༄༅༎ ༢༠༢༤ལོའི་ཆབ་མདོ་གྲོང་ཁྱེར་ཞིང་པའི་ལོ་ལེགས་དུས་ཆེན་བཏང་འདུག

民生   2024-09-23 21:16   西藏  

ཟླ་བ་ ༩ པའི་ཚེས་ ༢༢ ཉིན། སྟེང་ཆེན་རྫོང་རལ་པའི་ཐང་ཆེན་དུ་དགའ་སྤྲོའི་རྣམ་པས་ཁེངས་པ་དང་། ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་དང་སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་"‘གྲོང་སྟོང་ལས་གྲྭ་’སློབ་སྦྱོང་དང་བེད་སྤྱོད་བྱས་ནས་ལོ་ལེགས་བྱུང་བའི་ཀྲུང་གོར་ལེགས་སྐྱེས་འབུལ།"ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་ ༢༠༢༤ ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

ཐང་ཆེན་ཐོག དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་འཁྲུག་ཆ་དོད་པ་དང་། ཞིང་པ་ཚོས་ལུས་ལ་ཚོན་མདངས་རྣམ་པར་བཀྲ་བའི་མི་རིགས་ཀྱི་གྱོན་ཆས་གྱོན་ནས་དགའ་སྤྲོའི་ངང་རང་ཉིད་ལ་དབང་བའི་དུས་ཆེན་དེར་བསུ་བ་ཞུས་པ་དང་། རིམ་ཁག་འགོ་ཁྲིད་དང་སྐུ་མགྲོན། དེ་བཞིན་མང་ཚོགས་མང་པོ་མཉམ་དུ་འཛོམས་ནས་སྤྲོ་སྣང་ལྡན་པའི་དུས་སྐབས་དེར་ཐུན་མོང་ཐོག་དཔང་པོ་བྱས་ཡོད།

འགོ་ཚུགས་མཛད་སྒོའི་ཐོག སྟེང་ཆེན་རྫོང་གི་འདེབས་འཛུགས་(གསོ་ཚགས་)དུད་ཆེན་གྱི་འཐུས་མིས་གཏམ་བཤད་སྤེལ་རེས་བྱས་པ་དང་། རང་ཉིད་ཀྱི་འདེབས་འཛུགས་དང་གསོ་ཚགས་ཀྱི་ཉམས་མྱོང་དང་ལོ་ལེགས་བྱུང་བའི་དགའ་སྤྲོ་མཉམ་སྤྱོད་བྱས་པས། ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཞིག་ཞིང་ལས་ཐོན་སྐྱེད་ནང་ཧུར་ཐག་ངང་ཞུགས་རྒྱུར་སྐུལ་མ་ཐེབས་ཡོད།

བལྟ་བས་མི་ངོམས་པའི་རིག་རྩལ་འཁྲབ་སྟོན་འགོ་ཚུགས་རྗེས་ཞབས་བྲོའི་ལེ་ཚན་“དྲིན་ཚོར་ཡར་བརྩོན་”ཞེས་པ་འཁྲབ་སྟོན་བྱེད་འགོ་ཚུགས་པ་དང་། འཁྲབ་སྟོན་པ་ཚོས་སྟོབས་ཤུགས་ཀྱིས་ཁེངས་པའི་བྱ་སྤྱོད་ཐོག་ནས་ས་གཞི་དེར་དགའ་ཞེན་དང་འབྱུང་འགྱུར་ལ་ཡིད་ཆེས་བརྟན་པོ་བྱེད་ལུགས་མཚོན་པར་བྱས་ཡོད། “ལོ་ལེགས་བྱུང་བའི་དགའ་སྤྲོ་”ཞེས་པ་དེས་ཞིང་པ་རྣམས་ཀྱི་ལོ་ལེགས་བྱུང་བའི་དགའ་སྤྲོ་དམར་དམར་རྗེན་རྗེན་དུ་མངོན་པར་བྱས་ཡོད། གླུ་གཞས་“རྨི་ལམ་ནང་གི་པུ་རྒྱལ་གངས་རི་”དང་“པུ་ཐོག་མཚོ་མོའི་ཁ་ཆད།”“མཁའ་དབྱིངས་ཀྱི་རྩེ་དྲུག”སོགས་ཀྱིས་ལྟད་མོ་བའི་སྣེ་ཁྲིད་དེ་སྟེང་ཆེན་རྫོང་གི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་བལྟ་བ་དང་འདྲ་བར་མི་རྣམས་ཡིད་དབང་འཕྲོག་པ་ཞིག་འདུག


འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། བྱེད་སྒོའི་འབྲེལ་ཡོད་མི་སྣ་མཉམ་དུ་སྟེང་ཆེན་རྫོང་ཞིང་ལས་སྣོད་བཅུད་ཐོན་ལས་གླིང་དུ་ལྟ་སྐོར་བྱེད་པར་བསྐྱོད་པ་རེད། ཐོན་ལས་གླིང་ནང་ཀྭ་རིགས་དང་ཤིང་འབྲས་ཀྱི་དྲི་ཞིམ་གང་སར་འཐུལ་བ་དང་། སྔོ་ཚལ་སོས་པས་ཁེངས་པ་སོགས་དེང་རབས་ཞིང་ལས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ཚང་མས་ལྟ་སྐོར་བྱེད་ཞོར་དུ་ལས་དོན་མི་སྣའི་ངོ་སྤྲོད་གསན་པ་དང་ཐོན་ལས་གླིང་གི་འཕེལ་རྒྱས་གཏོང་སྟངས་དང་ཚན་རྩལ་གསར་གཏོད། དེ་བཞིན་ཞིང་པའི་འབབ་འཕར་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ནས་"གྲོང་སྟོང་ལས་གྲྭས་"གྲོང་གསེབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ས་གནས་ས་ཐོག་ཏུ་མྱོང་ཚོར་གནང་བ་རེད།

ཐེངས་འདིའི་ལོ་ལེགས་དུས་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཞིག་ཡོད། སྟེང་ཆེན་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་དང་དེ་བཞིན་ཞིང་འཕྲུལ་ཡོ་བྱད་འགྲེམས་སྟོན་ཁུལ་དུ་སྔོན་ཐོན་གྱི་ཞིང་འཕྲུལ་ཡོ་བྱད་རེ་རེ་ལས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་རེ་རེ་མངོན་གྱི་ཡོད། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་ཁུལ་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། སྟེང་ཆེན་རྫོང་གི་སྙིང་བཅུད་ལྡན་པའི་ཞིང་ལས་ཐོན་རྫས་འདུས་ཡོད། འགྲེམས་དངོས་སྣ་ཚོགས་ཚོན་མདངས་རྣམ་པར་བཀྲ་བ་དང་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་དེ་དག་ཚང་མ་ཞིང་འབྲོག་མང་ཚོགས་ཀྱིས་དཀའ་སྤྱད་ངལ་རྩོལ་བྱས་པའི་འབྲས་བུ་ཤ་སྟག་རེད། སྤུས་ལེགས་ཀྱི་ཚགས་ཤ་དང་སྤོས། ཕག་ཤ་སོགས་ཤ་རིགས་ཐོན་རྫས་ཀྱང་གྲལ་སྟར་འགྲིག་པོས་བསྒྲིགས་ནས་ཡུལ་སྐོར་བར་བྲོ་བ་མྱོང་དུ་བཅུག་བཞིན་ཡོད། དེ་བས་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་བོད་བཟོའི་བསླས་འཐག་དང་ཤིང་བརྐོས་སོགས་ཀྱིས་སྟེང་ཆེན་རྫོང་གི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པར་བྱས་ཡོད། ཞིང་འབྲོག་པ་ཚོས་སྤྲོ་སེམས་འཁོལ་བའི་ངང་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བར་རང་ཉིད་ཀྱི་ཐོན་རྫས་ངོ་སྤྲོད་བྱེད་པ་དང་། ངོ་གདོང་ནས་ལོ་ལེགས་བྱུང་བའི་སྤོབས་སེམས་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་བྱས་པ་དེས་ཞིང་ལས་ཐོན་རྫས་བྲིན་ཚོང་བྱ་རྒྱུར་སྐུལ་མ་ཐེབས་པ་མ་ཟད། སྟེང་ཆེན་རྫོང་དང་ཕྱི་ཕྱོགས་དབར་ཉམ་མྱོང་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཡང་ཤུགས་སྣོན་ཐེབས་ནས་སྟེང་ཆེན་རྫོང་གི་ཞིང་ལས་འཕེལ་རྒྱས་ལ་གོ་སྐབས་གསར་པ་བྱུང་ཡོད།

ཞིང་འབྲོག་མང་ཚོགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱེད་སྒོ་སྤེལ་ཡུལ་དུ་ཤུགས་རྒྱོབ་ཞེས་པའི་སྒྲ་དང་། དགའ་འབོད་ཀྱི་སྒྲ་འུར་འུར་དུ་གྲགས་བཞིན་ཡོད། སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་མངོན་པ་མ་ཟད། མི་རིགས་ཀྱི་རིག་གནས་དེ་བས་རྒྱུན་འཛིན་ཐུབ་པ་མངོན་ཡོད། མཚན་ཁྲོམ་གྱི་དཔལ་འབྱོར་དང་བྲིན་ཚོང་བྱེད་སྒོས་ལོ་ལེགས་དུས་ཆེན་ལ་འཁྲུག་ཆ་དོད་པའི་རྣམ་པ་དེ་བས་མང་བ་བཏོད་ཡོད།ཁྱད་ལྡན་ཞོར་ཟས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཀྱི་ཡོད། དགོང་མོ་སྤྲོ་སྣང་ལྡན་པའི་སྒོར་གཞས་ཀྱིས་ལོ་ལེགས་དུས་ཆེན་གྱི་རྣམ་པ་མཐོ་རླབས་སུ་སྐུལ་འདེད་བྱས་ཡོད། མི་རྣམས་ཀྱིས་ལག་རྡང་སྦྲེལ་ནས་མེ་ཕུང་ལ་སྐོར་ནས་བྲོ་འཁྲབ་ནས་མཉམ་དུ་ལོ་ལེགས་ཀྱི་དགའ་སྤྲོ་ལ་རྟེན་འབྲེལ་ཞུ་བཞིན་ཡོད།

ཆབ་མདོ་གྲོང་ཁྱེར་གྱིས་ ༢༠༢༤ ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་བདེ་བླག་ངང་གཉེར་བ་དེས་ཞིང་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་ཤུགས་ཆེར་འཕེལ་ནས་སྟེང་ཆེན་རྫོང་ཙམ་མ་ཟད། ཆབ་མདོ་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སྟེང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝའེ་ཝན་ནེང་དང་། ཐན་ཅིན་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཏང་ཨུད་ཧྲུའུ་ཅི་ཡང་ཧུང་ལིད། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་བསོད་ནམས་བློ་གོ སྟེང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་གཞུང་གི་རྫོང་དཔོན་ཚེ་ཐར་སོགས་འབྲེལ་ཡོད་དབུ་ཁྲིད་བྱེད་སྒོའི་ནང་ཞུགས་ཡོད།

琼鹏丁青
丁青县官微,发布丁青政务信息、经济发展、民生服务、文化旅游等新闻资讯,全方位宣传丁青的新气象、新变化、新面貌和新展望,展示丁青人的时代风采。
 最新文章