ཕོ་སྐྲན་ནད་པ་ནོར་བུའི་གཏམ་རྒྱུད།
勤俭牧人诺吾的悲哀
རྩོམ་པ་པོ། ཆོས་དཔལ་བཟང་པོ།
作者:邱华绒吾
ཀློག་འདོན་པ། བཀྲ་ཤིས་རྒྱ་མཚོ།
ཡེ་ཤེས་སྒྲོལ་མ།
诵读人: 尕西严木初
益西卓玛
ངས་ནོར་བུའི་(བསྒྱུར་མིང་)གཏམ་རྒྱུད་འདི་ཡིག་ཐོག་ལ་འབྲི་བའི་སྐབས་སུ་། ནོར་བུ་ཚེ་ལས་འདས་ནས་ལོ་ཁ་ཤས་སོང་ཟིན། དྲང་མོར་བཤད་ན། ནོར་བུ་ཚེ་ལས་འདས་འགྲོ་བ་དེ་ཁོང་གི་ཨ་མས་གཏམ་འཁྱར་ཞིག་ལ་ཡིད་ཆེས་པས་ལན་པ་ཡིན་ཏེ། ཕོ་ཤེལ་གྱིས་བརྟག་བཤེར་བྱས་ན། ཕོ་ཁ་ངན་སྐྲན་གྱིས་ཤི་འགྲོ་ཞེས་པའི་འཁྱར་གཏམ་དེ་རེད།
ནོར་བུ་ནི་ཁྱིམ་ཚང་ཕྱུག་པོ་ཞིག་གི་བུ་ཡིན།ཡིན་ནའང་།རྒྱུ་ཡིས་ཕྱུག་རུང་སེམས་ཀྱིས་དབུལ་བས།ནམ་རྒྱུན་ཟས་གང་བཙོག་དང་གོས་གང་ངན་གྱོན་བཞིན་ཡོད་ལ།ཐ་ན་དབྱར་བྱི་གླང་གཉིས་ཀྱི་ནང་ཡིན་རུང་།ཤ་མར་རྙིང་བ་རྐྱང་རྐྱང་ཟ་བཞིན་ཡོད་ལ།དགུན་དུས་དང་དབྱར་ཁའི་སྤྲོ་སྐྱིད་ཀྱི་སྐབས་རེ་མིན་ན།ལྷམ་གསར་པ་གཅིག་ཀྱང་གྱོན་རྒྱུ་མེད།སྡེ་མི་སུ་ཞིག་ལ་དྲིས་རུང་། གལ་ཏེ། ནོར་བུ་ཚང་གིས་གསོགས་གསོགས་ཤིག་བྱས་ན། ང་ཚོ་སུ་ཡིན་རུང་ཕྱུག་པོར་འགྱུར་ཡོད་ཅེས། ནམ་ཡང་ཕྱུག་པོ་སེར་སྣ་ཅན་གྱི་དཔེ་མཚོན་དུ་འཇོག་རྒྱུ་ཞིག་ཡིན།
ཐེངས་ཤིག་ནོར་བུ་རི་མགོ་རུ་སྨན་རྩྭ་བརྐོ་རུ་འགྲོ་སྐབས།ནོར་བུའི་ཨ་མས་མོ་རང་གི་སྟོད་ལྭ་རྙིང་བ་ཞིག་གི་ཁུད་དུ་ཤ་རྙིང་བཙོས་མ་རླངས་པ་འཐུལ་ལེ་བ་ཞིག་བཅུག་ནས་ནོར་བུ་ལ་བྲོ་ཁ་བྱས་པ་དེ་ཟོས་པར་རྐྱེན་བྱས་ནས།ཁོང་གི་ཕོ་ཁའི་ན་ཚ་ཚབས་ཇེ་ཆེ་རུ་གྱུར་སོང་བ་རེད་འདུག། ནོར་བུས་དུས་ཐོག་ཏུ་ཁོང་གི་ཕོ་ཁ་ན་ཚུལ་དང་། སྨན་པ་བསྟེན་དུ་འགྲོ་དགོས་ཚུལ་སོགས་བཤད་རུང་། ནོར་བུའི་ཨ་མས་བཤད་ན། དབྱར་རྩྭ་དགུན་འབུ་བརྐོ་བ་ནི་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་སྒོར་མོ་མང་པོ་རག་པའི་གོ་སྐབས་ཆེས་བཟང་པོ་དེ་ཡིན་ལ། ད་ལོ་དབྱར་རྩྭའི་རྩྭ་སའི་རིན་པའང་མང་པོ་ཞིག་དང་ཐོག་ནས་སྤྲད་ཟིན་པས། དབྱར་རྩྭ་བརྐོ་བའི་དུས་སྐབས་བཟང་པོ་དེ་འཕྲོ་བརླགས་མ་བྱས་ན་དགའ་རབས་བཤད་པ་དང་། དེའི་ཁར་ནོར་བུ་ཁོ་རང་གིས་ཀྱང་རྒྱ་སྐད་མི་ཤེས་ལ། རྫོང་དང་གྲོང་རྡལ་ཙམ་ལས་གྲོང་ཁྱེར་ཆེན་པོ་ཞིག་གི་ནང་དུ་གཏན་ནས་འགྲོ་མ་མྱོང་ཕྱིན། ཁོང་ཚོས་བཤད་པ་བཞིན་མ་བྱས་ཐབས་མེད་དུ་གྱུར།
དབྱར་རྩྭ་བརྐོས་ནས་མཇུག་རྫོགས་ལ་ཉེ་སྐབས་ནོར་བུའི་ལུས་པོ་ཤིན་ཏུ་རིད་ཅིང་ཞན་པོར་གྱུར་བ་དང་། དཀའ་ནས་ཐང་ཆད་པར་གྱུར་བས། སྨན་ཁང་དུ་མ་སོང་ཐབས་མེད་དུ་གྱུར། ཡིན་ནའང་། སྨན་པ་ཚོས་ནད་རྟགས་ལ་གཞིགས་ན་ཕལ་ཆེར་ཕོ་ཁའི་ནད་ཡིན་འདུག་ཅིང་། དེ་ལ་ཞིབ་ཚགས་ཀྱིས་བརྟག་བཤེར་བྱ་དགོས་ན། ངེས་པར་དུ་ཕོ་ཤེལ་གྱིས་བརྟག་དགོས་ཞེས་པའི་སྐབས་སུ། ནོར་བུའི་ཨ་མས་གང་ཞིག་ནས་ཐོས་པ་མི་ཤེས་མོད། ཕོ་ཤེལ་གྱིས་བརྟག་བཤེར་བྱས་ན། ཕོ་ཁ་ངན་སྐྲན་གྱིས་ཤི་འགྲོ་ཞེས་པའི་གཏམ་འཁྱར་ཞིག་ཐོས་འདུག་པས། ཇི་ལྟར་བཤད་ཀྱང་བརྟག་བཤེར་བྱ་རུ་མ་བཅུག། དེ་ནས་སྨན་པ་དག་ཀྱང་ཐབས་ཟད་དེ་ཁོང་ཚོས་བཤད་པ་བཞིན་བཏུང་སྨན་འགའ་སྟེར་ཅིང་ཕྱིར་ཕ་ཡུལ་དུ་ལོག་ཏུ་བཅུག། ཕ་ཡུལ་དུ་ལོག་རྗེས་ལོ་གཅིག་ཙམ་ལ་སྐབས་རེ་བཟང་ཞིང་ནད་རྟགས་གང་ཡང་མེད་པ་འདྲ་བོ་བྱུང་མྱོང་ཞིང་། སྐབས་རེ་ཇེ་སྡུག་ཏུ་ཕྱིན་ནས་ཟ་འཐུང་དང་འགྲོ་འདུག་ཀྱང་བྱེད་མི་ཐུབ་པ་ཞིག་ཏུ་གྱུར་ཕྱིན། སྨན་ཁང་དུ་འགྲོ་དགོས་པའི་སྐོར་ཐེངས་མང་པོར་བཤད་ཀྱང་། ནོར་བུའི་ཨ་མས་སྐྱེས་པ་ཕོ་ཞིག་གིས་ཕོ་ཁའི་ནད་ཙམ་ལ་བསྲན་མི་ཐུབ་པ་དེ་ངོ་ཚ་ཞིག་མ་ཡིན་ནམ། མོ་རང་གིས་སྔར་སྔ་དྲོ་རྫི་བོར་རི་མགོར་སོང་ན། ཕྱི་དྲོ་ཕྲུ་གུ་སྐྱེས་ནས་ཕྱུགས་ཟོག་བསྡུས་ཤིང་ཁྱིམ་དུ་ལོག་ཐུབ་ཅེས་བཤད་པར་བསྟེན། དེའི་སྐབས་སུའང་གོ་སྐབས་བཟང་པོ་དམ་འཛིན་བྱ་ཐུབ་མི་འདུག།
དེ་ནས་ཟླ་བ་ཁ་ཤས་སོང་རྗེས། ནོར་བུ་ཤ་ཟད་རུས་སྐམ་དུ་གྱུར་བར་མ་ཟད། ཟ་མ་ཅི་ཡང་ཟ་མི་ཐུབ་པ་དང་། ཐང་ཆད་ནས་འགུལ་སྐྱོད་ཀྱང་བྱ་མི་ཐུབ་པའི་ཚད་དུ་སླེབས་པས། མཐར་ཡུལ་མི་མང་པོ་ཞིག་གི་རོགས་རམ་ལ་བསྟེན་ནས་སྤོས་ལྡན་དུ་སྨན་བཅོས་བྱེད་དུ་སླེབས་བྱུང་། དེའི་སྐབས་སུ་བརྟག་བཤེར་དང་སྨན་བཅོས་གང་ཞིག་བྱ་དགོས་རུང་། མི་འཐད་པ་གང་ཡང་མེད་པའི་ཚད་དུ་སླེབས་འདུག་ལ། བརྟག་འབྲས་སུ་ཕོ་ཁའི་འབྲས་སྐྲན་ཡོད་པས། གཤག་བཅོས་ཤིག་ཀྱང་བྱས་པ་ཡིན། ཡིན་ནའང་། བཅོས་ཐོན་བྱས་ནས་ཕྱིར་ཕ་ཡུལ་དུ་ལོག་སྐབས་སྨན་པ་ཚོས་ངེས་པར་དུ་ཁམས་གསོ་ཡག་པོ་བྱ་དགོས་ལ། བཟའ་བཏུང་གི་ཐད་ནས་སྣུམ་ཅན་དང་། མངར་ཅན་དང་། ཁ་ཚ་མོའི་རིགས་ལ་འཛེམ་དགོས་ཚུལ་སོགས་བླང་བྱ་འགའ་བཏོན་རུང་། ཐོག་མའི་སྐབས་སུ་ཅུང་ཟད་འཛེམ་དོགས་བྱས་ཀྱང་། ཉིན་ཤས་སོང་རྗེས་ནོར་ལུག་འཚོ་སྐྱོང་དང་། དཔལ་འབྱོར་རྩོལ་སྒྲུབ་སོགས་དོན་དག་མང་པོ་ཞིག་གི་དབང་གིས་ཁམས་གསོ་བྱ་རྒྱུ་མ་བྱུང་བར་མ་ཟད། སྔར་བཞིན་བཟའ་བཏུང་རྙིང་རུལ་ཅན་ཟོས་པ་དང་། ཟས་ལྷག་དང་ཟས་སྙིགས་ཟོས་པ་སོགས་ཀྱིས་ནད་གཞི་ཕྱིར་འཕར་ཤིང་། ཐེངས་རྗེས་མ་ང་ཚོ་ཐུག་སྐབས་ནི་ཤ་ཞུ་པགས་པ་སྐམ། ཤིའི་དོང་ཁར་རྐང་པ་བཞག་ནས་ཡོད་པ་ཞིག་ཏུ་གྱུར་འདུག་ལ། དེའི་སྐབས་སུ་ང་ཚོས་ཁོང་ཁྲིད་ནས་སྨན་བཅོས་བྱས་དུས། ཁོང་གི་ཕོ་ཁའི་ནད་དེ་ཕོ་སྐྲན་དུ་གྱུར་འདུག་པར་མ་ཟད། སྐྲན་གཤིས་ཀྱི་ཕྲ་ཕུང་དག་མཆིན་པ་དང་མཚེར་པ་སོགས་ལ་མཆེད་ཟིན་པས་གཤག་བཅོས་བྱ་རྒྱུ་ཅི་ཡང་མེད་པ་ཞིག་ཏུ་གྱུར་ཚར་འདུག
དེ་བས་སྨན་པ་ཚོའི་བཀོད་འདོམས་ལྟར། ང་ཚོས་ནོར་བུ་ལ་རྫས་བཅོས་ཞེས་རྫས་འགྱུར་གྱི་ཐབས་ཀྱིས་བཅོས་ཐབས་ཤིག་ཡོད་པ་སྤྱོད་ཁུལ་བྱས་རུང་། ལུས་ཟུངས་ཉིན་རེ་ལས་ཉིན་རེས་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར་བར་མ་ཟད། སྐྲ་འབྱི་བ་དང་། སྐྱུག་པ། ཁོག་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཞིང་། སྨན་པ་ཚོས་ཀྱང་ད་ནི་མུ་མཐུད་དུ་རྫས་བཅོས་བྱས་ཀྱང་ངལ་བ་སྟོང་གཟད་དུ་འགྲོ་བའི་ཉེན་ཁ་ཡོད་པར་མ་ཟད། ནད་པ་ཁོ་རང་ཉིད་ལ་མཚོན་ནའང་སྡུག་བསྔལ་དང་མནར་གཅོད་ཅིག་ལས་མི་འདུག་ཅེས་བཤད་པས། མཐར་ནོར་བུའི་ཕ་མ་གཉིས་དང་ཉེ་མི། ནོར་བུ་ཁོ་རང་བཅས་ཚང་མས་བློ་འཐད་བྱུང་བ་ལྟར། མ་ཤི་བའི་སྔོན་ནས་བཅོས་ཐོན་བྱས་ཤིང་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན། དེ་ལྟར་བྱ་བར་རྒྱུ་མཚན་གཞན་ཞིག་ཀྱང་ཡོད་དེ། གལ་ཏེ། སྨན་ཁང་ནང་ནས་ཤི་སོང་བ་ཡིན་ན། བེམ་པོ་ཕྱི་རུ་འཁྱེར་དུ་འཇུག་གིན་མེད་པས། འདིར་སྤོས་ལྡན་དུ་མེ་སྦྱིན་བྱ་དགོས་ཀྱི་ཡོད་རུང་། བོད་པ་མང་པོ་ཞིག་གིས་དེ་ལ་དགའ་བོ་བྱེད་ཀྱིན་མེད། དེ་བས་སྔ་ཙམ་ནས་ཕྱིར་ཐོན་བྱས་ན། གྲོང་ཁྱེར་ནང་ནས་མེ་སྦྱིན་བྱ་མི་དགོས་ལ། ཅིག་བྱས་ན་མ་ཤི་བའི་སྔོན་ནས་ཕྱིར་ཕ་ཡུལ་དུ་འབྱོར་ཅིང་། རང་གི་རྩ་བའི་བླ་མ་སོགས་ལ་ཞལ་མཇལ་བ་དང་གསུངས་ཐོས་པའི་གོ་སྐབས་ཀྱང་ཡོད་པས། ང་ཚོས་དེ་ལྟར་བྱས་པ་ཡིན།
སྐབས་འདིར་སླེབས་དུས་ངས་མ་བཤད་ཐབས་མེད་ཅིག་ཡོད་པ་ནི། མི་མང་པོ་ཞིག་གིས་ཕོ་ཤེལ་ལ་དོགས་པ་དང་མི་དགའ་བའི་རྣམ་འགྱུར་འཛིན་གྱིན་འདུག་རུང་། ནད་གཞི་ཚབས་ཆེན་ལ་མ་གྱུར་བའི་སྔོན་ནས། སྨན་ཁང་ཚད་ལྡན་དུ་སྦྲིད་ཁབ་ཡག་པོ་བརྒྱབ་ཅིང་ཕོ་ཤེལ་གྱིས་བརྟག་ན། གནོད་པ་མེད་ལ་སྡུག་བསྔལ་ཀྱང་ཅི་ཡང་མེད། ཡིན་ནའང་། གལ་ཏེ། ཁྱེད་ཀྱིས་སྒོར་མོ་མང་པོ་འཆོར་བར་སེམས་ཁུར་བྱས་ནས་སྨན་ཁང་ཐབས་རྡུགས་ནས་བརྟག་བཤེར་བྱས་པའམ། ནད་གཞི་ཧ་ཅང་ཚབས་ཆེན་ལ་གྱུར་ཚར་རྗེས་གཟོད་བརྟག་བཤེར་བྱས་པའམ། བརྟག་བཤེར་གྱི་གོ་རིམ་དུ་སྦྲིད་ཁབ་ཡག་པོ་མ་བརྒྱབ་པ་སོགས་བྱས་ན་ནི་ལུས་ལ་མི་བདེ་བའི་ཚོར་བ་ཡོད་སྲིད་ལ། ཅིག་བྱས་ན། ནད་གཞི་ཚབས་ཇེ་ཆེ་རུ་དཀྲུགས་སོང་སྙམ་པའི་ཚོར་བའང་འབྱུང་སྲིད་རུང་། དེ་ནི་ཁྱེད་ཀྱིས་ཚད་ལྡན་དང་ཚུལ་མཐུན་གྱི་བརྟག་བཤེར་མ་བྱས་པར་རག་ལས་པ་ལས། ཕོ་ཤེལ་གྱི་སྐྱོན་མིན་པ་ཤེས་དགོས། ཡང་བསྐྱར་བཤད་དགོས་པ་ཞིག་ལ། ཕོ་ཤེལ་གྱིས་ཕོ་ཁའི་ནད་ཡོད་མེད་བརྟག་བཤེར་བྱ་ཐུབ་པ་ཙམ་གྱིས་མ་ཚད། དེས་མིད་པ་དང་ཕོ་ཁ་གཉིས་པོར་བརྟག་བཤེར་དང་། ནད་དཔེ་གཅོད་ལེན། རྨ་ཕྲན་གཤག་བཅོས་སོགས་ཀྱང་བྱ་ཐུབ་པས། ཕོ་ཁ་དང་མིད་པའི་ངན་སྐྲན་སོགས་ཡོད་མེད་བརྟག་བཤེར་ཞིབ་ཚགས་བྱ་དགོས་ན། ཕོ་ཤེལ་ནི་ཆེས་གལ་ཆེ་བའི་བརྟག་ཐབས་ཤིག་ཡིན་པ་ངེས་པར་དུ་བརྗེད་མི་རུང་།
གཞན་བུད་མེད་དར་མ་ཡིན་ན། དུས་བཅད་ལྟར་མངལ་སྐེའི་ངན་སྐྲན་ཡོད་མིན་དང་ནུ་མའི་ངན་སྐྲན་ཡོད་མིན་བརྟག་བཤེར་བྱ་དགོས་ལ། རྒྱལ་ཁབ་ཀྱིས་གཞི་རིམ་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་རིན་མེད་ཀྱིས་སྐྲན་གཉིས་བརྟག་བཤེར་བྱ་བའི་ལམ་ལུགས་སྤེལ་ཡོད་ཅིང་། དམིགས་བསལ་ཞིང་གྲོང་དང་གྲོང་ཁྱེར་ཁ་ཤས་སུ་གློ་བའི་ངན་སྐྲན་དང་། དབུགས་ལམ་སྟོད་མའི་ངན་སྐྲན། རྒྱུ་མའི་ངན་སྐྲན། ལོང་ཀའི་ངན་སྐྲན། གཉེ་མའི་ངན་སྐྲན། མཆིན་པའི་ངན་སྐྲན། སྣ་གདོང་ངན་སྐྲན་སོགས་ལ་སྔ་བརྟག་དང་སྔ་བཅོས་བྱ་བའི་བྱེད་ཐབས་སྤྱོད་བཞིན་ཡོད།
སྤྱོད་ལམ་བདེ་ཐང་མིན་པར་ཡོ་བསྲང་བྱས་ན། ངན་སྐྲན་ཡིན་རུང་སྔོན་འགོག་བྱ་རྒྱུ་ཡོད་པ་ཞིག་ཡིན་ཏེ། དུ་བ་མ་འཐེན་ན་གློ་སྐྲན་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ་ལ། བཟའ་བཏུང་ཚུལ་མཐུན་བྱས་ན། ལོང་ཀའི་ངན་སྐྲན་དང་ནུ་མའི་ངན་སྐྲན། མིད་པའི་ངན་སྐྲན། མཆིན་པའི་ངན་སྐྲན། ཕོ་ཁའི་ངན་སྐྲན་སོགས་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ་ལ། མིའི་མཛེར་དབྱིབས་ནད་དུག་ལ་འགོག་བཅོས་བྱས་ན། མངལ་སྐེའི་ངན་སྐྲན་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ། གང་ལྟར་ནད་ཅི་དང་གང་ཞིག་ཡིན་རུང་། སྔ་འགོག་དང་སྔ་བརྟག སྔ་བཅོས་བཅས་བྱ་རྒྱུ་ཡོད་པས། ནམ་ཡང་རང་རྒྱུས་རང་ལ་ཡོད་པ་དང་། རང་ལུས་རང་ལ་གཅེས་པ་དེ་ཤིན་ཏུ་གལ་ཆེན་ཡིན་ནོ། །