སྐུ་ཉིད་པར་རིས་འདིའི་སྟེང་གི་མི་སུ་དང་འདྲ་པོ་འདུག་གམ།

民生   2024-07-14 12:03   西藏  
    འཚོ་བའི་ནང་བསམ་བློའི་འཁྱེར་སོ་ཡག་པའི་མི་རྣམས་བློ་རྒྱ་ཡངས་ཤིང་བག་ཡངས་ཀྱི་ཚུལ་དུ་སྣང་ལ། དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པ་དང་། ཁེ་གྲགས་ལ་སྣང་བ་དེ་ཙམ་མི་གཏོང་བས་སྤྲོ་སྣང་ལྡན་པའི་མི་ཚེ་ཞིག་ཅི་ནས་སྐྱེལ་ཐུབ། གལ་ཏེ་བསམ་བློའི་འཁྱེར་སོ་ཡག་པོ་མེད་ན་དེ་ལས་ལྡོག་ཏུ་སྣང་།


གཅིག རྣམ་འགྱུར་གྱིས་མི་ཚེའི་ཁ་ལོ་གཅུ། 
    མཚན་ཉིད་རིག་པ་མཁས་ཅན་ཞིག་གིས“རང་སེམས་རང་གིས་གཅུན་པ་ལས་གཞན་ཅི”ཞེས་བརྗོད་ཡོད། དངོས་ཡོད་འཚོ་བའི་ནང་རང་ལ་དཀའ་ངལ་གང་འདྲ་འཕྲད་པ་རང་གིས་འགོག་དཀའ་མོད། ཡིན་ནའང་། རང་གི་སེམས་པ་རང་གིས་གཅུན་ཐུབ་ལ་གནས་ཚུལ་ལ་འཛིན་པའི་ལྟ་སྟངས་ཀྱང་རང་སོ་སོར་རག་ལས་ཡོད། ང་ཚོས་མི་གཞན་འགྱུར་ལྡོག་གཏོང་མི་ཐུབ་ཀྱང་སོ་སོ་རང་ཉིད་ལ་འགྱུར་ལྡོག་གཏོང་ཐུབ། དོན་ངོ་མར། མི་དང་མིའི་དབར་ལ་ཁྱད་པར་ཆེན་པོ་མེད། ཡོད་པ་དེ་ནི་བསམ་བློའི་འཁྱེར་སོ་དང་གནད་དོན་ལ་འཛིན་པའི་ལྟ་སྟངས་དེ་ཡིན། དེར་བརྟེན་མི་གཅིག་ལ་གྲུབ་འབྲས་ཐོབ་མིན་དེ་གཙོ་བོ་བསམ་པའི་འཁྱེར་སོར་རག་ལས་ཡོད། 

གཉིས། ཁོང་ཁྲོ་ཁོ་ན་ཟ་བ་ལས་འབད་བརྩོན་བྱས་ན་དགའ། 
    དཔྱིད་ཉི་རིང་མོ་གྲང་གསུམ་དྲོ་གསུམ། མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་ཟེར་བའི་དཔེ་ལྟར། མིའི་མི་ཚེར་དཀའ་ངལ་སྣ་ཚོགས་འཕྲད་སྲིད་ལ་དབྱར་མཚོ་རྒྱས་པ་ཇི་བཞིན་བྱ་བ་ལམ་ལྷོངས་ཡང་བྱུང་སྲིད། དཀའ་སྡུག་གི་གནས་སུ་གྱར་སྐབས་སྨྲེ་ངག་འདོན་པ་དང་དངན་པ་ཁོ་ན་འཐེན་པ་ལས། རླུང་བརྟེན་རླབས་གཤགས་ཀྱིས་མུ་མཐུད་མདུན་དུ་གོམ་ཁ་སྤོ་གྱུར་ན། ནམ་ཞིག ཁྱེད་ལ་འོད་ཟེར་སྟོང་ལྡན་གྱི་ལམ་བུ་ཞིག་རྙེད་སྲིད། 


གསུམ། བསམས་ཕོད་པ་ཙམ་མིན་པར་བསྒྲུབས་ཕོད་ན་ཡག
    མི་ཚེའི་འདུན་པའང་དང་ཐོག་ཕུགས་བསམ་ནས་འགོ་ཚུགས་དགོས་མོད། ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ་ཟེར་བ་ལྟར་རང་ལ་ཕུགས་བསམ་ཡོད་རུང་ལག་པ་མ་སྒུལ་ན་ནམ་ཡིན་ཡང་མངོན་དུ་འགྱུར་ག་ལ་སྲིད། ལས་གང་ཞིག་སྒྲུབ་སྐབས་བློར་མི་འཐད་པའང་ཡང་ན་བསམས་པ་ལྟར་ཡོང་མི་སྲིད། ཡིན་ནའང་ཁྱོད་ཀྱིས་དེ་ལ་སྐྲག་སྣང་ཁོ་ན་བྱས་ནས་ལག་ལེན་རྩ་བ་ནས་མ་བསྟར་ཚེ། ཤོག་བུའི་ཐོག་གི་འཆར་གཞི་ཟེར་བའི་དཔེ་ལྟར་འཆར་གཞི་ཙམ་ལས་གཞན་ཅི་ཡང་མེད་དོ། 

བཞི།  རྒྱུན་དུ་བསམ་བློའི་འཁྱེར་སོ་ཡག་པོ་འཛིན་དགོས་པ་གལ་ཆེ། 
    མི་ཚེའི་ཆུ་རྒྱུན་རིང་མོར་བྱ་བ་ཐམས་ཅད་ལམ་ལྷོངས་ཡོང་མི་སྲིད། གྲུབ་འབྲས་ཐོབ་སྲིད་ལ་ཕམ་ཁ་ཡང་འཕྲད་སྲིད། གལ་ཏེ་ཁྱེད་ཀྱིས་འཚོ་བའི་ཁྲོད་ཀྱི་བགེགས་དང་བར་ཆད་ཁོ་ནར་བསྡིགས་ནས་བསྡད་ན། འཚོ་བར་སྙིང་པོ་མེད་ཅིང་སྤྲོ་སྣང་ནི་དེ་ལས་ག་ལ་ལྡན། ཕུགས་བསམ་མེད་པའི་མི་འདི་མཐའ་ཡས་རྒྱ་མཚོའི་ནང་གི་ཁ་ཕྱོགས་མེད་པའི་གྲུ་ཆུང་ཞིག་དང་གཉིས་སུ་མེད་པར་རང་ལའང་མི་ཚེའི་ཁ་ཕྱོགས་གང་ཡང་རྙེད་མི་སྲིད། དེས་ན་དུས་རྒྱུན་དུ་ནས་བསམ་བློའི་འཁྱེར་སོ་ཡག་པོ་བཟུང་ནས་རང་ཉིད་ཀྱི་མི་ཚེ་དོན་སྙིང་ལྡན་པ་ཞིག་སྐྱེལ་རྒྱུ་ནི་གལ་ཆེ་བར་སེམས་སོ།  

ལྔ། གཞན་ལ་བསམ་ཤེས་བྱེད་དགོས། 
    བོད་ཀྱི་གཏམ་དཔེར་རང་འཇོག་སར་མི་བཞག མི་འཇོག་སར་རང་བཞག་ཅེས་པ་ལྟར། གལ་ཏེ་གཞན་ལ་བསམ་ཤེས་ཐུབ་ན་མི་དང་མིའི་དབར་ལ་ཕྲག་དོག་དང་། ཞེ་སྡང་། ཁྱད་གསོད་མེད་ཅིང་། དཀའ་ངལ་གྱི་འདམ་རྫབ་ཁྲོད་དུའང་ཐོགས་པ་མེད་པར་བསྐྱོད་ཐུབ། 

དྲུག ཆོག་ཤེས་བྱེད་ཤེས་ན་གང་དུ་གནས་ཀྱང་བདེ་ཞིང་སྐྱིད། 
    ལ་ལས་ཡུལ་སྡེ་ཞོད་འཇགས་དང་ལུས་ལ་ནད་ཡམས་མེད་ཅིང་ཕྱུགས་ལ་གོད་ཁ་མེད་ན་བདེ་སྐྱིད་ཡིན་ཟེར། ལ་ལས་བཀྲེས་ལྟོགས་ཀྱི་མནར་ཞིང་གྲང་ངད་ཀྱིས་ལུས་པོ་གཙེས་སྐབས་ཟས་ཁམ་གང་དང་ཇ་ཚ་པོ་ཧུབ་གང་བྱུང་ན་བདེ་སྐྱིད་ཡིན་ཟེར། ཡང་ལ་ལས་རང་གིས་ཉོ་འདོད་པའི་ཅ་དངོས་དེ་ཐོབ་ན་བདེ་སྐྱིད་ཡིན་ཟེར། དོན་དམ་དུ་བདེ་སྐྱིད་ནི་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་འགྲམ་དུ་གནས་ཤིང་། ཟོལ་མེད་ཀྱི་འཚམས་འདྲི་ཞིག་དང་། སྙིང་ལ་གཏད་པའི་གླེང་མོལ་ཞིག དེ་བཞིན་བློ་ངོར་འབབ་པའི་འཛུམ་མདངས་ཤིག་སོགས་འཚོ་བའི་ཁྲོད་ཀྱི་བྱ་དངོས་ཆུང་ཙག་དེ་ཚོ་ལས་བདེ་སྐྱིད་ཀྱི་སྣང་བ་ངང་གིས་བསྟེར་ཐུབ་བོ། 

(ཆོས་བཟང་གིས་སྒྱུར་ཞུས་བྱས)


ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྙན་སྦྱོར་།
རྩོམ་སྒྲིག་པ།  སྐལ་བཟང་ཚེ་དབང་།
ཞུ་དག་པ།   སྒྲོལ་དཀར།


琼鹏丁青
丁青县官微,发布丁青政务信息、经济发展、民生服务、文化旅游等新闻资讯,全方位宣传丁青的新气象、新变化、新面貌和新展望,展示丁青人的时代风采。
 最新文章