རྒན་པོ་སྟོབས་ལོ་དང་ཁོང་གི་ཁྲག་ཤེད་མཐོ་ནད། 朵洛大叔愤怒而死

文摘   2024-12-20 16:55   四川  


རྒན་པོ་སྟོབས་ལོ་དང་ཁོང་གི་ཁྲག་ཤེད་མཐོ་ནད།  

རྩོམ་པ་པོ། ཆོས་དཔལ་བཟང་པོ། 

朵洛大叔愤怒而死

作者:邱华绒吾

ཀློག་འདོན་པ། བཀྲ་ཤིས་རྒྱ་མཚོ། 

ཡེ་ཤེས་སྒྲོལ་མ། 

诵读人: 尕西严木初

益西卓玛





   རྒན་པོ་སྟོབས་ལོ་(བསྒྱུར་མིང་)ནི་འབྲོག་པའི་རྒད་པོ་རྒོད་པོ་ཞིག་ཡིན། རྒོད་པོ་ཞིག་ཡིན་ཟེར་དོན་དེ་ཁོ་རང་སྡེ་བའི་རྩྭ་ས་རྩོད་གླེང་གི་སྐབས་སུ་དཔའ་འདས་སུ་སོང་བས་མིན་ལ། རིག་གནས་གསར་བརྗེ་ཡི་སྐབས་སུ་འཐབ་འཛིང་བ་ངར་ཤོས་ཤིག་ཡིན་པས་ཀྱང་མིན། ཁོང་ནི་ཁྲག་ཤེད་རྒྱུན་ལྡན་ལས་ལྡབ་གྱུར་གྱིས་བརྒལ་ཡོད་ཅིང་། སྨན་པ་ཚོས་ཅི་འདྲའི་ཨུ་ཚུགས་ཀྱིས་སྨན་ཁང་དུ་སྡོད་བཅོས་བྱ་དགོས་ཚུལ་དང་། དུས་ལྟར་དང་ཚུལ་བཞིན་དུ་ཁྲག་གནོན་སྨན་བཅོས་མ་བྱས་ན། ཉེན་ཁ་གང་དག་ཡོད་ཚུལ་སྐོར་དབུགས་ཟད་ཟད་དང་མཆིལ་མ་སྐམ་སྐམ་གྱིས་བཤད་རུང་། སྨན་པའི་ཁར་མི་ཉན་པས་མ་ཚད། ཁྱིམ་མི་ཚང་མར་གསང་ནས་ཇ་གང་གར་དང་། ཚྭ་མགྲེ་མགྲེ། ཤ་ཚོ་ཚོ་ཡིས་བཟའ་བཏུང་བྱེད་བཞིན་ཡོད་པས་རེད།

 དྲང་མོ་བཤད་ན། ཁོང་གིས་ནང་མི་ཚོར་མ་བཤད་པ་ལས། ལོ་གཅིག་གི་ཡར་སྔོན་ནས་ཁོ་རང་གིས་རང་ཉིད་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་པ་ཤེས་ཡོད་དེ། ཐེངས་ཤིག་རྫོང་རིམ་པའི་སྨན་བཅོས་སྐོར་སྐྱོད་རུ་ཁག་ཅིག་ང་ཚོའི་སྡེ་བའི་ནང་དུ་སླེབས་ནས་ཁྱིམ་སྒོ་ཁེར་ཉུལ་གྱིས་བརྟག་བཤེར་བྱེད་སྐབས། དེའི་ཉིན་ཁོང་གཅིག་པུ་ཡིན་ལ། སྨན་པ་ཚོས་ཁོང་གི་ཁྲག་ཤེད་ལ་བརྟག་སྐབས་མཐོ་གནོན་200་དང་དམའ་གནོན་100ཡན་ལ་སླེབས་འདུག་པས། ངེས་པར་དུ་ལམ་སང་སྨན་བཅོས་བྱ་དགོས་ཚུལ་བཤད་རུང་། ཁོང་གིས་མི་འགྱང་བར་ཁུལ་རིམ་པའི་སྨན་ཁང་དུ་འགྲོ་རྩིས་ཡོད་པའི་རྫུན་བཤད་ནས་ཁོང་ཚོ་དང་མཉམ་དུ་སྨན་བཅོས་བྱ་རུ་མ་སོང་། 

       དེའི་བར་ནས་རྒན་པོ་སྟོབས་ལོའི་སྡེ་བ་དང་ཁྱིམ་མཚེས་སྡེ་བ་གཉིས་རྩྭ་ས་རྩོད་གླེང་གི་གནད་དོན་ལ་ཐུག་དུས། རྒན་པོ་སྟོབས་ལོ་ནི་གྱོད་པ་གཙོ་བོ་དང་ཁ་བདེ་ཤོས་ཡིན་པར་མ་ཟད། ཁོང་གིས་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་གནས་ཚུལ་མང་པོ་ཞིག་གིས་ཁོང་ཚོའི་ད་ཡོད་ཀྱི་ས་ཆ་དག་མ་ཚད། ཁྱིམ་མཚེས་སྡེ་བའི་རྩྭ་སའི་ཕྱེད་ཀ་ཙམ་ཞིག་ཁོང་ཚོའི་ཡིན་པ་དང་། ཡིན་པའི་རྒྱུ་མཚན་སོགས་བདེན་བདེན་འདྲ་བ་མང་པོ་ཞིག་བཤད་རྒྱུ་འདུག་ཟེར། 

གང་ལྟར་འདི་འདྲ་བཤད་ཡོང་ན། གཞན་པའི་སྡེ་བས་ཀྱང་གཉོམ་ཁུར་ནས་ག་ལ་འདུག་ཏེ། རྒན་པོ་སྟོབས་ལོས་བཤད་པ་ལྟར་མ་ཡོང་བར། ཉིན་ཤས་རྗེས་ནས་སྡེ་བ་གཉིས་རི་ཁ་ནས་འཛིང་རྩོད་ལ་ཐུག། དེའི་ཉིན་རྒན་པོ་སྟོབས་ལོ་དེ་སྡེ་བའི་ནང་དུ་བསྡད་ཡོད་རུང་། འཛིང་རྩོད་བྱེད་བཞིན་པའི་གནས་ཚུལ་རྟོགས་པ་དང་། ལམ་སང་འཕྲུལ་རྟ་ཞོན་ནས་རི་ཁར་བརྒྱུག་ཅིང་། དེ་ནས་ཀྱང་ཀི་དིར་དང་བཅས་རལ་གྲི་ཕྱར་ནས་སྡེ་བ་གཞན་གྱི་མི་ཚོགས་ཀྱི་ནང་དུ་བརྒྱུགས་ཤིང་། གསར་བུ་ཞིག་གི་ཐོང་རྩ་ནས་བཟུང་སྟེ། གྲི་ཡིས་རྒྱག་གྲབས་ཙམ་བྱས་སྐབས་གློ་བུར་དུ་སྣ་ཁྲག་ཅིག་བཞུར་ནས་ས་ལ་འགྱེལ་སོང་འདུག 

       དེ་ནས་བཟུང་སྡེ་བ་གཉིས་པོའི་འཛིང་རྩོད་ཇེ་ངར་དུ་ཕྱིན་ཅིང་། ཕན་ཚུན་མི་མང་པོར་རྨས་སྐྱོན་ཕོག་རྗེས་ས་གནས་དགོན་པ་དང་ཉེན་རྟོགས་པ་སླེབས་ནས་བར་བ་བྱས་ལ། དེའི་སྐབས་སུ་རྒན་པོ་སྟོབས་ལོ་ནི་སྔར་ནས་ཚེ་ལས་འདས་ཚར་འདུག སྡེ་བ་གཞན་གྱི་གསར་བུ་ཚོས་བཤད་ན། ཁོང་ཚོས་རྒན་པོ་སྟོབས་ལོ་ལ་མཛུབ་བུ་ཙམ་ཡང་མ་ཐུག་རུང་། ཁོང་རང་ཉིད་དེ་ནས་འགྱེལ་སོང་ཞེས་བཤད་ཅིང་།  རྒན་པོ་སྟོབས་ལོའི་ཕྱོགས་ཀྱི་སྡེ་མི་ཚོས་བཤད་ན། སྡེ་བ་གཞན་གྱི་གསར་བུ་ཞིག་གིས་ཁོང་གི་ཐོང་རྩ་ནས་བཟུང་སྟེ། ཕན་ཚུན་སྐོར་རེས་དང་གཡུག་རེས་བྱེད་ས་ནས་རྒན་པོ་སྟོབས་ལོ་སར་བརྒྱབས་ཤིང་། མགོ་རྒྱ་དཀྲུགས་ནས་ཤི་སོང་ཟེར། གང་ལྟར་རྗེས་ནས་སྡེ་མིའི་གྱོད་བཤད་ལྷན་ཚོགས་ཀྱིས་གྱོད་བཤད་པས། སྡེ་བ་གཞན་གྱིས་རྒན་པོ་སྟོབས་ལོ་ཚང་ལ་སྒོར་ཁྲི50ཙམ་གྱི་མི་སྟོང་སྤྲད་དགོས་བྱུང་འདུག

 རྫོང་རིམ་པའི་སྨན་བཅོས་སྐོར་སྐྱོད་འཆར་གཞི་དེ་ལོ་རེ་བཞིན་ཡོད་ལ། ནམ་ཡང་ཕལ་ཆེར་དུས་ཚོད་གཅིག་འདྲའི་ནང་དུ་ཡོང་བཞིན་ཡོད་པས། ལོ་དེར་ཡང་ཁོང་ཚོ་སླེབས་དུས་རྒན་པོ་སྟོབས་ལོ་མཐོང་རྒྱུ་མེད་པས། སྡེ་མི་གཞན་པ་ཚོར་དྲིས་རྗེས། ད་གཟོད་ཁོང་ནི་ད་ལོའི་དགུན་སྟོད་དུ་ཁྱིམ་མཚེས་སྡེ་བ་དང་རྩྭ་ས་རྩོད་གླེང་ལ་ཐུག་པའི་སྐབས་སུ། ཆེས་སྔོན་དུ་བརྒྱུགས་ནས་དཔའ་འདས་སུ་ཕྱིན་སོང་བའི་སྐོར་སོགས་ཐོས།

སྡེ་བའི་ནང་དུ་ཚང་མས་ཁོང་ནི་དཔའ་རྒོད་ཡིན་པས། དགྲ་བོའི་སྟེང་དུ་ཁོང་ཁྲོ་ལངས་དྲགས་པས་འདས་སོང་ཚུལ་བཤད་ལ། སྡེ་བའི་དཔའ་འདས་ཡིན་པའི་ཚད་ལའང་བཟུང་འདུག་རུང་། ཆེད་ལས་སྨན་པས་གསུངས་ན། ཁྲག་ཤེད་དེ་འདྲའི་མཐོན་པོ་ཅན་ཞིག་འདི་འདྲའི་རི་ཁ་ཞིག་ལ་མྱུར་སྟབས་ཀྱིས་བརྒྱུགས་པ་དང་། དེ་ནས་ཀྱང་སྐད་ཤུགས་ཆེན་པོས་འུར་བརྒྱབས་ན། གཞན་གྱིས་ཐུག་ཙམ་མ་བྱས་ནའང་ཀླད་ཁྲག་འདྲེས་ནས་ཤི་འགྲོ་བའི་ཉེན་ཁ་ཡོད་རུང་། ད་ལྟ་ནི་ཕྱོགས་ཁག་གཉིས་པོའི་གྱོད་དོན་ཐག་གཅོད་བྱས་ཟིན་ལ། གྱོད་རྔ་ཡང་ཡག་པོ་ཞིག་ཆད་འདུག་པས། མང་པོ་བཤད་ན་ཡག་པོ་མ་རེད་ཅེས་ཟེར།  

   གང་ལྟར་འདི་ནི་ཕུ་ནུའི་ཞི་བདེ་ལ་བརྩི་འཇོག་མེད་ཅིང་། རང་གི་གཅེས་སྲོག་ལ་སྣང་མེད་བྱེད་པའི་རྒད་པོ་རྒོད་པོ་ཞིག་གི་གཏམ་རྒྱུད་ཡིན་རུང་། ངས་དེ་རིང་གཏམ་རྒྱུད་འདི་བཤད་པ་ནི། ནང་དཀྲུགས་བྱེད་མཁན་དཔའ་བོར་བརྩི་བའི་གོམས་སྲོལ་ངན་པ་ཁྱབ་སྒྲོག་བྱེད་པའི་ཆེད་དུ་མིན་ལ། ཆེད་ལས་སྨན་པའི་གསུངས་བཞིན་མ་བསྒྲུབ་ན། དེ་ངར་བ་ཞིག་རེད་ཅེས་བསྒྲགས་པའང་མིན། དེ་ལས་ལྡོག་སྟེ། ངས་ནམ་ཡང་འབོད་སྐུལ་ཞུ་བཞིན་ཡོད་པ་ནི། ཕུ་ནུ་ནང་དཀྲུགས་བྱས་ན་དཔའ་བོ་མིན་ལ། རང་ལུས་རྩེད་སྤྱད་བྱས་ན་རྒོད་པོ་མིན་པས། ནམ་ཡང་བུ་རབས་ཚ་རྒྱུད་ཚོའི་རྒྱུད་ལ་གཞན་ཕན་ལྷག་བསམ་གྱི་ས་བོན་རེ་འཛུགས་པ་དང་། རང་ལུས་རིན་ཆེན་གྱི་སྟེང་ལ་གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་རེ་ཆགས་སུ་འཇུག་རོགས་ཞེས་ཞུ། 

   གཞན་འདིར་ནད་རིགས་དེ་དང་འབྲེལ་བའི་རྒྱུན་ཤེས་འགའ་ཞུས་ན། ཁྲག་ཤེད་མཐོ་བའི་ནད་ཡོད་མིན་ནི་རང་གིས་བརྟག་བཤེར་བྱས་ནའང་རྟོགས་ཐུབ་པ་ཞིག་ཡིན་ཏེ། བསྟུད་མར་ཉིན་གསུམ་བརྟག་བཤེར་བྱས་པའི་མཐོ་གནོན་ནམ་སྐུམ་གནོན་≥140mmHgདང་དམའ་གནོན་ནམ་བསྐྱང་གནོན་≥90mmHgལས་མཐོ་བའམ་དེ་དང་མཚུངས་པའི་སྐབས་སུ་ཁྲག་ཤེད་མཐོ་བའི་ནད་ཡོད་པར་བརྩི་བཞིན་ཡོད་ལ། གལ་ཏེ། སྔ་མོ་ཁྲག་ཤེད་མཐོ་བའི་ནད་ཡོད་པར་ངོས་བཟུང་ཡོད་པ་དང་། ཁྲག་མགོ་གནོན་པའི་སྨན་ཡང་འཐུང་བཞིན་ཡོད་མཁན་ཞིག་ཡིན་ན། མཐོ་གནོན་དང་དམའ་གནོན་གཉིས་140/90mmHgལས་དམའ་ཙམ་ཡིན་ནའང་། ཁྲག་ཤེད་མཐོ་བའི་གནད་དོན་ཡོད་པར་ངོས་འཛིན་ཆོག་ཟེར། 

    འོ་ན། མི་གང་དག་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་སྲིད་དམ་ཞེ་ན། གཙོ་བོ་ནི་ལུས་པོའི་ལྗིད་ཚད་མཐོན་པོ་ཅན་དང་། ཤ་རྒྱགས་པ་ཅན། ཚྭ་མང་པོ་ཟ་མཁན། དུ་བ་འཐེན་མཁན། ཆང་རྒྱུན་འཐུང་བྱེད་མཁན། ནམ་ཡང་སེམས་འཚབ་ཀྱི་ངང་དུ་འཚོ་མཁན་དང་། ལུས་པོར་འགུལ་སྐྱོད་མི་བྱེད་མཁན་དག་ནི་ཆེས་ཉེན་ཁ་ཆེ་བའི་མི་ཚོགས་ཡིན་པས། ཉིན་རེར་ཚྭ་བཟའ་ཚད་ཁེ་6ལས་མི་བརྒལ་བ་དང་། སྔོ་ཚལ་དང་སིལ་ཏོག་མང་པོ་བཟའ་བ། སྣུམ་གྱི་རིགས་ཉུང་དུ་གཏོང་བ། བཟའ་བཏུང་ཚུལ་མཐུན་བྱེད་པ། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་པ། དུ་བ་གཅོད་པ། ཆང་ཉུང་འཐུང་བྱ་བ། ལུས་ཁམས་སྦྱོང་བརྡར་བྱ་བ། སེམས་ཁམས་ལྷོད་ལ་འབབ་པ་བཅས་རྒྱུན་འཁྱོངས་བྱས་ན། ཁྲག་ཤེད་མཐོ་བའི་གནད་དོན་མི་འབྱུང་བར་ཕན་ལ། ཁྲག་ཤེད་མཐོ་བའི་གནད་དོན་ཚབས་ཇེ་ཆེ་རུ་མི་འགྲོ་བར་ཡང་ཕན་པ་ཡོད་པར་བཤད་དོ། ། 


藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章