ཁ་སང་ངས་སྤྱི་སྟེགས་སུ་བརྟག་ཤོག་ཉོ་ས་རེ་ངོ་སྤྲོད་བྱས་པ་ཡིན་ལ། མི་མང་པོ་ཞིག་གིས་དེ་དག་རིན་གོང་མཐོ་དྲག་འདུག་པས། དེ་ལས་གོང་སླ་མོ་ཅན་རེ་ངོ་སྤྲོད་བྱ་རྒྱུ་ཡོད་དམ་ཞེས་དྲིས་བྱུང་། དེ་བས། དེ་རིང་འདིར་ཐའོ་པའོ་(淘宝)དང་ཕིང་ཏོ་ཏོ་(拼多多)སོགས་བརྒྱུད་ནས་རིན་གོང་ཅུང་བདེ་བོ་ཅན་གྱི་བརྟག་ཤོག་སོགས་ཉོ་ཐབས་དང་། དེ་དག་བེད་སྤྱོད་བྱེད་སྟངས་ཀྱི་སྐོར་ཅུང་ཟད་ཞུ་བར་བྱ་སྟེ། དང་པོ་གོང་གི་མཉེན་ཆེ་དེ་དག་ཕབ་ལེན་བྱས་ཤིང་དེའི་ཁ་ཕྱེ་ནས། དེའི་འཚོལ་བཤེར་འཆར་ངོས་ནང་དུ་(艾滋病检测试剂)ཞེས་པ་གཏག་ན། དེ་ལ་ཁྲག་གི་ལམ་ནས་བརྟག་བྱེད་དང་། ཁ་ཆུ་བརྒྱུད་ནས་བརྟག་བྱེད་དང་། ཆུ་རྟགས་བརྒྱུད་ནས་བརྟག་བྱེད་བཅས་བརྟག་ཤོག་རིགས་གསུམ་ཡོད་པ་ལས། ལྟོས་བཅས་ཀྱིས་ཁྲག་གི་ལམ་ནས་བརྟག་བྱེད་དེ་དག་ཚད་མཐོན་པོ་ཡོད་ལ། གོང་ཡང་དམའ་མོ་ཡོད། ཡིན་ནའང་། སྟབས་བདེ་ཤོས་དང་བདེ་འཇགས་ཡིན་ཤོས་ནི་གཅིན་པའམ་ཆུ་རྟགས་བརྒྱུད་ནས་བརྟག་པ་དེ་ཡིན་རུང་། ལྟོས་བཅས་ཀྱིས་དེ་ནི་གོང་ཅུང་མཐོན་པོ་ཡོད། དེ་གསུམ་ལས་གང་ཡིན་རུང་། ཨེ་ཛིའི་ནད་དུག་འགོས་ནས་ཡུན་རིང་པོ་མ་སོང་མཁན་དང་། ཨེ་ཛིའི་སྨན་འཐུང་ནས་ཡུན་རིང་པོ་སོང་མཁན་བཅས་ལ་ནི་ནད་ཡོད་རུང་མེད་པའི་རྟགས་ཤར་ཉེན་ཡོད་ལ། སྦྲུམ་མ་དང་རེག་དུག་སོགས་རིམས་ནད་གཞན་པའི་ནད་པ་ཁག་ཅིག་ལ་ནད་མེད་རུང་ཡོད་པའི་རྟགས་འཆར་བའི་ཉེན་ཁའང་ཡོད་སྲིད་པས། ཆེས་ཡག་ཤོས་ནི་རང་རྫོང་སོགས་ཀྱི་རིམས་འགོག་ལྟེ་གནས་དང་། མི་དམངས་སྨན་ཁང་སོགས་སུ་སོང་ནས་བརྟག་བཤེར་བྱ་བ་དེ་ཡིན་པ་ངེས་པར་དུ་ཤེས་དགོས་སོ། །