ལྷ་རམས་པ་ངག་གི་དབང་ཕྱུག་ལ་དགག་ལན་མཛུ་བཙུགས་མ།
རྩོམ་པ་པོ། འཇིག་རྟེན་ཟླ་བ།
࿑ན་མོ་མཉྫུ་ཤྲཱི་ཡེ།
ངག་གི་དབང་ཕྱུག་ནས།
ལུང་དང་རིགས་ལམ་མཚམས་སྦྱོར་མི་ནུས་བཞིན།།
གྲུབ་མཐའ་ངན་པས་རབ་ཏུ་བཅིངས་པ་ཡིས།།
ཨུ་ཚུགས་ཁོ་ནས་ལུང་སྦྱོར་འབད་པ་ཅན།།
འཇིག་རྟེན་ཟླ་བ་རང་མཚང་མ་ངོམ་ཨང་།།
གནས་ལུགས་དཔྱོད་ཚེ་ཟེར་བའི་རང་ལྡོག་འདི།།
དོན་དམ་དཔྱོད་དུས་རིགས་ཤེས་ངོར་ཟེར་ན།།
རང་རྒྱུད་སློབ་དཔོན་སུས་ཀྱང་མ་གསུངས་པ།།
ཐ་སྙད་ཚད་གྲུབ་གོ་དོན་རྒྱང་རིང་ཡིན།།
ལན།
ཚེ་ནི་དུས་སྐབས་གོ་བ་མ་ཤེས་ནས།།
དོན་དམ་དཔྱོད་དུས་རིགས་ཤེས་ངོར་ཟེར་ན།།
ཟེར་ནས་སྐབས་མིན་ཅ་ཅོ་སྣ་ཚོགས་འུར།
འདི་ནི་ཐད་ལན་མ་ཕོག་སྐྱོ་བ་ལ་ཨ།།
ངག་གི་དབང་ཕྱུག་ནས།
དོན་དམ་དཔྱོད་བྱེད་རིགས་པས་བཙལ་བ་ན།།
ཀུན་རྫོབ་མ་ཟད་དོན་དམ་མི་རྙེད་པ།།
ཐལ་རང་མཁས་པ་མགྲིན་གཅིག་དབྱངས་གཅིག་པས།།
རང་རྒྱུད་སློབ་དཔོན་སྒྲོ་འདོགས་མ་ཞུ་ཨང་།།
མ་བརྟག་མ་དཔྱད་བློ་ངོར་ཀ་བུམ་སོགས།།
ཐ་སྙད་ཚད་མས་གྲུབ་ལ་ཐལ་རང་མཐུན།།
ཀ་བུམ་རང་མཚན་མེད་ན་གཏན་མེད་ཅེས།།
རང་རྒྱུད་སློབ་དཔོན་ཟླ་བས་བཀག་ལ་ལྟོས།།
ལན།
ཡེ་ཤེས་སྙིང་པོའི་བདེན་གཉིས་རང་འགྲེལ་ལས།།
དོན་དམ་དཔྱོད་བྱེད་རིགས་པས་བཙལ་བ་ན།།
རང་རྒྱུད་དགོས་པའི་རྣམ་གཞག་གསུངས་པར་དེ།།
མ་ཤེས་ཐལ་རང་གཅིག་མཐུན་འདོད་ལ་ཨ།།
དོན་དམ་དཔྱོད་བྱེད་རིགས་པས་བཙལ་བ་ན།།
ཀུན་རྫོབ་མ་ཟད་དོན་དམ་མི་རྙེད་ཟེར།།
དེ་ཚེ་བཙལ་མཁན་མ་གྲུབ་བཙལ་བ་ན།།།
ཟེར་ནས་སྐབས་མིན་ཅ་ཅོ་སྣ་ཚོགས་འུར།
ལུང་རིགས་ཕྲ་མོ་མི་ཤེས་དགེ་བཤེས་རྣམས།།
ཐལ་རང་ཁྱད་པར་ཕྲ་མོ་མི་ཤེས་ནས།།
གནས་ལུགས་རིག་པས་བདེན་མེད་བསྒྲུབ་པའི་ཚེ།།
ཐལ་འགྱུར་བ་ནི་མིག་ལོང་འདོད་པ་འོ།།
དཔལ་ལྡན་ཟླ་བས་གནས་ལུགས་དཔྱོད་པའི་ཚེ།།
རང་རྒྱུད་དམ་བཅའ་མེད་པར་མི་བཞེད་ཐལ།།
དེ་ཚེ་ཟླན་བ་ཉིད་ཀྱང་མ་གྲུབ་ཕྱིར།།
རྟགས་ཁྱབ་དགེ་བཤེས་ཀྱིས་བྱས་པ་ལ་ཨ།།
ངག་གི་དབང་ཕྱུག་ནས།
དོན་དམ་དཔྱོད་པའི་བར་ཆད་མེད་ལམ་པར།།
བུམ་པ་སྣང་བའི་མིག་ཤེས་ཡོད་དམ་མེད།།
ཡོད་ན་མཉམ་རྗེས་རེས་འཇོག་མེད་དོ་ལོ།།
མེད་ན་མིག་ལོང་ཡིན་པ་ཁྱེད་ལུགས་སོ།།
ལན།
དོན་དམ་དཔྱོད་པའི་བར་ཆད་མེད་ལམ་པར།།
བུམ་པ་མ་གྲུབ་བུམ་སྣང་ཤེས་པ་ཉིད།།
ཡོད་ཉིད་ཁེགས་ཅིང་མེད་ཉིད་མ་གྲུབ་པས།།
མིག་ལོང་ཡིན་པའི་གོ་སྐབས་ནམ་ཡང་མེད།།
ངག་གི་དབང་ཕྱུག་ནས།
མཐོང་ལམ་ངོ་ན་མེད་ན་མེད་གོ་ཆོད།།
ཐང་སག་ལྟ་ངན་ལས་འབྲས་ལོག་ལྟ་ཡིན།།
མཐོང་ལམ་ངོར་མེད་མེད་གོ་མི་ཆོད་པ།།
རྨ་བྱའི་ལུགས་བཟང་དགེ་ལྡན་འཛིན་ལ་ལྟོས།།
ལན།
མཐོང་ལམ་ངོ་ན་མེད་པ་ཡིན་ཟེར་བའི།།
ཐང་སག་པ་ཡི་ཚིག་གཅིག་མེད་པས་ན།།
ཐང་སག་པ་ལ་ཉེས་པ་རྒོལ་བ་ནི།།
སྤྲེ་རྒན་རྣ་མཐར་འཛིན་པ་མ་བྱེད་ཨང་།།
ངག་གི་དབང་ཕྱུག་ནས།
ཅི་སྟེ་མཐོང་ལམ་བར་ཆད་མེད་ལམ་ངོར།།
ལས་འབྲས་ཚད་མས་མ་གྲུབ་རྒྱུ་མཚན་གྱིས།།
ལས་འབྲས་མེད་དོ་སྙམ་ན་ལོག་རྟོག་སྟེ།།
བདེན་གཉིས་ཅིག་ཅར་མངོན་གཟིགས་མེད་ཐལ་ལོ།།
བུམ་པའི་ཆོས་ཉིད་མཉམ་པར་གཞག་བཞིན་པའི།།
ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ངོར།།
བུམ་པ་བུམ་པས་སྟོང་ཡང་སྐབས་དེ་རུ།།
ཀུན་མཁྱེན་ཡེ་ཤེས་ཆོས་ཀུན་མ་གཟིགས་སམ།།
ལན།
ཅི་སྟེ་མཐོང་ལམ་བར་ཆད་མེད་ལམ་ངོར།།
ལས་འབྲས་ཚད་མས་མ་གྲུབ་རྒྱུ་མཚན་གྱིས།།
ལས་འབྲས་མེད་པ་ཡིན་པ་སུ་ཡིས་སྨྲས།།
རང་གི་དོག་པ་གཞན་གྱིས་ཅི་ཟེར་ཙམ།།
སྐབས་དང་དུས་དང་གཞི་ལ་སྦྱར་བའི་ཚེ།།
ཀུན་མཁྱེན་ཡེ་ཤེས་ཆོས་ཀུན་གཟིགས་ན་ཡང་།།
ཆོས་དེ་ཡིན་ན་ཡོད་པས་མ་ཁྱབ་པ།།
སྡུག་གྲྭ་འཛིན་གྲྭའི་སྐབས་ནས་མ་ཤེས་སམ།།
གནས་ལུགས་རིག་པས་སྒྲུབ་ལ་རང་རྒྱུད་དང་།།
བུམ་པ་བདེ་མེད་བསྒྲུབ་ཚེ་བུམ་པ་ཉིད།།
སྣོང་བའི་མིག་ཤེས་ཚད་མ་འདོད་པ་ཚོས།།
ལན་ཞིག་མ་ཕོག་བདག་ལ་དྲིས་པ་བོ།།
ངག་གི་དབང་ཕྱུག་ནས།
ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་ལྷག་པའི།།
མཉམ་རྗེས་རེས་འཇོག་པ་ལ་བློ་ཡིད་རྟོན།།
གཞུང་དོན་ལུང་རིགས་ཟབ་རྒྱས་མི་ཤེས་ནས།།
ཀུན་རྫོབ་ཁྱད་གསོད་ལུགས་ངན་ཞེན་དེ་མཚར།།
ལན།
ཐམས་ཅད་མཁྱེན་པའི་ཡེ་ཤེའི་གང་གཟིགས་ན།།
དེ་ཉིད་ཡོད་པས་ཁྱབ་བ་སྨྲ་བ་འདིར།།
རྟ་ཆས་རུལ་པ་གསོལ་བའི་རྣམ་ཐར་ཙམ།།
མ་ཤེས་ལུང་རིགས་སྨྲ་བ་ཚངས་པ་ཉིད།།
མཉམ་རྗེས་རེས་འཇོག་པ་ལ་ཡིད་རྟོན་ན།།
ཀུན་རྫོབ་ཁྱད་གསོད་བྱེད་པས་ཁྱལ་བ་ཉིད།།
ཁྱེད་ལ་ཡོད་དམ་ཡང་ན་རྒྱལ་པོའི་བཀའ།།
དྲུང་ཙོང་རྗེས་འབྲང་རིགས་ལམ་ཨེ་མ་ཧོ།།
ངག་གི་དབང་ཕྱུག་ནས།
དཔལ་ལྡན་ཟླ་བའི་འཇུག་པའི་རང་འགྲེལ་ལས།།
དེ་ཁོ་ན་ལ་འཕགས་རྣམས་ཚད་མ་སྟེ།།
འཇིག་རྟེན་དབང་ཤེས་ཆོས་ཉིད་ཚད་ཡིན་ན།།
འཕགས་པའི་ལམ་གྱིས་ཅི་བྱ་གསུངས་ལ་ལྟོས།།
ལན།
འཇིག་རྟེན་དབང་ཤེས་ཆོས་ཉིད་ཚད་འདོད་པའི།།
ཕྱོགས་སྔ་མེད་པའི་ཟླ་བའི་རིག་པ་ཀྱོག །
འགྲེལ་བ་ནང་གསལ་འགྲེལ་ལོག་བརྒྱབ་པ་འདི།།
ཀྱེ་མ་ཀྱེ་ཧུད་དེང་དུས་དགེ་བཤེས་ཚོང་།།
ངག་གི་དབང་ཕྱུག་ནས།
འཕགས་ལམ་ཁོ་ན་ཚད་མར་འདོད་པ་འདི།།
བདེན་གཉིས་ཉེ་རིང་ཤོར་བའི་ལུགས་ངན་ཏེ།།
ཐ་སྙད་བདེན་ལ་ཐ་སྙད་ཚད་མ་དང་།།
དོན་དམ་བདེན་ལ་དོན་དམ་ཚད་མར་བསྔགས།།
ལན།
འཕགས་ལམ་ཁོ་ན་ཚད་མར་འདོད་པ་འདིར།།
དུས་གསུམ་སངས་རྒྱས་ཀུན་གྱིས་དགོངས་ཡིན་ཏེ།།
ཡུལ་ཉིད་བདེན་ན་ཡུལ་ཅན་བདེན་པ་ནི།།
མདོ་རྒྱུད་བསྟན་བཅོས་ཀུན་ལས་གསུངས་ཕྱིར་རོ།།
ཡུལ་ཀུན་རྫུན་ལ་ཡུལ་ཅན་བདེན་པ་དང་།།
ཡུལ་ཅན་འཁྲུལ་དང་ཚད་མ་གཞི་མཐུན་པ།།
ཕྱི་རོལ་པས་ཀྱང་འདོད་པ་མེད་པའི་ཕྱིར།།
བདེན་གཉིས་ཉེ་རིང་མི་ཤོར་ཅི་ཞིག་ཨང་།།
ངག་གི་དབང་ཕྱུག་ནས།
མདོ་ལས་མེད་དང་མ་དམིགས་གསུངས་ཚད་ཀུན།།
དོན་དམ་དཔྱད་ན་མེད་པའི་དོན་ཡིན་པ།།
དཔལ་ལྡན་ཟླ་བས་ཉིན་མོར་བཞིན་དུ་བྱེད།།
ས་ཕྲུག་ད་དུང་ལུང་སྦྱོར་རགས་པར་འཁོར།།
ལན།
དོན་དམ་དཔྱད་ན་ཀུན་མཁྱེན་ཡེ་ཤེས་ཡང་།།
མེད་པ་ཡིན་པ་ཁྱེད་ཀྱིས་འདོད་བཞིན་དུ།།
ད་དུང་ཚད་མས་མ་དམིགས་ཤེས་པའི་བློ།།
ཡོད་པར་འདོད་པ་རིགས་ལམ་ཅི་ཞིག་ཨང་།།
ངག་གི་དབང་ཕྱུག་ནས།
རྗེ་བཙུན་ཙོང་ཁ་ཡབ་སྲས་གཞུང་ལུགས་ཀུན།།
ལུང་རིགས་ཕྲ་མོ་ཅན་ལ་ཆེས་མཛེས་ཀྱི།།
རྩ་བ་མ་གཏོགས་འགྲེལ་པ་མི་དགོས་མཁན།།
ལུང་སྦྱོར་རིགས་ལམ་མེད་པའི་སྤྱོད་ཡུལ་མིན།།
ལན།
བཀའ་བསྟན་ཚིག་དོན་སོར་བཞག་བྱས་པའི་གཞུང་།།
ལུང་རིགས་ཕྲ་མོ་ཅན་ལ་ཆེས་མཛེས་ཀྱི།།
རྩ་འགྲེལ་གཉིས་ལས་འགྲེལ་ལོག་བརྒྱབ་པའི་གཞུང་།།
ལུང་སྦྱོར་རིགས་ལམ་ཤེས་པའི་སྤྱོད་ཡུལ་མིན།།
ངག་གི་དབང་ཕྱུག་ནས།
འཇིག་རྟེན་ཟླ་བ་ཟེར་བའི་ས་ཕྲུག་ཁྱོད།།
ལུང་རིགས་འགྲོ་ལུགས་མེད་པས་དགག་རིན་ཅི།།
འོན་ཀྱང་ལན་ཞིག་བྲིས་ཞེས་བསྐུལ་བསྐུལ་ནས།།
སྒེར་འབྲེལ་ཙམ་གྱིས་འགྲིགས་པར་བྱོས་ཤིག་ཨང་།།
ལན།
ངག་གི་དབང་ཕྱུག་ཟེར་བའི་དགེ་བཤེས་ཁྱེད།།
ལུང་རིགས་འགྲོ་ལུགས་ཤེས་པའི་ཁམས་དབང་ཞིག །
ཡིན་ཀྱང་གོ་བརྒྱ་བཀྲོ་བའི་གོ་བའི་གཞུང་ལ།།
མི་ཤེས་ཤེས་འདོག་བྱེད་པ་མང་ཆེའི་སྤྲིངས།།
ངག་གི་དབང་ཕྱུག་ནས།
ད་ནས་བཟུང་སྟེ་དུས་ཚོད་ཆུད་ཟོས་ཅན།།
ངག་གི་དབང་ཕྱུག་རྒོལ་བ་ལངས་འདོད་ན།།
དང་པོར་ལུང་རིགས་འགྲོས་ལ་སློབ་པར་བྱོས།།
དེ་ནས་དུས་ཚོད་ཆུད་མི་ཟ་བ་ལགས།།
རིགས་ལམ་མེད་ཅིང་ལུང་ཚོགས་རགས་སྤུངས་ཅན།།
གྲོང་གསེབ་རྣམས་སུ་ཨ་མཆོད་འདོན་མཁན་རྒྱུགས།།
མདོ་སྔགས་གསུང་རབ་མ་ལུས་རིགས་ལམ་ནས།།
དྲངས་པའི་དགེ་བཤེས་བྲེལ་བ་མ་བཀག་རོགས།།
ལན།
གནས་གསུམ་པར་ནི་འཕོ་བ་དེ་བའི་ཚེ། །
བསྟན་བཅོས་ལེན་པར་རིགས་ལྡན་ཡིན་གསུངས་པས། །
ཅ་ཅོ་འུར་སྒྲའི་ཕོ་ཚོད་མ་བྱས་ནས།།
བཀའ་བསྟན་དག་ལས་གསུངས་པ་ལུང་ཁུངས་བྱས།།
ཁམས་པའི་གཞུང་ལུགས་སྐར་ཚོགས་ལྟར་ཡོད་ཀྱང་།།
བཀའ་བསྟན་མདོ་རྒྱུད་མཐུན་པ་ཉི་སྐར་ཙམ།།
རང་བློ་མཁས་པའི་གསུང་ལ་ཕུག་གཏད་ནས།།
མཁས་པའི་གསུང་དེ་བཀའ་སྟན་དགོངས་པ་བསྒྲུབ།།
བཀའ་ཡི་དགོངས་པ་རང་སྟོབས་མ་ལོན་པས།།
ཉི་མཚན་གཉིས་པོ་གཅིག་ཏུ་བསྒྲེས་ནས་ནི།།
བཀའ་བསྟན་མདོ་རྒྱུད་གཞུང་ལུགས་དག་ལ་བརྩོན།།
བརྩོན་པས་རྒྱལ་བའི་བསྟན་པར་འཛིན་པར་ཤོག།
༢༠༢༤སྨན་དྲུག་ཟླ་བའི་དམར་ཕྱོགས་རྫོགས་པ་གསུམ་པའི་ཡང་རྫོགས་ཀྱི་བྱ་བྲལ་དུ་བྱང་ཕྱོགས་འབྲི་རྒྱུད་ཆོས་ཀྱི་མདོའམ་སྡེ་དགེ་ལྔ་རིགས་བཤད་གྲྭ་ནས་བྲིས་ཏེ་ལྷ་རམས་པ་ངག་གི་དབང་ཕྱུག་ལ་འཇིག་རྟེན་ཟླ་བས་སྤྲིངས་སོ།། །།
རང་རྒྱུད་པའི་མཁན་པོ་ཛྙཱ་ན་བཛྲས། འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ་ལས།དེས་ན་དབུ་མ་པར་སྨྲ་བ་ཁ་ཅིག་གསུང་རབ་ཀྱི་ཕྱོགས་འགའ་ཞིག་གམ། འདིར་ནི་ཡོད་ཉིད་འགོག་ཉིད་ཀྱི། །མེད་ཉིད་སྒྲུབ་པར་བྱེད་པ་མིན། །ཞེས་པ་དང་། གཞན་ཡང་། ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང་། །ཅིར་ཡང་ཀླན་ཀ་བྱ་མི་ནུས། །ཞེས་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་བཤད་པའི་གཞུང་ལ་བརྟེན་ནས། ཇི་ལྟར་སྣང་བ་ཙམ་གྱི་ཆོས་ཅན་ལ། དེ་ཁོ་ན་ཉིད་དུ་ཡོད་མེད་དཔྱོད་པའི་སྐབས་སུ། དགག་པར་བྱ་བ་ནི་གང་ཞིག་རིགས་པས་གྲུབ་ཅིང་མི་གནོད་པ་ཡིན་ལ། དགག་བྱ་རྣམ་པར་བཀག་པ་ལས་གཞན་བསྒྲུབ་པར་བྱ་བ་ནི་ཁས་མི་ལེན་ཏེ། དེས་ན་དེ་ཁོ་ན་ཉིད་དུ་ཡོད་པ་དང་། མེད་པ་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་། མངོན་པར་འདོད་པའི་བསྒྲུབ་པར་བྱ་བ་ནི་ཅུང་ཟད་ཙམ་ཡང་མེད་དེ། ཁས་ལེན་ཐམས་ཅད་དང་བྲལ་བའོ་ཞེས་ཟེར་རོ། །འདི་ནི་མི་འཐད་དེ། ཞེས་སོགས་གསུངསོ། །