ཁང་ན། 

ཞིམ་དགུ་ཟས་ལ་རོལ་བའི་གྲོད་པོ་ཆེས། 

ཞེན་ཆགས་གཉིད་ཀྱི་བཟི་ཁ་མ་དྭངས་བར། 

ཟོས་ཕྱིར་ཚད་མས་གྲུབ་ཅེས་ལབ་རྡོལ་འབྱིན། 


ཀུན་རྫོབ་རྫུན་མའི་རང་མཚང་རྡོལ་ལས་གཞན། 

ཡིན་ལུགས་བདེན་པའི་དགྱེས་ཞལ་གུད་ན་མེད། 

ཐོག་རེག་སྒྲིབ་གཡོག་མཚན་མ་བྲལ་ཙམ་ལས། 

ལོགས་སུ་ནམ་མཁའི་དཀྱིལ་འཁོར་གང་ནས་འཚོལ་། 


ཀུན་རྫོབ་ལུང་དང་རིག་པའི་མེ་དཔུང་གིས། 

འདིར་སྣང་ལྷག་མེད་བསྲེགས་པའི་ངོ་མཚར་ལ། 

དོན་དམ་རྟོགས་པའི་ཐ་སྙད་འདོགས་བྱེད་པ། 

ཐབས་དང་ཐབས་བྱུང་འབྲེལ་བའི་གོ་དོན་དངོས། 


དཔྱད་ན་རྫུན་རྐུབ་རྡོལ་བའི་འདིར་སྣང་ཀུན། 

ཨུ་ཚུགས་བཙན་པོས་ཚད་མར་འགྲུབ་ནུས་ན། 

སད་ཀྱང་འགྲམ་ཆུ་སློང་བའི་རྨི་ལམ་གྱི། 

ཉམས་དགའི་འཚོ་བ་དེ་ལའང་མ་གཡེལ་ཅིག 


སྒྲུབ་བྱའི་དམ་བཅའ་སྒྲུབ་བྱེད་གཏན་ཚིག་ཀུན། 

ཞིབ་ཏུ་བསམ་ན་འགལ་འདུའི་ཕུང་པོ་ཞེས། 

རྟོག་གེའི་སྦར་ཁྱིམ་འབྲེག་མཁས་སྔ་རབས་པར། 

རིགས་ལམ་སེན་ཤད་བྱ་འདོད་གད་མོའི་གནས། 


བུམ་སོགས་ཡོད་མེད་ལྷ་རམ་རྒན་པོས་འབྱེད། 

བདེན་པའི་རྒྱབ་རྟེན་གནག་རྫི་བླུན་པོར་འཆའ། 

རིགས་མཐུན་ལྷས་རའི་འདབ་ཀྱི་ཉམས་དགའ་བ། 

དགེ་ཆོས་འདས་པོས་གཟིགས་ན་དགོད་རེ་བྲོ། 


ཆོས་ཀུན་རྫུན་མར་སྟོན་ལས་ལྷག་པ་ཡི། 

ཚད་གྲུབ་འགོག་པའི་རྒོལ་བ་གཞན་མེད་ན། 

ཨུ་ཚུགས་ཞགས་པས་སྤྱང་ལུག་སྐེ་སྦྲེལ་ལ། 

སེངྒེའི་འཇིང་སྣོལ་འདོགས་ནའང་ཅི་དགྱེས་མཛོད། 


བདེན་གྲུབ་རྒན་མོར་སྡང་བའི་གཞུང་ཞབས་པ། 

ཚད་གྲུབ་འཕྱོན་མའི་འཛུམ་གྱིས་སླུས་པ་ན། 

ཀླུ་སྒྲུབ་གཞུང་བཟང་གསེར་ཀྱི་བཀའ་ཡིག་གང་། 

རང་འདོད་མཆན་བུས་དཀྱོག་ལའང་བྱ་ཐབས་ཅི། 


བདེན་གྲུབ་དགྲ་བོ་འགོག་པའི་འདུ་བྱེད་ཁྲོད། 

ཚད་གྲུབ་ནང་རུལ་རྡོལ་བའི་རྟོག་གེ་བ། 

རྣམ་རྟོག་གཡུལ་ལས་རྒྱལ་བའི་སྐབས་མེད་ན། 

དགེ་ཆོས་སྐྱབས་སུ་སྟེན་ཅིག་ཆོས་ཀྱི་གྲོགས། 


མི་ཚེ་རིག་པར་སྐྱེལ་ཡང་གཟུགས་སོགས་ཀུན། 

ཚད་གྲུབ་མིན་པའི་ཁས་ལེན་མ་མྱོང་ན། 

དཔྱོད་ཚེ་ཚད་མས་མ་གྲུབ་ཁས་ལེན་ཞེས། 

ཁ་ཤོམ་སྙན་མོ་བྱིས་པས་འཇའ་དེད་མཚུངས། 


དགེ་ཆོས་འདས་པོར་འཛའ་མཐུན་མི་ཟབ་ལ། 

ལྷ་རམ་རྒན་པོར་ཞེ་འཁོན་མི་ཆེ་ཡང་། 

བདེན་པའི་ལེགས་བཤད་རྐང་པ་དྲུག་པའི་གླུ། 

མཁས་མང་པད་ཚལ་དགྱེས་པའི་སྐྱེས་སུ་ཕུལ།  

ཅེས་པ་འདིའང་ཉིན་ཤས་སྔོན་ལྷ་རམ་པ་ངག་གི་དབང་ཕྱུག་གང་དེས་དགེ་འདུན་ཆོས་འཕེལ་ལ་སྤྲིང་བའི་རྩོམ་ཐུང་ཞིག་དྲྭ་ལམ་ནས་མཐོང་མོད་བྲེལ་ཟིང་དབང་གིས་རེ་ཞིག་ཀློག་ཁོམ་མ་བྱུང་། དེ་རིང་ཁོམ་པའི་དུས་སྐབས་དང་བསྟུན་ནས་རིམ་གྱིས་བཀླགས་ཞོར་ཐོག་མར་ཁོང་གི་ཚིག་བཅད་རེ་རེའི་སྐབས་ཀྱི་དཔེ་དོན་དང་སྦྱར་ནས་ལན་ཞིག་འབྲི་བར་ཕྱོགས་ཀྱང་། མཇུག་མཐར་ཚིག་དོན་ཅུང་ཟད་ཉོབ་ཏུ་དོགས་ཏེ་མདོར་བསྡུས་ཙམ་ཚིགས་སུ་བཅད་དེ་སྤེལ་བ་འདིའང་ལུང་རིག་སྨྲ་བའི་གྲལ་མཐའ་རུ་སོན་པ་སྤྲུལ་སྒྲུབ་བསྟན་རྣམ་རྒྱལ་དུ་འབོད་པས2024/12/2ཉིན་ལག་རྩེད་ཀྱི་དོད་དུ་བྲིས་པའོ། 

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章