རྟེན་ཁྱད་གྲངས་ཉུང་རིགས་ཀྱི་བུ་ཆུང་གཉིས་ཀྱི་གཏམ་རྒྱུད།两个男孩自我觉醒的故事

文摘   2024-12-21 21:45   四川  


རྟེན་ཁྱད་གྲངས་ཉུང་རིགས་ཀྱི་བུ་ཆུང་གཉིས་ཀྱི་གཏམ་རྒྱུད། 

两个男孩自我觉醒的故事

རྩོམ་པ་པོ། ཆོས་དཔལ་བཟང་པོ། 

作者:邱华绒吾


ཀློག་འདོན་པ། བཀྲ་ཤིས་རྒྱ་མཚོ། 

ཡེ་ཤེས་སྒྲོལ་མ། 

诵读人: 尕西严木初

益西卓玛


     

ཡ་མ་ཚེ་སྐྱིད་(བསྒྱུར་མིང་)ནི་བུ་ཞིག་ཡིན་ལ། མིང་ངོ་མར་ཡ་མ་ཚེ་རིང་(བསྒྱུར་མིང་)ཞེས་ཟེར། ཡིན་ནའང་། ཁོང་ནི་ཡ་མ་སྟེ། བུ་གཉིས་གསུམ་ཞིག་ཆུང་སྲིའི་རྐྱེན་གྱིས་ཤི་སོང་བའི་རྗེས་ཀྱི་བུ་ཞིག་ཡིན་པས། སྐྱེས་མ་ཐག་ནས་ཁོང་གི་ཕ་མ་གཉིས་པོས་ཁོང་ལ་བུ་མོའི་གོན་པ་བསྐོན་པ་དང་རྒྱན་ཆ་བཏགས་པ། ཁྱིམ་མཚེས་སོགས་ལའང་བུ་མོ་ཞིག་ཡིན་པར་བཤད་པར་མ་ཟད་། གཞན་ལ་བཤད་བདེ་བའི་ཆེད་དུ་ཡ་མ་ཚེ་སྐྱིད་ཞེས་མིང་བསྒྱུར་བ་དང་། གཅེས་མིང་ལ་ཚེ་སྐྱིད་དམ་སྐྱིད་སྐྱིད་ཅེས་བཏགས་པས། མི་མང་པོ་ཞིག་གིས་ཁོ་རང་བུ་མོ་ཞིག་ཡིན་པར་འཁྲུལ་ཡོད་པར་མ་ཟད། ཐ་ན། ཡུན་རིང་པོ་སོང་རྗེས་ཁོ་རང་གིས་ཀྱང་རང་ཉིད་བུ་མོ་ཞིག་ཡིན་པར་བསམ་ནས་རིམ་བཞིན་གཤིས་སྤྱོད་ཀྱང་བུ་མོ་ལྟ་བུར་གྱུར་ནས་འགྲོ་རོགས་དང་འདུག་རོགས། རྩེད་རོགས་དང་དགོད་རོགས་ཕལ་ཆེ་བ་བུ་མོ་རྐྱང་རྐྱང་ཡིན། འདིར་ཕལ་ཆེར་ཟེར་དགོས་དོན་ནི། ཁོང་ལ་མཉམ་འགྲོ་མཉམ་འདུག་གི་རྩེད་རོགས་བུ་ཞིག་ཡོད་དེ།  དེ་ནི་ཆོས་དབྱིངས་(བསྒྱུར་མིང་)ཡིན། ཆོས་དབྱིངས་ཀྱི་མིང་ཆ་ཚང་ལ་ཆོས་དབྱིངས་ཡེ་ཤེས་(བསྒྱུར་མིང་)ཟེར་ཞིང་། གཅེས་མིང་ལ་ཆོས་དབྱིངས་སམ་ཆོས་ཆོས་ཀྱང་ཟེར།  ཁོང་གཉིས་པོ་སློབ་གྲོགས་ཡིན་ལ། སྐྱིད་ཡ་སྡུག་རོགས་ཀྱང་ཡིན་ཞེས་བཤད་ཆོག་སྟེ།  རྒྱུ་མཚན་ནི་ཁོང་གཉིས་པོར་བུ་མོའི་གཤིས་སྤྱོད་ཡོད་པས། སློབ་ཆུང་དང་སློབ་འབྲིང་སྐབས་ཀྱི་སློབ་གྲོགས་ཚང་མས་ཕོ་མིན་མོ་མིན་ཞེས་མིང་བཏགས་ནས་རྩེད་མོ་རྩེད་སྤྱད་བྱ་སྲིད་ལ། སློབ་གྲོགས་ཚོ་མཉམ་འཛོམས་ཀྱི་རྩེད་རིགས་མང་པོ་ཞིག་གི་གྲས་སུའང་ཁོང་གཉིས་ཞུགས་མི་ཆོག་པར་འདུག

    རིམ་བཞིན་སློབ་ཆེན་ལ་སླེབས་པ་ནས། གཉིས་པོའི་ལང་ཚོ་སྨིན་ཞིང་། བརྩེ་དུང་དང་བརྩེ་དུང་གི་འཚོ་བའི་ཐད་ལའང་མྱུ་གུ་འབུས་མགོ་བརྩམ། ལྷག་པར་དུ་ཆོས་དབྱིངས་ནི་ཆུང་དུས་ནས་སློབ་གྲོགས་གཞན་དག་དང་མི་འདྲ་བར། གླུ་གར་རྩེད་མོ་དང་། མི་འབྲེལ་ནུས་པ། རྩ་འཛུགས་དོ་དམ་སོགས་གང་ཐད་ནས་གཞན་ལས་ལྷག་པ་ཞིག་ཡིན་པས། སློབ་གྲྭ་དེའི་སློབ་མ་བུ་དང་བུ་མོ་མང་པོའི་ཡིད་སྨོན་སྐྱེ་ས་ཞིག་ཡིན་ལ། ལྷག་པར་དུ་སློབ་ཆེན་གྱི་ནང་དུ་སླེབས་པ་ནས་ཁོང་ཚོར་རང་རང་གིས་རྩིས་འཕྲུལ་ཡོད་པ་དང་། དྲྭ་ལམ་ནས་རྟེན་ཁྱད་མི་འདྲ་བ་སོ་སོའི་འདྲ་མཉམ་དང་ཁེ་དབང་གི་སྐོར་ལ་ཤེས་རྟོགས་མང་ཙམ་བྱུང་ལ། འདོད་པ་རོལ་ཕྱོགས་ཀྱི་ཐད་ནས་ཀྱང་ཕོ་དང་ཕོའི་བར་གྱི་ལུས་འབྲེལ་འཚོ་བ་ཞེས་པ་ཞིག་ཀྱང་ཡོད་པ་རྟོགས་ནས། ཆོས་དབྱིངས་ཀྱིས་ཐེངས་མང་པོར་སྣེ་ཁྲིད་དང་རེ་བསྐུལ་བྱས་པར་བརྟེན། ཁོང་གཉིས་ཀྱིས་ལྐོག་ལྐོག་སུད་སུད་དུ་བརྩེ་དུང་གི་འཚོ་བ་རོལ་མགོ་བརྩམ།

    ཚེ་སྐྱིད་ལ་མཚོན་ན་ཆོས་དབྱིངས་ནི་ཆུང་དུས་ནས་མཉམ་འགྲོ་མཉམ་འདུག་བྱེད་རོགས་ཡིན་པ་དང་། སྐྱིད་ཡ་སྡུག་རོགས་ཡིན་པ། ཁོང་གཉིས་པོའི་དམིགས་བསལ་གྱི་གཤིས་སྤྱོད་བཅས་ཀྱི་དབང་གིས་ལས་དབང་གཅིག་པའི་རྩེད་རོགས་ཤིག་ཡིན་བསམ་པ་དང་། གྲོགས་པོ་ཆོས་དབྱིངས་ལ་རིག་གནས་དང་ནུས་རྩལ་སོགས་གང་ཐད་ནས་བརྩེ་དུང་གི་ཕྱོགས་ནས་གོ་སྐབས་ཤིན་ཏུ་མང་པོ་ཡོད་རུང་། དེ་དག་སུ་གཅིག་ལའང་འབྲེལ་བ་མི་བྱེད་པར་ཁོང་དང་མཉམ་དུ་འདོད་པ་རོལ་བ་དེ་ཁོང་ལ་བརྩི་འཇོག་དང་མཛའ་གཅུགས་ཀྱི་མཚན་རྟགས་ཤིག་ཡིན་བསམ་པ་དང་། ཆོས་དབྱིངས་ཀྱིས་ནམ་ཡང་རྒྱལ་ཕྱི་ནང་གི་རྟགས་མཚུངས་སྦྱོར་བའི་སྐོར་གྱི་བརྙན་དང་འདྲ་པར་མང་པོ་ཞིག་བསྟན་བསྡད་པས། མཐར་ཚེ་སྐྱིད་རང་ཉིད་ཀྱིས་ཀྱང་རང་ཉིད་རྟགས་མཚུངས་ཀྱི་འཚོ་བ་རོལ་མཁན་ཞིག་ཡིན་པར་བསམ་པ་ལས། སེམས་ཀྱི་གཏིང་ན། དམིགས་བསལ་གྱི་བརྩེ་དུང་དང་གཡོ་མེད་ཀྱི་འདོད་ཕྱོགས་གང་ཡང་མི་འདུག་ཟེར།  དྲང་མོར་བཤད་ན། ཆུང་ངུའི་དུས་སུ་བུ་མོ་མང་པོ་ཞིག་གིས་ཁོང་ལ་ཕོ་མིན་མོ་མིན་ཞེས་མིང་བཏགས་པ་དང་མཚང་འདྲུ་བྱས་བསྡད་པས། བུ་མོ་གཞན་ཞིག་ལ་དགའ་བའི་ཚུལ་སྟོན་པ་དང་འདོད་ཕྱོགས་མཚོན་པའི་སྤོབས་པའང་མེད་པ་འདྲ།

    ཆོས་དབྱིངས་ནི་དེ་ལས་ལྡོག་སྟེ། ལུས་ན་ན་རེག་འདོད། སེམས་ན་ན་བཤད་འདོད་ཅེས་པ་ལྟར། བློ་གཅིག་སེམས་གཅིག་དང་སེམས་ཐག་ཆོད་པོས་རང་ཉིད་རྟགས་མཚུངས་སྦྱོར་མཁན་ཞིག་ཡིན་པའི་ངེས་ཤེས་ཡོད་ལ། བུད་མེད་ཅི་འདྲའི་མཛེས་མ་དང་གཤིས་བཟང་ཞིག་དང་འཕྲད་རུང་། ཁོང་ལ་བརྩེ་དུང་གི་འདོད་ཕྱོགས་འཁོར་ཐབས་གཏན་ནས་མེད་པར་མ་ཚད། བུད་མེད་ཚོས་ཁོང་ལ་དགའ་བའི་རྣམ་འགྱུར་བསྟན་ན། དེ་ལ་སྐྱུག་མེར་ལངས་ཡོང་གིན་འདུག་ཟེར་ལ། རང་ཉིད་ཀྱི་ལུས་འབྲེལ་འདོད་ཕྱོགས་འདི་ཡིན་དང་འདི་མིན་གྱི་སྐོར་ཉེ་འཁོར་གྱི་མི་མང་པོ་ཞིག་ལ་ཤེས་སུ་འཇུག་འདོད་པར་གྱུར་ལ། དེ་བཞིན་དུ་རང་གི་ཕ་མ་གཉིས་ལའང་དེ་ལྟར་བཤད་འདུག ཁོང་གི་ཕ་མ་གཉིས་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་རུང་། སྲོལ་རྒྱུན་ནས་ཀྱང་སྲོལ་རྒྱུན་གྱི་བཟའ་ཚང་ཞིག་ཡིན་པས། ཅི་འདྲའི་ལྟས་ངན་དང་བཙོག་པ། ངོ་ཚ་ཆེན་པོ་ཞིག་ཡིན་པར་བསམ་ནས། ཆོས་དབྱིངས་རྒྱལ་ནང་གི་ཞིང་ཆེན་མང་པོའི་ནང་ཟགས་མ་ལག་དང་སེམས་ཁམས་དང་དབང་རྩའི་མ་ལག་ཚན་ཁག་གི་སྨན་པ་མང་པོའི་དྲུང་དུ་ཁྲིད་ཅིང་། “སྨན་བཅོས་”རབ་དང་རིམ་པ་བྱས་ཡོད་པར་མ་ཟད། དྲྭ་ལམ་གྱི་མི་ཚོགས་ཁ་ཤས་ཀྱི་ཁར་ཉན་ནས། གློག་བཅོས་མནར་གཅོད་ཀྱང་ཐེངས་མང་པོ་མྱོང་ཡོད་པར་བཤད།

    ཆོས་དབྱིངས་ཀྱི་ཕ་མས་མི་གཞན་གྱི་ངག་ནས་ཐོས་པ་ལྟར་ན། རྟགས་མཚུངས་སྦྱོར་མཁན་གྱི་སྐྱེས་པ་ནི་ཨེ་ཛི་འགོ་བའི་ཉེན་ཆེའི་མི་ཚོགས་ཀྱི་གྲས་ཡིན་ལ། ཀྲུང་གོའི་ས་ཁུལ་ཁག་ཅིག་གི་རྟགས་མཚུངས་སྦྱོར་མཁན་གྱི་སྐྱེས་པའི་ཁྲོད་དུ། ཨེ་ཛི་བྱུང་ཚད་10%ཡན་ལ་བུད་ཡོད་པ་སོགས་ཐོས་འདུག་པས། ཁོང་ཚོས་ཆེད་དུ་ཆོས་དབྱིངས་ཁྲིད་ནས་ངེད་ཨེ་འགོག་ཞབས་ཞུ་ལྟེ་གནས་སུ་སླེབས་ཤིང་། འབྲེལ་ཡོད་ཀྱི་འདྲི་རྨེད་དང་བརྟག་བཤེར་བྱས་པས་གཤམ་གྱི་ཁ་བརྡ་དེ་དག་བྱུང་བ་ཡིན།

    སྤྱིར་མིག་སྔར་གྱི་ཏན་གྲངས་ལས་རྟོགས་པ་ལྟར་དང་། རྟེན་མཐུན་མ་ཡིན་པ་དང་བསྡུར་ན། རྟགས་མཚུངས་སྦྱོར་མཁན་གྱི་སྐྱེས་པ་ཚོར་ཨེ་ཛིའི་ནད་དུག་འགོ་ཚད་ཅུང་མཐོན་པོ་ཡིན་རུང་། ཉེན་ཆེའི་སྤྱོད་པ་ཞེས་པ་ཞིག་ལས། ཉེན་ཆེའི་མི་ཚོགས་ཞེས་པ་ཞིག་མེད།  སྤྱོད་པ་ཉེན་ཁ་ཅན་ཞིག་སྤེལ་ན། མི་སུ་ཡིན་རུང་ཨེ་ཛི་འགོ་བའི་ཉེན་ཁ་ཡོད་པས། ཁྱེད་ཕ་མ་གཉིས་པོས་ཁོང་གི་མི་གཞི་ལ་དམའ་འབེབས་དང་། བདེ་ཐང་དང་རང་བདག་གི་དབང་ཆར་རྡོག་བརྫིས་གཏོང་མི་རུང་། ཆོས་དབྱིངས་ནི་རྟགས་མཚུངས་སྦྱོར་མཁན་ཞེས་པ་རེད་ལ། དེའི་མིང་གཞན་ལ་མ་ནིང་ངམ་རྟེན་ཁྱད་གྲངས་ཉུང་རིགས་(性少数群体)ཀྱི་མི་ཚོགས་ཀྱང་ཟེར། དེ་ནི་དེང་སང་གཟོད་གསར་དུ་བྱུང་སོང་བ་ཞིག་མིན་ལ། ལོ་ངོ2500ཡར་སྔོན་ནས་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་སྐུ་བཞུགས་ཀྱི་དུས་ནས་རྒྱ་གར་སོགས་སུ་ཡོད་པ་ཞིག་ཡིན་ལ། ང་ཚོ་བོད་ཀྱི་གསོ་བ་རིགས་པའི་ནང་དུའང་དེའི་སྐོར་བཤད་ཡོད་ས་ཡོད། ཚན་རིག་གི་ནང་དུ། རྒྱུད་རྒྱུ་རིག་པ་བ་ཚོས་བཤད་ན། དེ་ནི་ང་ཚོའི་རྒྱུད་རྒྱུའི་ཚོས་ཕུང་མ་འདྲ་བས་བསྐྱེད་པ་ཞིག་ཡིན་ཟེར་ལ། གཤག་བཅོས་རིག་པ་བ་ཚོས་བཤད་ན། སྐྱེས་པ་མང་པོ་ཞིག་གི་ལུས་ཕུང་དུ་བུད་མེད་ཀྱི་རྟེན་རྟགས་ཀྱི་གྲུབ་ཆ་ཡོད་པར་བཤད་། ད་དུང་ཆོས་ལུགས་མི་སྣ་ཁ་ཅིག་གིས་གསུངས་ན། དེ་ནི་ཚེ་སྔ་མའི་བག་ཆགས་མ་ཡལ་བས་ཡིན་པར་བཤད་པའང་ཡོད། གང་ལྟར། ལྟོས་བཅས་ཀྱིས་བཤད་ན། མང་པོ་མིན་པ་ཙམ་ལས་ཡོད་མི་ཆོག་པ་ཞིག་མིན་པས། ང་ཚོས་བསམ་ཤེས་དང་རྒྱབ་སྐྱོར་བྱ་དགོས་ལ། དགོས་མཁོ་བྱུང་ན། དམིགས་བསལ་གྱི་སེམས་གསོ་དང་རོགས་རམ་ཡང་བྱ་དགོས་ཞེས་བཤད་པ་ཡིན།

    བཤད་བཤད་ནས་དེ་ཙམ་དུ་སླེབས་དུས། ཆོས་དབྱིངས་ཀྱི་ཨ་མས། འོ་ན། འདི་ལ་སྨན་བཅོས་བྱ་རྒྱུ་ཡོད་དམ་ཞེས་དྲིས། ངས། འདི་ནད་ཅིག་མིན་ན། སྨན་བཅོས་བྱ་རྒྱུ་གང་ན་ཡོད། ཡིན་ནའང་། ང་ཚོས་ཁོང་ཚོར་བསམ་ཤེས་དང་རྒྱབ་སྐྱོར་མེད་ཅིང་། མཐོང་ཆུང་དང་ཟུར་ཟ་སོགས་བྱས་བསྡད་ན། ཁོང་ཚོར་སེམས་ཁམས་ཀྱི་ཁུར་བོ་ཇེ་ལྕི་རུ་སོང་ནས། མཐར་སེམས་ཁམས་ཀྱི་ནད་པར་འགྱུར་ཉེན་ཡོད་ལ། དེའི་སྐབས་སུ་སེམས་ཁམས་ཁྲིད་སྟོན་བྱ་ཆོག ཡིན་ནའང་། དེའང་སེམས་ཁུར་སྤྲོད་མཁན་གྱི་མི་དེ་དག་ལ་ཁྲིད་སྟོན་བྱེད་བཞིན་ཡོད་པ་ལས། རྟགས་མཚུངས་སྦྱོར་མཁན་ལ་ཁྲིད་སྟོན་བྱེད་བཞིན་ཡོད་པ་མ་རེད། བརྒྱ་ལ་རྟགས་མཚུངས་སྦྱོར་མཁན་ལ་སེམས་ཁམས་ཁྲིད་སྟོན་ཞིག་དགོས་པའི་དབང་དུ་བཏང་རུང་། དེ་ནི་ཁོང་ཚོར་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་གདོང་ཕྱོགས་ཐབས་དང་། ནད་ཡམས་སྔོན་འགོག་བྱེད་ཐབས་སོགས་ཀྱི་ཐད་ནས་བཤད་པ་ལས། རང་གཤིས་སུ་ཆགས་ཟིན་པའི་རྟགས་མཚུངས་སྦྱོར་བའི་དགའ་ཕྱོགས་ལ་འགྱུར་བ་གཏོང་ཆེན་ཁྲིད་སྟོན་བྱེད་མཁན་ཞིག་ཡོད་པ་མ་རེད་ཅེས་བཤད། རྟགས་མཚུངས་སྦྱོར་མཁན་ཞེས་པ་དེ་ནི་མི་ཙམ་གྱིས་མ་ཚད། སྤྲེའུ་སོགས་རིག་ལྡན་སྲོག་ཆགས་དང་། གནག་ཕྱུགས་སོགས་དུད་འགྲོའི་ནང་དུའང་ཡོད་སྲིད་པས། དེ་ཉུང་ཉུང་ཞིག་ཡིན་པ་ཙམ་ལས་རྒྱུན་ལྡན་མིན་པ་ཞིག་ཅི་ཡང་མ་རེད་ཅེས་བཤད་པ་ཡིན།

    ཁ་བརྡ་འདི་དག་གིས་ཆོས་དབྱིངས་ཀྱི་ཕ་མ་གཉིས་པོའང་ཅུང་སེམས་བདེ་བར་གྱུར་སོང་ལ། ཆོས་དབྱིངས་ནི་དགའ་བ་དང་སེམས་འགུལ་ཐེབས་པ་གཉིས་ཀྱིས་མིག་མཐའ་མཆི་མས་བསྐོར་ནས་དེ་གར་བསྡད་འདུག

    ཉིན་ཤས་སོང་རྗེས། ཆོས་དབྱིངས་ཀྱིས་ཁ་པར་སླེབས་ཏེ། དགེ་རྒན་ལགས། ང་ནི་ཆོས་དབྱིངས་ཡིན། ད་ང་བདེ་བླག་ངང་སློབ་གྲྭའི་ནང་དུ་ཕྱིར་སླེབས་ཚར་བས་ཁྱེད་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། ད་ང་ལ་རེ་བ་ཞིག་ཡོད་པ་ནི་ངའི་སློབ་གྲོགས་ཚེ་སྐྱིད་ལ་རོགས་རམ་ཞིག་མཛད་རོགས་ཞུ། ཁོང་གིས་ང་དང་མཉམ་དུ་རྟགས་མཚུངས་སྦྱོར་བཞིན་ཡོད་རུང་། ད་དུང་རང་ཉིད་རྟགས་མཚུངས་ཀྱི་མི་སྣ་ཞིག་ཡིན་པ་ཁས་མི་ལེན་པ་དང་། དེ་ནི་མ་རུང་བ་དང་མི་ལེགས་པ་ཞིག་ཡིན་པའི་ནོར་འཁྲུལ་གྱི་ལྟ་བ་ཞིག་འདུག་ཅེས་ཟེར།

   དེ་ནས་ང་ཚེ་སྐྱིད་ལ་ཐུག་དུས་ནི་སློབ་དུས་རྗེས་མའི་མགོ་ཚུགས་སྐབས་ཙམ་ཞིག་ཡིན་ལ། ངེད་གཉིས་ཀྱིས་གཟའ་མཇུག་གི་དུས་ཚོད་ཅིག་སྤྱད་ནས་ངའི་ཞབས་ཞུ་ལྟེ་གནས་ཀྱི་ནང་དུ་ཁ་བརྡ་ཡུན་རིང་པོར་བྱས་པ་ཡིན་ལ། རྗེས་ནས་ང་ལ་ངོས་ཟིན་ཞིག་ཐོབ་པ་ནི། ཚེ་སྐྱིད་དེ་ཆོས་དབྱིངས་དང་མི་འདྲ་བར། ལྷན་སྐྱེས་ཀྱི་རྟགས་མཚུངས་མི་སྣ་ཞིག་མ་ཡིན་པར། སྲོལ་རྒྱུན་གྱི་གོམས་གཤིས་སོགས་ཀྱིས་ཆུང་དུས་སུ་ཁོང་གི་ཕ་མ་གཉིས་པོས་བཙན་གྱིས་སམ་ཨུ་ཚུགས་ཀྱིས་བསྒྱུར་བའི་“རྟགས་མཚུངས་མི་སྣ་”ཞིག་ཡིན་འདུག་སྟེ། ཁོང་གིས་རང་གི་གྲོགས་པོའི་ངོ་མ་གཅོག་པར་རྟགས་མཚུངས་སྦྱོར་བ་དང་ལེན་བྱས་བཞག་པ་ཙམ་ལས།  ཁོང་གི་རང་བཞིན་དུ་གྲུབ་པའི་གཤིས་སྤྱོད་དམ་འདོད་པ་རོལ་ཕྱོགས་ཤིག་མ་རེད་སྙམ་སྟེ། ལོ་འདི་དག་ལ་ཁོང་གིས་བུ་མོ་རེར་དགའ་རོགས་སྒྲིག་བཞིན་ཡོད་ལ། དེའི་སྐབས་སུ་བྱུང་བའི་བརྩེ་བ་དང་དགའ་ཞེན་ནི་སྐྱེས་པ་ཞིག་གི་ལུས་ཐོག་ནས་ཐོབ་མི་ཐུབ་པ་ཞིག་ཡིན་པར་བཤད་ལ། ལོ་ཆེ་ནས་ཆེ་རུ་གྱུར་རྗེས། སྔར་གྱི་འདོད་པ་རོལ་ཕྱོགས་དེར་མི་དགའ་བར་མ་ཟད། ཞེན་པ་ལོག་པ་ཞིག་ཏུའང་འགྱུར་བཞིན་འདུག་ཟེར།

   གང་ལྟར་ངས་དེ་རིང་གཏམ་རྒྱུད་འདི་ཡིག་ཐོག་ཏུ་ཕབ་དོན་ནི། རྟགས་མཚུངས་ཀྱི་འདོད་པ་དེ་ཡག་པོ་རེད་ཅེས་བསྟོད་པ་བྱེད་པའི་ཆེད་དུ་མིན་ལ། དེ་སྡུག་པོ་ཞིག་རེད་ཅེས་དགག་པ་རྒྱག་པའི་ཆེད་དུའང་མིན། ང་ཚོའི་མི་ཚོགས་ཁྲོད་དུ་ཁ་ཅིག་གིས་སྐེ་ཕྱེ་(芥末)ཟ་བཞིན་ཡོད་ལ། ཟ་བ་ཙམ་གྱིས་མ་ཚད་དེ་ལ་དགའ་བཞིན་ཡོད། ཁ་ཅིག་གིས་ནི་སྐེ་ཕྱེ་ཟ་བཞིན་མེད་ལ། མི་ཟ་བས་མ་ཚད། ཞེན་པ་གཏིང་ནས་ལོག་མཁན་ཡང་ཡོད། ང་ཚོ་སྐེ་ཕྱེ་ཟ་རྒྱུར་མི་དགའ་བའི་གྲས་ཡིན་པས། དེ་ཟོས་ན་ཐ་ཤལ་རེད་ཅེས་བཤད་མི་རུང་ལ། སྐེ་ཕྱེ་ཟ་རྒྱུར་དགའ་བའི་མི་ཚོགས་ཚོས་ཀྱང་། དེ་མ་ཟོས་ན། དར་སྲོལ་གསར་བའི་རྗེས་སུ་ལུས་སོང་བ་ལྟ་བུའི་ཁྱབ་སྒྲོག་བྱེད་མི་རུང་། སོ་སོ་མི་བུ་སྒེར་ཚུགས་པ་རེ་ཡིན་པའི་ཆ་ནས། སོ་སོར་རང་ལུས་བདག་སྲུང་དང་མི་གཞི་སྲུང་སྐྱོབ་ཀྱི་དབང་ཆ་ཡོད་ཅེས་བཤད་འདོད་པ་དེའོ། ། 

藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章