རྒན་པོ་སངས་རྒྱས་ལ་གཅིན་སྙི་ཟ་ཁུའི་ནད་བྱུང་བ། 糖尿病患者桑杰的故事

文摘   2024-12-26 20:03   四川  


རྒན་པོ་སངས་རྒྱས་ལ་གཅིན་སྙི་ཟ་ཁུའི་ནད་བྱུང་བ།

རྩོམ་པ་པོ། ཆོས་དཔལ་བཟང་པོ།

糖尿病患者桑杰的故事 

作者:邱华绒吾

ཀློག་འདོན་པ། བཀྲ་ཤིས་རྒྱ་མཚོ། 

ཡེ་ཤེས་སྒྲོལ་མ། 

诵读人: 尕西严木初

益西卓玛



སྐུ་དྲག་མིན་རུང་སྐུ་དྲག་ཅིག་གི་ན་ཚ་བྱུང་བ།

རྒན་པོ་སངས་རྒྱས་ལ་གཅིན་སྙི་ཟ་ཁུའི་ནད་བྱུང་བ།

    2021ལོའི་ཟླ་7པའི་ཚེས་27ཉིན་ནི་ཉེ་བའི་ལོ་བཅུ་ཙམ་གྱི་རིང་ནས། དྲོད་ཚད་ཆེས་མཐོ་བའི་ཉིན་ཞིག་ཡིན་ཏེ། དྲོད་ཚད་ཏུའུ་གྲངས་40.2ལ་སླེབས་འདུག གཞུང་ལས་ཁང་དུ་དྲོད་སྙོམ་མེད་པས། དྲོད་ཚད་མཐོ་དྲགས་ནས་མུ་མཐུད་དུ་འདུག་བཟོད་མེད་པ་ཞིག་ཏུ་གྱུར་ཕྱིན། གཞུང་ལས་ཁང་ནས་ཐོན་ཏེ་ཕྱིའི་ཚོང་རའི་ནང་དུ་ལྟད་མོ་ལྟ་རུ་འགྲོ་དགོས་ཞེས་བསམ་པ་ཡིན།

    སྤྱིར་ང་རང་ཚོང་ར་འགྲིམ་པར་མི་དགའ་ལ། ཉོ་དགོས་པའི་ཅ་ལག་ཀྱང་ཅི་ཡང་མེད་རུང་། ཚོང་རའི་ནང་དུ་དྲོད་སྙོམ་ཡོད་པས། དེ་རུ་ཕྱིན་ན་གཞུང་ལས་ཁང་ལྟར་ཚ་བའི་སྡུག་བསྔལ་འདི་འདྲ་ཞིག་ཡོད་རྒྱུ་མ་རེད་སྙམ། ཡིན་ནའང་། ཕྱི་རུ་སླེབས་པ་དང་། བསམ་བློ་ཞིབ་པར་བཏང་ན། ཚོང་རར་འགྲོ་བ་ནི་དུས་ཚོད་འཕྲོ་བརླགས་ཙམ་ལས་ཅི་ཡང་མེད་པས། དེ་ལས་ཧྭ་ཞིས་སྨན་ཁང་སོགས་སུ་ཕྱིན་ན། དེ་རུ་དྲོད་སྙོམ་ཡོད་ལ། ཅིག་བྱས་ན་རོགས་རམ་བྱ་དགོས་པའི་བོད་ཀྱི་ནད་པ་རེའང་ཡོད་སྲིད་ལ། བརྒྱ་ལ་ནད་པ་མེད་རུང་། སྨན་པ་དང་སྨན་ཞབས་མའི་ལས་ཀ་བསྒྲུབ་སྟངས་ཀྱི་ཐད་ནས་ང་རང་གིས་གང་ཞིག་སློབ་རྒྱུ་རེའང་རྙེད་སྲིད་སྙམ་ཞིང་དེ་རུ་འགྲོ་རྒྱུ་ཐག་བཅད།

    ཧྭ་ཞིས་སྨན་ཁང་དུ་སླེབས་ཚེ་གནམ་འོག་ཏུ་ཡོད་ཚད་ནད་པ་ཡིན་པ་ལྟ་བུའི་སྣང་བ་ཞིག་སྟེར་གྱིན་འདུག་སྟེ། མི་ཚོས་ཕྲག་པ་དང་ཕྲག་པ་བརྡར་ནས་མ་སོང་ན་མི་ཐར་བའི་ཚད་དུ་སླེབས་འདུག དེ་རུ་སླེབས་དུས་གྲུ་ག་སོ་སོར་བལྟས་པ་ཡིན་ལ། ང་རང་གི་ཉམས་མྱོང་ལྟར་ན། ནམ་རྒྱུན་འགྲོ་ལམ་མི་ཤེས་པའི་བོད་པ་ཚོ་ས་མགོ་ཅུང་མཐོ་ས་རེའམ་ཡང་ན། ས་དབྱིབས་ཅུང་ཡངས་ས་རེར་བུད་ནས་ཡོད་སྲིད་ཅིང་། དེ་རུ་ཡར་མར་བལྟས་ནས་མི་ཚོགས་ཁྲོད་དུ་ངོ་ཤེས་པ་རེའམ། ཡང་ན། སྐད་གཅིག་པ་རེ་ཨེ་ཡོད་བལྟས་ཡོད་སྲིད་པས། དེའི་ཉིན་ངས་དཀའ་ལས་གང་ཡང་མྱངས་མ་དགོས་པར་མི་ཚོགས་ཁྲོད་དུ་མགོ་འཁོར་སོང་བའི་རྒན་པོ་སངས་རྒྱས་(བསྒྱུར་མིང་)ཁོང་མཐོང་བར་གྱུར།  ཁོང་ནི་ལོ་ན་60ཙམ་ཡིན་ལ། གཟུགས་རིང་ཞིང་སྐུ་ཤ་ཅུང་བརྒྱགས་པ་ཅན་ཞིག་རེད། བོད་ཁུལ་ནས་ཡོང་བའི་ནད་པ་གཞན་དག་དང་མི་འདྲ་བར། སངས་རྒྱས་ཀྱིས་སྟོད་ལྭ་ཕུ་མེད་ཅིག་དང་། ནུབ་དོར་གྲ་འགྲིག་ཅིག རྟགས་མ་ཅན་གྱི་རྩལ་ལྷམ་དཀར་པོ་ཞིག་བཅས་གྱོན་ཡོད་པ་དང་། ཁ་ལག་གཙང་ལ་གོན་པའི་ཐོག་ཏུ་ཐལ་རྡུལ་ཅུང་ཟད་ཙམ་ཡང་འགོས་མི་འདུག ཡིན་ནའང་། སྐབས་རེ་མགོ་བསྒུར་ནས་ཁ་པར་ལ་ལྟ་བཞིན་པ་དང་། སྐབས་རེ་ཕྱོགས་སོ་སོའི་གྱང་ངོས་ཀྱི་ཡི་གེར་ལྟ་བཞིན་པའི་རྣམ་པ་དེས། ཁོ་རང་མགོ་འཁོར་སོང་བ་མངོན་གསལ་རེད་ལ། ཆ་རྒྱུས་ཅན་ཞིག་མིན་ན། ཧྭ་ཞིས་སྨན་ཁང་ནས་མགོ་འཁོར་བའང་ཆེས་རྒྱུན་ལྡན་ཞིག་ཡིན།

    ང་ཁོང་གི་ཉེ་འཁོར་དུ་བཅར་ཞིང་། བོད་སྐད་ཀྱི་ལམ་ནས་ང་ནི་རང་འདུན་པ་ཞིག་ཡིན་ཚུལ་དང་། གལ་ཏེ། རོགས་རམ་བྱ་དགོས་ན། སྒོར་མོ་སྐར་མ་གང་ཡང་མི་དགོས་ཚུལ་གྱི་སྐད་ཆ་བཤད་ཚེ། ཁོང་དགའ་ཐག་ཆོད་པོས། ཨ་ལེ། ཅི་འདྲའི་ཁ་ལས་དགེ་པ་ལ། ངའི་བུ་ཡིས་ང་ལ་ཆེད་མཁས་ཤིག་གི་ཨང་ཐོ་བཀོད་འདུག་ལ། སྨན་ཁང་འདིའི་ཐོག་བརྩེགས་3པར་འགྲོ་དགོས་ཚུལ་བཤད་རུང་། ཁ་ཕྱོགས་གང་དུ་འགྲོ་དགོས་མིན་དང་། ཆེད་མཁས་ཀྱི་སྨན་ཤག་གང་དུ་ཡོད་མིན་མི་ཤེས་པས། ཁྱེད་ཀྱིས་རོགས་ཤིག་བྱེད་ཐུབ་ན་ཤིན་ཏུ་བཀའ་དྲིན་ཆེ། ངས་རྒྱ་ཡིག་དང་རྒྱ་སྐད་ཅུང་ཟད་རེ་ཤེས་ཀྱིན་ཡོད་ལ། སྔོན་ཆད་ཅིག་ཡིན་ན། ཐད་ཀར་སོང་ནས་ཕྲེང་བསྒྲིགས་བསྡད་ན་ཆོག་གི་ཡོད་རུང་། དེང་སང་ནི་ཡོད་ཚད་དྲྭ་ལམ་ནས་སྤེལ་དགོས་པས། རོང་འབྲོག་མང་ཚོགས་ཤིག་ལ་མཚོན་ན་རྙོག་གྲ་ཇེ་ཆེར་གྱུར་འདུག་ལ། ང་ཚོས་ཅི་འདྲའི་སྔ་མོ་ཞིག་ནས་ཡར་ལངས་ཤིང་ཕྲང་བསྒྲིགས་རུང་། ཁ་པར་རྩེད་ཤེས་མཁན་ཚོས་ཉལ་སའི་ནང་དུ་སྔ་མོ་ནས་ཨང་ཐོ་འཕྲོག་ཚར་འདུག་ཅེས་ཟེར་ཞོར་ཁ་པར་ངའི་ལག་ཏུ་བཞག

    ངས་ཁོང་གི་ཁ་པར་ངོས་སུ་བལྟས་དུས། ཨང་ཐོ་བཀོད་ཡུལ་ནི་ཐོག་བརྩེགས་3པའི་Eས་ཁུལ་དུ་རེད་འདུག་ལ། ཁོང་གིས་བརྟག་བཅོས་བྱ་དགོས་ས་ནི་གཅིན་སྙིའི་ཚན་ཁག་གི་རིམ་པ་དང་པོའི་སྨན་པ་ཞིག་རེད། ངས་དེ་ལུགས་བཞིན་བཤད་ཅིང་ཁོང་ཁྲིད་ནས་ཕྱིན་པ་ཡིན་ཞིང་། ལམ་བར་ནས་ཁོང་གིས་བཤད་དོན། ངའི་ན་ཚ་འདི་ལོ་འགའི་སྔོན་ནས་བརྟག་བཤེར་བྱས་ཤིང་ཧ་གོ་བ་ཞིག་ཡིན་ལ། ད་ཐེངས་འདིར་ཡོང་བ་ནི་བསྐྱར་བརྟག་ཙམ་དང་རྗེས་ནས་རང་ཁྱིམ་དུ་ཇི་ལྟར་བདག་སྲུང་བྱ་དགོས་པའི་སྐོར་འདྲི་རུ་ཡོང་བ་ཡིན། སྤྱིར་ངས་བསམ་ན་སྨན་ཁང་དེ་འདྲའི་ཆེན་པོ་ཞིག་མི་དགོས་རུང་། ངེད་ཚང་གི་བུས་ཡིན་གཅིག་མིན་གཅིག་ཧྭ་ཞིས་སྨན་ཁང་དུ་འགྲོ་དགོས་ཞེས་ཨང་ཐོ་འདི་བཀོད་འདུག ད་ཐེངས་ཁྱེད་མིན་ན། ངས་ཉིན་གང་བོར་འདིར་སྐོར་བ་བརྒྱབ་ནས་འདུག་ཚོད་རེད་ཅེས་ཟེར།

     དེ་ཙམ་གྱིས་ངེད་གཉིས་ཁོང་གིས་བརྟག་བཅོས་བྱ་དགོས་པའི་སྨན་ཤག་གི་སྒོ་ཁ་རུ་སླེབས་སོང་། ཡིན་ནའང་། ཁོང་གི་ཨང་ཐོ་ནི་རྗེས་མ་ལས་ཀྱང་རྗེས་མ་ཞིག་རེད་འདུག་པ་དང་། ཁོང་རྒྱ་སྐད་ལ་ཐོགས་རྡུགས་མི་འདུག་པས། ངས་ནད་པ་གཞན་ཞིག་བཙལ་འདོད་ཀྱིས་ཁོང་ལ་བདེ་མོ་ཞུ་རྩིས་བྱས་དུས། ཁོང་གིས། གསར་བུ། འདི་ནས་ཅུང་འདུག་གྱིས་དང་། ངའི་ཆུང་མ་ཕྱི་རུ་ཆུ་དམ་བི་རེ་ཉོ་རུ་ཕྱིན་སོང་བས། ངས་མོ་ལ་ཁ་པར་ཞིག་རྒྱག་ཅེས་ཟེར།

    ཅུང་མ་འགོར་བར་སངས་རྒྱས་ཀྱི་ཆུང་མས་ཆུ་དམ་བི་3ཁྱེར་ནས་སླེབས་བྱུང་ལ། ང་ཚོས་བརྟག་བཅོས་ཁང་གི་སྒོ་ཁ་ནས་ཁོང་གི་ཨང་ཐོའི་རེས་འཁོར་བར་སྒུག་ཞོར་དུ་ཁོང་གི་གཏམ་རྒྱུད་ལ་ཉན་པ་ཡིན་ཏེ། རྒན་པོ་སངས་རྒྱས་ནི་ཆུང་དུས་སློབ་གྲྭར་འགྲོ་མྱོང་ལ། རྣམ་རིག་བཀྲ་པས། ཆུང་དུས་ནས་ཚོང་ལས་སུ་ཞུགས་པ་ཡིན་ལ། ལོ་འགའ་མ་འགོར་བར་སྒོར་མོ་ཅུང་མང་ཙམ་གསོགས་ཐུབ་པ་བྱུང་བས། རྫོང་ཐོག་ནས་ཚོང་ཁང་ཆུང་ཆུང་ཞིག་ཀྱང་ཕྱེས་པ་ཡིན་ཟེར། མི་འབྲེལ་བཟང་བ་དང་། གོང་ཚད་ཚུལ་མཐུན་ཡིན་པ་སོགས་ཀྱིས་ཡུན་མི་རིང་བར་ཚོང་ཁང་ཆུང་ཆུང་དེ་སྒོ་རྩིས་ཚོང་ཁང་ཅུང་ཆེན་པོ་ཞིག་ཏུ་གྱུར་ཅིང་། དེ་ནས་བཟུང་སངས་རྒྱས་ཀྱིས་ལས་མི་གཞན་པ་གླས་ཤིང་། ཁོང་དང་ཁོང་གི་ཆུང་མ་གཉིས་ལ་དགོང་མོ་སྒོར་མོ་བསྡུ་རྒྱུ་དང་། ཅ་ལག་རྩིས་ལེན་བྱེད་རྒྱུ་ཙམ་ལས་ལས་ཀ་གཞན་གང་ཡང་མེད་པར་གྱུར་ལ། དུས་རྒྱུན་དུ་ཐོག་བརྩེགས་གཉིས་པའི་སྣེ་ལེན་ཁང་དུ་མགྲོན་པོ་སྣ་ཚོགས་ལ་སྣེ་ལེན་དང་སྐྱེལ་བསུ་བྱས་ནས་བསྡད་ཡོད་ལ། བཟའ་བཏུང་གང་ཞིག་དགོས་ན། ཐོག་བརྩེགས་དང་པོའི་ལས་མི་དག་ལ་མཚེ་འཕྲིན་གྱི་ནང་ནས་བརྡ་ཞིག་བརྒྱབས་པ་ཙམ་གྱིས་སླེབས་ཡོང་གི་འདུག་ཟེར།

    དེ་ལྟར་ཉལ་ཟ་ཉལ་འཐུང་གིས་ལོ་འགའ་འགོར་བ་དང་། ལུས་པོ་ནི་ཇེ་ཚོ་ནས་ཇེ་ཚོ་རུ་གྱུར་ལ། ཚོང་ཡང་ཇེ་ཡག་ནས་ཇེ་ཡག་རེད་ཟེར། ཁོང་གི་གྲོགས་པོ་ཚོས་དུས་རྒྱུན་དུ་ད་ནི་ཚོང་དཔོན་སངས་རྒྱས་ལ་ཚོང་དཔོན་ཞིག་གི་སྐུ་ཤ་ཆགས་འདུག་ཅེས་ཁ་མཚར་གྱིས་བཤད་བྱུང་ལ། ཁོང་གིས་ཀྱང་འདི་ནི་ཡག་རྟགས་དང་བཟང་རྟགས་ཤིག་ཡིན་པ་ལས། ཤ་རྒྱགས་པ་འདིའང་གནད་དོན་ཅན་ཞིག་ཡིན་པ་སེམས་ལའང་མ་ཤར་ཟེར། ཡིན་ནའང་། སྐབས་ཤིག་ནས་ཁོང་ནི་ཉིན་རེ་ལས་ཉིན་རེས་དཀའ་སྣང་སྐྱེ་བ་དང་། ཐང་ཆད་པར་གྱུར་བ་དང་། གཅིན་མང་པོ་གཏོང་དགོས་པ་ཞིག་ཏུ་གྱུར་སོང་ཞེས་ཟེར།

    སངས་རྒྱས་ཀྱི་ཁྱིམ་མི་ཚོས་ཁོང་གི་ཐང་ཆད་པའི་རྣམ་པ་དེ་མཐོང་དུས། སྨན་ཁང་དུ་འགྲོ་ཞེས་ཐེངས་མང་པོར་སྐུལ་མ་བྱས་ཀྱང་། ཁོང་གིས་ནི་ཁོ་རང་ཉིན་རྟག་པར་འདུག་ས་གཅིག་ནས་བསྡད་བསྡད་པས་ངན་གོམས་སུ་སོང་བ་ལས་ནད་ཅིག་ཡོད་པར་ཡིད་ཆེས་གཏན་ནས་མ་བྱས། ཉིན་ཞིག་ཁོང་གི་གྲོགས་པོ་ཚོང་པ་ཞིག་ཁོང་གི་རྩབ་ཏུ་སླེབས་དུས། དེའི་ནི་ལུས་ཁམས་ལ་གློ་བུར་དུ་འགྱུར་ལྡོག་ཆེན་པོ་བྱུང་འདུག་པས། ཁོང་ཚོས་ཁྱོད་ལ་ཅི་བྱུང་ཞེས་དྲིས་དུས། ང་ལ་སྨན་པ་ཚོས་གཅིན་སྙི་ཟ་ཁུའི་ནད་ཡོད་འདུག་ཅེས་བཤད་རུང་། ད་ལྟ་ནི་མང་བ་གསུམ་དང་ཉུང་བ་གཅིག་ལས་གཞན་ནད་རྟགས་གང་ཡང་མི་འདུག་ཟེར། མང་བ་གསུམ་དང་ཉུང་བ་གཅིག་ཅེས་པ་གང་དག་རེད་ཅེས་དྲིས་ཚེ། དེ་ནི་ཟ་རྒྱུ་འཐུང་རྒྱུ་གཏོང་རྒྱུ་གསུམ་མང་བའི་ཁར། ལུས་པོའི་ཤ་ཉུང་དུ་འགྲོ་བཞིན་འདུག དེ་ལས་གཞན་པའི་ནད་རྟགས་གང་ཡང་མི་འདུག་ཅེས་ཟེར། 

    དེའི་སྐབས་སུ་སངས་རྒྱས་སོང་ནས་རང་ལུས་རྒྱ་མར་ཚད་དུས། ངོ་མ་སྔོན་ཆད་དང་བསྡུར་ན། ལུས་པོའི་ལྗིད་ཚད་མར་ཆགས་འདུག་ཅིང་། དེ་ནས་རིམ་བཞིན་མང་བ་གསུམ་ཡོད་མེད་ལ་དབྱེ་ཞིབ་དང་བསམ་བློ་བཏང་རྗེས། ཟླ་འདི་དག་ནས་མངོན་གསལ་གྱིས་མང་བ་གསུམ་གྱི་ནད་རྟགས་ཀྱང་ཡོད་པར་མཐོང་བས་ལམ་སང་སྨན་ཁང་དུ་སོང་ནས་བརྟག་བཤེར་བྱས་དུས། ཁོང་གི་ཁྲག་ཤེད་འཕར་འདུག་ལ།  ཁྲག་དང་ཆུ་རྟགས་ནང་གི་མངར་ཚད་ཀྱང་ཚད་ལས་བརྒལ་འདུག་པས། སྨན་པ་ཚོས་གཅིན་སྙིའི་ནད་ཡོད་པར་ངོས་བཟུང་ལ། དེ་ནས་བཟུང་། ཟས་སྤྱོད་ཀྱི་ཐད་ནས་འགྱུར་བ་གཏོང་སའང་མང་པོ་ཞིག་བཤད་བྱུང་ཟེར།

    ཐོག་མའི་ཉིན་ཁ་ཤས་ཀྱི་ནང་དུ་སངས་རྒྱས་ཀྱིས་ཟས་སྤྱོད་ལ་འཛེམ་དོགས་བཟང་པོ་བྱས་རུང་། སྐབས་ཤིག་ནས་ཁོང་གི་ཚོང་དཔོན་གྲོགས་པོ་ཚོས་བཤད་ན། དེ་ནི་སྐུ་དྲག་གི་ན་ཚ་ཞེས་པ་ཡིན་པས། སྐྱོན་མེད་ཚུལ་བཤད་པ་དང་། གལ་ཏེ། ཟ་འཐུང་ཡང་ཚོད་འཛིན་དགོས་ན། ང་ཚོར་རྒྱུ་ནོར་ཙམ་ཡོད་པ་རང་རེད་ཅེས་མང་པོ་བཤད་པས། སངས་རྒྱས་ཀྱིས་ཀྱང་བདེན་དུ་བཟུང་ནས་ཟས་སྤྱོད་ཀྱི་སྒྲིག་ལམ་ལ་བརྩི་བསྲུང་བྱེད་མི་ཐུབ་པ་ཞིག་ཏུ་གྱུར། 

    ཁྱིམ་མི་ཚོས་རྒྱལ་སྤྱིའི་གཅིན་སྙིའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཏན་གྲངས་ནང་དུ། འཛམ་བུ་གླིང་གི་ལོ་ན་20ནས་79ཅན་གྱི་སྐྱེས་པ་9.1%ལ་གཅིན་སྙིའི་ནད་འདི་ཕོག་ཡོད་ཚུལ་དང་། ཕལ་ཆེར་འཛམ་བུ་གླིང་གི་མི་10རེ་ཡི་ནང་དུ་གཅིན་སྙིའི་ནད་པ་1ཡོད་འདུག་ཅེས་སེམས་ཁུར་དང་བཅས་བཤད་སྐབས། དེ་ལ་སྐྲག་དགོས་དོན་ཅི་ཡོད། དེས་མི་ཞིག་འཆི་ཡི་མ་རེད་ཅེས་ལན་བརྒྱབ་པ་ཡིན་ཟེར།

     དེ་ནས་ཡང་ཉིན་ཤས་རྗེས་ནས་གྲོགས་པོ་གཞན་པ་གཉིས་ལ་གཅིན་སྙིའི་ནད་ཕོག་ཡོད་པ་རྟོགས་ཤིང་། སྐབས་ཤིག་ནས་གྲོགས་པོ་ཡོད་ཚད་བརྟག་ཏུ་ཕྱིན་སྐབས། གྲོགས་པོ་10ལས་6ལ་གཅིན་སྙིའི་ནད་ཡོད་པར་བརྡར་ཤ་བཅད་འདུག དེའི་སྐབས་སུ་སངས་རྒྱས་ཀྱིས་རྩེད་མཚར་དང་བཅས། གྲོགས་པོ་ཚོར། ཡ་ཡ། ད་ཟོ་ཡ། སྔོན་ཆད་ཀྱི་ང་ཚོ་ནི་ཚོང་རོགས་ཡིན་ལ། བར་སྐབས་ཤིག་ནས་ཤ་རྒྱགས་པས་ཚོ་རོགས་སུ་གྱུར་འདུག་ལ། ད་ལྟ་ནི་ཚང་མ་ནད་པ་ཡིན་པས་ནད་རོགས་ལ་གྱུར་འདུག  ད་ཁ་འཛེམ་མ་བྱེད། ཟོས་ཡ་ཞེས་རྩེད་མཚར་བཤད།        སངས་རྒྱས་ཀྱིས་ཁ་ནས་དེ་ལྟར་བརྗོད་རུང་། དོན་དུ་ལམ་སང་རང་གི་སྤྱོད་ལམ་ལ་འགྱུར་བ་བཏང་ཡོད་པ་སྟེ། ཞོགས་པ་སྔ་མོ་དུང་འཁོར་སྐོར་དུ་འགྲོ་བཞིན་ཡོད་ལ། ཟ་མ་ཟོས་རྗེས་སྔར་ལྟར་ཉལ་འདུག་པ་མ་ཡིན་པར། རྫོང་མཐའ་རུ་རི་སྐོར་བྱེད་དུ་འགྲོ་བཞིན་ཡོད། ཡིན་ནའང་། སངས་རྒྱས་ཀྱི་གྲོགས་པོ་ཞིག་གིས་ནི་སྔར་ལྟར་ཟ་མ་བཟའ་བ་ལས་བཙའ་འཛེམ་གང་ཡང་མི་བྱེད་པ་དང་། འགྲོ་འདུག་ཀྱང་ཁྱིམ་ནས་ཆང་ཁང་ནང་དང་། ཆང་ཁང་ནང་ནས་ཁྱིམ་ནང་ཙམ་ལས་གཞན་གོམ་གང་ལའང་འགྲོ་བཞིན་མེད་པར་མ་ཟད། སངས་རྒྱས་སོགས་ཀྱིས་ཟས་སྤྱོད་ལ་འགྱུར་བ་གཏོང་དགོས་པར་བཤད་རུང་། སྔར་སངས་རྒྱས་ཀྱི་ཚིག་གཡར་ནས། དེ་ལ་སྐྲག་དགོས་དོན་ཅི་ཡོད། དེས་མི་ཞིག་འཆི་ཡི་མ་རེད་ཅེས་དགག་ལན་རྒྱག་གིན་འདུག་ཟེར།

    དེ་ལྟར་ལོ་གཅིག་ཙམ་ཡང་མ་འགོར་བའི་མཚམས་སུ། གྲོགས་པོ་དེ་ཚེ་ལས་འདས་སོང་ལ། ཚེ་ལས་འདས་པ་འདི་ཁོ་རང་གིས་རང་ལ་བདག་མ་བརྒྱབ་པ་རྐྱང་རྐྱང་གིས་ཡིན་ཞེས། སངས་རྒྱས་ཀྱིས་ནོངས་འགྱོད་དང་བཅས་བཤད་པ་དང་། ད་དུང་ཁོང་གིས་མུ་མཐུད་དུ་བཤད་དོན། གྲོགས་པོ་ཁོང་གིས་ཐོག་དང་པོ་མིག་གིས་མི་རིག་པ་ཞིག་ཏུ་གྱུར་སོང་ལ། དེ་ནས་གཅིན་སྙི་ཡོད་པའི་རྐྱེན་གྱིས་མཁལ་ནད་བྱུང་ནས་ཚེ་ལས་འདས་སོང་ལ། ཁོང་ནི་ད་དུང་ལོ་ཆུང་ཡིན། ང་ལས་ལོ་གཉིས་ཀྱིས་ཆུང་བ་རེད་ཅེས་ཟེར།

     གྲོགས་པོ་དེ་ཚེ་ལས་འདས་རྗེས་ཁོང་ཚོ་ཚང་མར་ཉེན་བརྡ་བརྒྱབ་སོང་བས། ཚང་མས་དེ་ནས་བཟུང་ལུས་ཁམས་ལ་སྔར་ལས་དོ་སྣང་བྱེད་པ་ཞིག་ཏུ་གྱུར་ཡོད་པར་ཟད། ད་ལྟ་ནི་ཁོང་ཚོས་རང་དང་འདྲ་བའི་ནད་རོགས་ཀྱི་ཚོགས་པ་ཞིག་བཙུགས་འདུག་ཅིང་། ཚོགས་པ་དེའི་ནང་དུ་རྒྱལ་ཕྱི་ནང་གི་གཅིན་སྙི་དང་འབྲེལ་བའི་ཡིག་ཆ་གསར་ཤོས་བརྒྱུད་བསྐུར་བྱེད་བཞིན་ཡོད་རུང་། ཡིག་ཆ་ཚད་ལྡན་ཡིན་མིན་དང་། ཁུངས་དག་ཡིན་མིན་གསལ་བོ་ཤེས་ཀྱི་མི་འདུག་པས། ད་ཐེངས་ཁོང་ཧྭ་ཞིས་ཀྱི་སྨན་པའི་དྲུང་དུ་ཡོང་བར་ཁས་ལེན་དོན་ཡང་ཁོང་གཅིག་པོའི་ཆེད་ཙམ་མ་ཡིན་པར། ཁོང་དང་མཚུངས་པའི་ནད་པ་མང་པོ་ཞིག་གི་ཚབ་བྱས་ནས་སྨན་པར་བློ་འདྲི་ཞུ་རུ་ཡོང་བ་ཡིན་ལ། མ་འོངས་པར་ཁོང་ཚོས་ཆེད་དམིགས་དང་ཆེད་ལས་རང་བཞིན་གྱི་ཚོགས་པ་གསར་བ་ཞིག་འཛུགས་རྩིས་ཡོད་ཅིང་། དེའི་སྐབས་སུ་ང་རང་ཡང་ཚོགས་པ་དེའི་ནང་དུ་ཡོང་ཞིང་། ཁོང་ཚོར་གཅིན་སྙི་ནད་པའི་བཟའ་བཏུང་གི་སྐོར་གྱི་གཏམ་བཤད་ཅིག་སྤེལ་རོགས་ཞེས་རེ་བ་བརྒྱབས།

     དེའི་སྐབས་སུ་སྨན་ཞབས་མས་བརྡ་བརྒྱབ་པར་བསྟེན། རྒན་པོ་སངས་རྒྱས་ཀྱིས་བཀའ་དྲིན་ཞུ་ཞོར་ནང་དུ་འཛུལ་སོང་ལ། ངས་ཀྱང་ཁོང་ལ་བཀྲ་ཤིས་བརྗོད་བཞིན་ཕྱིར་ལམ་བསྙེགས་པ་ཡིན། ཕྱིར་ཡོང་ཞོར་རྒན་པོ་སངས་རྒྱས་ཀྱི་རྒྱབ་གཟུགས་ལ་ལྟ་བཞིན། སེམས་སུ་བརྗོད་མི་ཤེས་པའི་དགའ་གུས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་སོང་སྟེ། གལ་ཏེ། བོད་ཁུལ་གྱི་ནད་པ་ཡོད་ཚད། འདི་ལྟར་གཞན་གྱི་གྱོང་གུད་ཀྱིས་རང་ལ་སློབ་གསོ་ཐོབ་མཁན་དང་། རང་གི་གཅེས་སྲོག་ལ་ཆེད་ལས་རང་བཞིན་གྱིས་འགན་ཁུར་མཁན་རྐྱང་རྐྱང་ཡིན་རྒྱུ་ན། ཚེ་སྲོག་དང་སྒོར་མོ་དེ་འདྲའི་མང་པོ་ཞིག་འཕྲོ་བརླགས་སུ་འགྲོ་དགོས་དོན་གཏན་ནས་མི་འདུག་སྙམ།

    ཧྭ་ཞིས་ནས་ཕྱིར་འབུད་སྐབས། ཅུང་འཕྱི་བོར་ཆགས་འདུག་ལ། དེའི་སྐབས་སུ་དྲོད་ཚད་དེ་ལྟར་མི་མཐོ་བར་མ་ཟད། བསིལ་རླུང་སྐྱིད་པོ་ཞིག་ཀྱང་དལ་བུས་རྒྱུ་བཞིན་འདུག ལམ་གྱི་ཕར་ཁ་རུ་སླེབས་ཚེ། ཕྱིར་མིག་ཅིག་བསླགས་ན། ཧྭ་ཞིས་ཀྱི་སྒོ་ཁ་རུ་ད་དུང་མི་ཚོགས་ཀྱིས་འཚང་ཁ་རྒྱག་བཞིན་འདུག་ལ། ཡོད་ཚད་ཀྱི་གདོང་དུ་དངངས་འཚུབ་དང་སྐྱོ་སུན་གྱིས་གང་འདུག་པས། ཡང་བསྐྱར་ཕྱིར་གཞུང་ལས་ཁང་དུ་ལོག་ཅིང་། མུ་མཐུད་དུ་ལས་ཀ་གཞན་པ་ཞིག་གི་སྣེ་ལ་འཇུས་པ་ལས་རང་དགར་འདུག་བཟོད་མེད་པ་ཞིག་ཏུ་གྱུར།

藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章