བདེ་མཚོར་མངལ་འཁོར་མ་ཐུབ་པའི་གནད་དོན་སྐོར། 不孕不育夫妻巴登与德措的故事

文摘   2024-12-24 20:54   四川  


བདེ་མཚོར་མངལ་འཁོར་མ་ཐུབ་པའི་གནད་དོན་སྐོར།

རྩོམ་པ་པོ། ཆོས་དཔལ་བཟང་པོ། 

不孕不育夫妻巴登与德措的故事

作者:邱华绒吾


ཀློག་འདོན་པ། བཀྲ་ཤིས་རྒྱ་མཚོ། 

ཡེ་ཤེས་སྒྲོལ་མ། 

诵读人: 尕西严木初

益西卓玛



མོ་ཕྱོགས་རྐྱང་བོའི་སྐྱོན་ཆ་ཡིན་པའི་ངེས་པ་མེད།

བདེ་མཚོར་མངལ་འཁོར་མ་ཐུབ་པའི་གནད་དོན་སྐོར།

    དཔལ་ལྡན་(བསྒྱུར་མིང་)དང་བདེ་མཚོ་(བསྒྱུར་མིང་)གཉིས་གཉེན་སྒྲིག་བྱས་ནས་མི་ལོ་གསུམ་ཙམ་སོང་རུང་།ད་དུང་ཕྲུ་གུ་གཅིག་ཀྱང་སྐྱེས་ཐུབ་མེད་ཅིང་།ཐ་ན་མངལ་ཆགས་པ་ཙམ་ཡང་བྱ་མ་མྱོང་། བདེ་མཚོའི་ཨ་ནེ་སྟེ། དཔལ་ལྡན་གྱི་ཨ་མས་ནི་ཁོང་གཉིས་གཉེན་སྒྲིག་བྱས་ནས་ལོ་གཅིག་ཙམ་སོང་རྗེས་ནས་ཕྲུ་གུ་སྐྱེ་བའི་སྐུལ་མ་བྱས་བྱུང་ལ།  ཕྲུ་གུ་སྐྱེས་པ་དང་། དེ་ལས་ཀྱང་བུ་ཞིག་སྐྱེས་ཐུབ་པ་བྱུང་ན། ཁོང་ཕ་མ་གཉིས་པོའི་བསམ་དོན་ཡོངས་སུ་འགྲུབ་པ་ཡིན་པར་མ་ཟད། གལ་ཏེ། བྱིས་པ་བུ་དང་བུ་མོ་གཉིས་ཡོད་ན། ཁོང་ཕ་མ་གཉིས་པོ་རྫོང་ཐོག་ཏུ་སྤར་ཅིང་། དེ་ནས་བྱིས་པ་གཉིས་ཀྱི་རྫི་བོ་བྱེད་ཞོར་འདུག་རྒྱུ་ཡིན་ཟེར།

     ཐོག་མའི་སྐབས་སུ་ཨ་ནེ་ཀུན་འཛོམས་(བསྒྱུར་མིང་)ཀྱིས་བདེ་མཚོ་ལ་བདེ་བདེ་དང་མཚོ་མཚོ་ཞེས་གཅེས་མིང་ནས་འབོད་པ་ལས། མིང་དངོས་ནས་འབོད་སྲོལ་མེད་ལ། ནམ་ཡང་བདེ་མཚོར་ཟས་གང་ཞིམ་དང་གོས་གང་ཡག་བསྐོན་ནས་ཁྱིམ་ལས་ཀྱང་མང་པོ་ལས་སུ་མི་འཇུག་ཅིང་། མོ་རང་གིས་སྒོ་ཕྱི་ཁྱིམ་གྱི་ལས་ཀ་མང་པོ་ཞིག་ལས་ནས་ནམ་ཡང་ཡར་རྒྱུག་མར་འདུར་བྱེད་བཞིན་ཡོད།

ཁོང་གཉིས་གཉེན་སྒྲིག་བྱས་ནས་ལོ་གཉིས་པ་ཙམ་ལ་སླེབས་སྐབས་ནས། ཨ་ནེ་ཀུན་འཛོམས་ཀྱི་རྣམ་འགྱུར་དེར་རིམ་བཞིན་འགྱུར་བ་བྱུང་སྟེ། སྐབས་ཤིག་ནས་བདེ་མཚོ་ཞེས་མིང་དངོས་ནས་འབོད་པ་ཞིག་ཏུ་གྱུར་འདུག་ཅིང་། བདེ་མཚོའི་ལས་ཀའང་རིམ་བཞིན་ཇེ་ལྗིད་ནས་ཇེ་ལྗིད་དུ་འགྱུར་བཞིན་འདུག  དུས་དེ་ཙམ་ནས་བདེ་མཚོ་ལའང་སེམས་ཁྲལ་ཤིན་ཏུ་ཆེ་སྟེ། ནམ་ཡང་བྱིས་པ་ཞིག་ཡོད་ན་སྙམ་པ་དང་། ཐོག་མའི་སྐབས་སུ་ནམ་ཡང་བུ་ཞིག་སྐྱེས་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད་མོད། གཉེན་སྒྲིག་བྱས་ནས་ལོ་གཉིས་ཙམ་སོང་རྗེས། བུ་ཞིག་སྐྱེ་མ་ཐུབ་རུང་། བུ་མོ་ཞིག་ཡིན་རུང་སྐྱེས་ཐུབ་རྒྱུ་ན་ཞེས་སྨོན་ལམ་རྒྱག་གིན་འདུག

གཉེན་སྒྲིག་བྱས་ནས་ལོ་ངོ་གསུམ་ཙམ་སོང་རྗེས། བདེ་མཚོ་དང་དཔལ་ལྡན་གཉིས་པོ་ལ་ནི་ཕྲུ་གུ་སྐྱེས་མི་ཐུབ་པའི་རེ་ཆད་གཏིང་ནས་བྱུང་ལ། ཨ་ནེ་ཀུན་འཛོམས་ཀྱིས་ཀྱང་ནམ་ཡང་བདེ་མཚོ་ལ་རབས་ཆད་མ་དང་རབས་མེད་མ་ཞེས་འབོད་པ་ལས། མིང་དངོས་ནས་ཐེངས་གཅིག་ལའང་མི་འབོད་པ་ཞིག་ཏུ་གྱུར་ཅིང་། རིམ་བཞིན་བདེ་མཚོས་ནི་སྒོ་ཕྱི་ཁྱིམ་ཀུན་གྱི་ལས་ཀ་དག་བསྒྲུབ་དགོས་ཀྱི་འདུག་པས། ཉིན་མོ་ཟས་ཟ་ཁོམ་དང་དགོང་མོ་མལ་དུ་ཉལ་ཁོམ་ཡང་མེད་པར་མ་ཟད། ཐེངས་གཉིས་ཙམ་ལ་ཨ་ནེ་ཀུན་འཛོམས་ལ་ཚིག་ལན་ཡག་པོ་མ་སྦྱིན་པའི་དབང་གིས་དཔལ་ལྡན་གྱིས་ཀྱང་གཅར་རྡུང་བྱས་འདུག

    བདེ་མཚོས་རང་གི་གོས་རྒྱན་སོགས་ཡོད་སའི་སྒམ་ཆུང་དེ་བཟུང་ནས། ཕྱིར་མ་ཁྱིམ་དུ་ལོག་འགྲོ་སྙམ་ནས་སེམས་སྡུག་ཅིང་ཡོད་སྐབས། དཔལ་ལྡན་གྱི་ཕ་རྒན་གྱིས་མཐོང་ལ། ཁོང་ནི་ནམ་རྒྱུན་སྐད་ཆ་མང་པོ་ཅན་ཞིག་མིན་རུང་། ཁོག་རྒྱ་ཡངས་ཤིང་དྲང་བདེན་སྐྱོང་མཁན་ཞིག་ཡིན་པས། བདེ་མཚོར་ཁྱེད་ཕྱིར་མ་ཁྱིམ་དུ་མ་ལོག་དང་། ད་ལོ་དགུན་ཁར་སྒོར་མོ་ཁྲི་གཉིས་གྲ་སྒྲིག་བྱོས་ལ་སྤོས་ལྡན་གྲོང་ཁྱེར་དུ་སོང་ནས་བརྟག་བཤེར་ཞིབ་ཚགས་ཤིག་བྱོས། གལ་ཏེ། སྨན་བཅོས་བྱ་རྒྱུ་ཡོད་ན། དེ་ནས་སྨན་བཅོས་བྱོས། གལ་ཏེ། སྨན་བཅོས་མ་ཐུབ་རུང་། བརྟག་ཞིབ་ཡག་པོ་ཞིག་བྱོས་དང་། ཕྲུ་གུ་མི་ཆགས་པ་དེ་ཁྱེད་རྐྱང་བོའི་གནད་དོན་ཡིན་པའི་ངེས་པ་མེད་ཅེས་བཤད་པས། བདེ་མཚོ་ནི་ཨ་ཞང་བཟང་པོ་དེའི་ངོར་ཕྱིར་ཁྱིམ་དུ་མི་ལོག་པ་ཙམ་བྱུང་།

    ཡིན་ནའང་། སེམས་ཕམ་པ་ཞིག་ལ་ལོ་དེའི་དགུན་དུས་སུ་དཔལ་ལྡན་གྱི་ཕ་རྒན་དེ་ཁྲག་ཤེད་མཐོ་བའི་དབང་གིས་གློ་བུར་དུ་ཀླད་ཁྲག་འདྲེས་ནས་ཚེ་ལས་འདས་སོང་ལ། དགོངས་རྫོགས་ཀྱི་འདོན་ཆོག་དག་ཚར་རྗེས་བདེ་མཚོས་སྨན་ཁང་དུ་སོང་ནས་ཕྲུ་གུ་མི་ཆགས་པའི་རྒྱུ་རྐྱེན་སྐོར་བརྟག་བཤེར་བྱ་རུ་འགྲོ་རྒྱུའི་རེ་ཞུ་ཕུལ་རུང་། དཔལ་ལྡན་གྱི་ཨ་མས། སྨན་ཁང་དུ་སོང་ནས་ཅི་བྱེད་དགོས་ནི་རེད། ཁྱེད་ལ་དེ་འདྲའི་སྒོར་མོ་མང་པོ་ཞིག་ཡོད་དམ། གལ་ཏེ། ཅིས་ཀྱང་འགྲོ་དགོས་ན། རབས་ཆད་མ་ཁྱོད་རང་ཉིད་ཀྱིས་སྒོར་མོ་གྲ་སྒྲིག་གྱིས་ལ་རང་ཉིད་སོང་། ངའི་བུ་ལ་ནད་མེད་པས། སྨན་ཁང་དུ་འགྲོ་དགོས་ཞེས་པའི་ཁ་བྱད་གཏོང་མི་རུང་ཞེས་གཤེ་གཤེ་བཏང་།

    དེའི་རྗེས་ནས་དཔལ་ལྡན་ཡང་རིམ་བཞིན་བདེ་མཚོ་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་ཕྱིན་པས་ཡུན་རིང་ལ་ཁྱིམ་གཅིག་ཏུ་ཡོད་རུང་། རུམ་གཅིག་ཏུ་མེད་པ་དང་། རུམ་གཅིག་ཏུ་ཡོད་རུང་། སེམས་གཅིག་ཏུ་མེད་པར་གྱུར་བས། བདེ་མཚོའང་ཡིད་ཐང་ཆད་དེ་མུ་མཐུད་དུ་སྨན་ཁང་ནང་ལ་འགྲོ་དགོས་ཞེས་མ་བཤད། དེ་ནས་ལོ་གཅིག་ཙམ་འགོར་རྗེས་དཔལ་ལྡན་ལ་གཞན་དུ་ཟུར་གསར་ཞིག་ཡོད་ཚུལ་དང་། ཟུར་གསར་དེ་ལ་བུ་ཞིག་ཀྱང་སྐྱེས་ཡོད་ཚུལ་ཐོས་རྒྱུ་འདུག་པས། ཉིན་ཞིག་ཨ་ནེ་ཀུན་འཛོམས་ཀྱིས་བདེ་མཚོ་མོའི་རྩབ་ཏུ་བོས་ནས། ཁྱེད་ཀྱིས་ཁོང་ཚང་ལ་བུ་མ་དགོས་བུ་མོ་ཙམ་ཡང་མ་སྐྱེས་པས། ད་ནི་ཁྱིམ་དུ་མནའ་མ་གསར་པ་ཁྲིད་རྩིས་ཡོད་པ་དང་། བདེ་མཚོ་ཁྱིམ་ནས་ཕྱིར་ཐོན་འགྲོ་དགོས་ཚུལ་སོགས་མངོན་ལྐོགས་མེད་པར་བཤད།

    སྤྱིར་བདེ་མཚོས་ཁྱིམ་ཚང་དེ་ནས་ཉིན་གྱི་མི་དང་མཚན་གྱི་ཁྱི་བྱས་ནས་བསྡད་པས། འདི་ལྟར་སྒོ་ཁྱི་ལྟར་ཁྱིམ་ནས་འདུག་དབང་མ་ཡོད་པར་སྒོར་ཕུད་དགོས་ན། སེམས་ནས་མི་བཟོད་པར་འདུག་ལ། དཔལ་ལྡན་ཡང་རང་གི་ཨ་མའི་ཁར་བརྒྱུགས་ནས། རྒྱུ་མཚན་དང་གནས་ལུགས་སུ་ལ་ཡོད་པའི་སྐོར་ཙམ་ཡང་མ་དྲིས་པར་མོ་ལ་གཅར་རྡུང་བྱས་པ་སོགས་བསྡུག་བསྔལ་མང་པོ་བགྲང་དུ་ཡོད་ལ། ཁོང་ཚོའི་ཕ་ཡུལ་ལྟར་ན། མོ་སྟོང་གིས་དཔལ་ལྡན་ཁྱིམ་གཞི་ཡོད་ཚད་རྩད་རྫོགས་བྱས་ནའང་ཆོག་ཆོག་ལྟ་བུ་ཡིན་རུང་།

     ལོ་འདི་དག་གི་རིང་ལ་བུ་ཞིག་སྐྱེས་མ་ཐུབ་དེ་ནི་རང་གི་སྐྱོན་ཡིན་པར་བསམ་པ། དཔལ་ལྡན་གྱི་ཕ་རྒན་འདས་པོ་དེ་གསོན་ད་ངོགས་སུ་བཞུགས་སྐབས། ཅི་ནུས་ཀྱིས་མོ་ལ་སྲུང་སྐྱོབ་དང་རོགས་རམ་བྱ་སྲིད་པར་བསམ་པས། དམེ་གྱོད་སོགས་གང་ལའང་མ་བསྒྱུར་བར་ཕྱིར་མ་ཁྱིམ་དུ་ལོག་སོང་ཟེར།

     ཡིད་ནའང་། དགོད་བྲོ་བ་ཞིག་ལ། ལོ་ངོ་གཉིས་ཙམ་སོང་རྗེས། བདེ་མཚོ་གཉེན་སྒྲིག་བྱས་འདུག་ལ། མོ་ལ་བུ་ཞིག་སྐྱེས་ཐུབ་པར་མ་ཟད། ས་དེའི་འབྲོག་པ་ཚོས་བཤད་ན། དཔལ་ལྡན་དང་བདེ་མཚོ་གཉིས་ལ་བུ་ཕྲུག་མེད་པའི་རྒྱུ་མཚན་ནི་བདེ་མཚོའི་གནད་དོན་མ་ཡིན་པར་དཔལ་ལྡན་གྱི་གནད་དོན་ཡིན་འདུག་ལ། དཔལ་ལྡན་དང་ཁོང་གི་ཆུང་མ་གཉིས་པ་གཉིས་ཀྱིས་སྐྱེས་པའི་ཕྲུ་གུ་ནི་དཔལ་ལྡན་གྱི་མ་ཡིན་པར། སྐྱེས་པ་གཞན་ཞིག་གི་ཡིན་རུང་། སྐྱེས་པ་དེས་འགན་མ་ཁུར་བས། དཔལ་ལྡན་གྱི་མགོར་བཞག་པ་ཞིག་རེད་འདུག་ཟེར་བཞིན་འདུག་ལ། ཁོང་ཚང་གི་ཁྱིམ་ཚང་དེ་ཡང་བསྐྱར་འཐོར་ཉེན་འདུག་ཅེས་ཀུན་གྱིས་བཤད་ཀྱིན་འདུག་གོ།


藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章