མེད་པ་བཟོ་དགོས་པ་དེ་ཇོ་མོ་དག་མ་རེད་སྲོལ་རྒྱུན་གྱི་བག་ཆགས་སྡུག་པོ་དག་རེད།
རྩོམ་པ་པོ། ཆོས་དཔལ་བཟང་པོ།
ཉེ་ཆར་ཁོ་བོས་སྤྱི་སྟེགས་སུ་ཇོ་མོའི་བདེ་ཐང་གི་སྐོར་ནས་ཁ་བརྡ་ཞིག་བྱས་པ་ཡིན་ལ། དེའི་སྐབས་སུ་མི་ཁ་ཤས་ཤིག་གིས་སྒྲ་དང་བརྙན་སྣ་ཚོགས་ཤིག་བསྐུར་ནས། ཇོ་མོ་མང་དྲགས་ན་བོད་མི་རིགས་ཀྱི་གྲངས་འབོར་ལ་གནོད་ཚུལ་དང་། དཔལ་འབྱོར་འཕེལ་རྒྱས་ལ་གནོད་ཚུལ། ཇོ་མོ་མང་པོ་ཞིག་ནད་པར་གྱུར་ཡོད་པས། དེ་འདྲའི་ཇོ་མོ་མང་པོ་ཞིག་ཡོད་མི་འོས་ཤིང་མེད་པ་བྱ་དགོས་ཞེས་དྲྭ་གཏམ་སྣ་ཚོགས་ཤིག་སྤེལ་ཟེར་འདུག། ཡིན་ནའང་། ངས་བསམ་ན། མེད་པ་བཟོ་དགོས་པ་དེ་ཇོ་མོ་དག་མ་རེད། མེད་པ་བཟོ་དགོས་པ་ནི་འདྲ་མི་མཉམ་པའི་སྤྱི་ཚོགས་ཀྱི་གནས་བབ་དང་སྲོལ་རྒྱུན་གྱི་བག་ཆགས་སྡུག་པོ་དག་རེད་བསམ་གྱིན་ཡོད།
འོ་ན། སྤྱི་ཚོགས་ཀྱི་་གནས་བབ་གང་ཞིག་འདྲ་མཉམ་མ་ཡིན་ནམ་ཞེ་ན། དཔེར་ན། ཕོ་མཆོག་མོ་དམན་གྱི་ལྟ་བའི་འོག་ནས་རྒྱ་ཁྱབ་ཏུ་བཏང་ཡོང་བའི་བརྩེ་དུང་རང་དབང་དང་། གཉེན་སྒྲིག་རང་དབང་། སློབ་ཞུགས་རང་དབང་དང་། ལས་ཞུགས་རང་དབང་། གཏམ་སྤྱོད་རང་དབང་དང་། ཐག་གཅོད་རང་དབང་། ཐ་ན་སྨན་བཅོས་རང་དབང་དང་བཅོས་ཡུན་རང་དབང་སོགས། རྡོག་བརྫུས་སུ་བཏང་དང་གཏོང་བཞིན་པའི་ཁོར་ཡུག་ཅིག་ན། བུད་མང་པོ་ཞིག་ཇོ་མོ་བྱེད་པ་ནི་རང་མེད་མི་བྱེད་པའི་ལམ་བུ་ཉག་གཅིག་ཡིན་པས་སོ། །
ངས་འདིར་བུད་མེད་མང་པོ་ཞིག་ཟེར་ལས་བ་ལས། ཚང་མ་མི་ཟེར་བ་ནི། ཇོ་མོ་ཁག་ཅིག་ནི་ངེས་པ་དོན་གྱིས་འཁོར་བའི་ཆོས་འདིའི་སྡུག་བསྔལ་བའི་རང་བཞིན་དང་། མི་རྟག་པའི་རང་བཞིན་དང་། མི་སྡུག་པ་དང་། སྙིང་པོ་མེད་པའི་རང་བཞིན་རྟོགས་ཤིང་། ངེས་འབྱུང་གིས་བསྐྱེད་པའི་བློས་རབ་ཏུ་བྱུང་བར་ཡིད་ཆེས་ཡོད་ལ། ཡང་ཁག་ཅིག་ནི་ལས་དང་རྐྱེན་གང་རུང་གིས་ཟགས་བཅས་ཀྱི་ཕུང་པོ་འདིའི་བདག་མེད་པའི་ངོ་བོ་དང་སྟོང་པ་ཉིད་ཀྱི་རང་བཞིན་རྟོགས་པས་སྲིད་པ་འཁོར་བ་ལས་འདས་པའི་ལམ་དུ་ཞུགས་པར་ཡིད་ཆེས་ཡོད་པས། དེ་དག་ནི་ནང་དུ་ཚུད་མེད་དོ། །