ཐུམ་འབུའི་ནད་པ་བདེ་སྐྱིད་ཀྱི་སྐྱོ་གར།
包虫病患者德吉的故事
རྩོམ་པ་པོ། ཆོས་དཔལ་བཟང་པོ།
作者:邱华绒吾
ཀློག་འདོན་པ། བཀྲ་ཤིས་རྒྱ་མཚོ།
ཡེ་ཤེས་སྒྲོལ་མ།
诵读人: 尕西严木初
益西卓玛
2016ལོར། ངས་དེ་དུས་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་གཞི་རིམ་གྱི་བདེ་ཐང་ཤེས་བྱ་དྲིལ་སྒྲོག་དང་། ཐུམ་འབུ་ནད་པའི་སྨན་ཁྲིད། སྨན་བཅོས་བྱས་རྗེས་ཀྱི་ནད་པའི་འཚོ་བའི་ཁྲིད་སྟོན་དང་རྩིས་ཞུ་སོགས་ཀྱི་ལས་ཀ་བྱེད་བཞིན་ཡོད།
དབྱར་མཇུག་ཏུ་སླེབས་གྲབས་འདུག་པས། ང་གཞི་རིམ་དུ་གཞུང་བཞུད་བྱེད་དུ་སོང་ནས་ཕྱིར་ཐོན་མ་ཐག་ཡིན་ལ། སྨན་ཁང་ནང་ནས་བསྡུ་གསོགས་ཤིག་བྱས་རྗེས་ཕྱིར་ཁྱིམ་དུ་ལོག་ནས་ངལ་གསོ་ཡག་པོ་ཞིག་བྱ་དགོས་ཀྱི་འདུག་སྙམ་པ་ཡིན་མོད། སྨན་ཁང་ནང་དུ་མི་མང་པོས་འུར་སྒྲ་རྒྱག་བཞིན་འདུག་ལ། གཤག་བཅོས་ཁང་གི་སྒོ་ཁ་རུ་སྨན་པ་ཁག་ཅིག་གིས་ཅི་བྱེད་དགོས་པ་མི་ཤེས་པར། མགོ་བསྒུར་ནས་ཕན་ཚུན་ཤབ་ཤུབ་ཀྱི་སྐད་ཆ་བཤད་ཀྱིན་འདུག། ངོ་གདོང་ལ་བལྟས་ན་ཁོང་ཚོའང་ཐབས་ཟད་ནས་ཡོད་པ་འདྲ། གཤག་བཅོས་ཁང་གི་སྒོ་ཁ་རུ་འབྲོག་པ་ཁ་ཤས་ཀྱིས་ནད་པ་ཞིག་ཕྱར་ལྟེབས་ཁུག་ཏུ་བཞག་ནས་བཙན་པོའི་སྒོས་ནང་དུ་ཨེ་ཐར་བལྟ་བཞིན་འདུག་ལ། སྨན་པ་ཚོས་བཤད་པར་ཉན་བཞིན་མི་འདུག་ཅིང་། ཉན་རུང་སྐད་གོ་བཞིན་མེད་པ་མངོན་གསལ་རེད།
ང་ལམ་སང་མི་ཚོགས་ཁྲོད་དུ་བརྒྱུག་ནས། འདི་ཅི་བྱུང་སོང་བ་རེད་ཅེས་དྲིས་པ་ཡིན།
དེའི་སྐབས་སུ་སྨན་པ་ཚང་མས་ངའི་ངོ་ཤེས་ཀྱིན་ཡོད་ལ། ལམ་སང་སྨན་པ་ཞིག་གིས། ད་ཡག་བྱུང་། ཆོས་དཔལ་བཟང་པོ་སླེབས་བྱུང་། ཁོང་གིས་ཁྱོད་ཚོར་གོ་བརྡ་སྤྲོད་ཀྱི་རེད་ཅེས་ཟེར།
ཞིབ་པར་དྲིས་ཚེ་ད་ཅིའི་ནད་པ་དེ་ནི་ཐུམ་འབུའི་ནད་པ་ཞིག་ཡིན་འདུག་ཅིང་། ཁོང་ཚོའི་ཁྱིམ་མི་ཚོས་གཤག་བཅོས་བྱ་རོགས་ཞེས་ནང་དུ་འདེད་བཞིན་ཡོད་རུང་། སྨན་པ་ཚོས་དང་ལེན་བྱེད་ཀྱིན་མི་འདུག། དེ་ལ་ང་རང་ཡ་མཚར་སོང་བ་ཡིན་ཏེ། དུས་རྒྱུན་སྨན་པ་ཚོས་ནམ་ཡང་ལེ་བདའ་བྱས་ནས། རོང་འབྲོག་མང་ཚོགས་ཚོས་ཐུམ་འབུའི་ནད་ལ་གཤག་བཅོས་བྱ་བཞིན་མི་འདུག་པས། ཚེ་སྲོག་གི་ཉེན་ཁ་ཡོད་ཚུལ་དང་། མ་འོངས་པར་འགྲོ་སོང་དེ་ལས་མང་པོ་འགྲོ་ཚུལ་གྱི་སྐད་ཆ་བཤད་བཞིན་ཡོད་ལ། ང་རང་ཉིད་ཀྱི་ལས་ཀ་གཙོ་བོ་ཞིག་ཀྱང་ཁོང་ཚོར་ནད་རིགས་མ་བྱུང་གོང་ལ་སྔོན་འགོག་བྱེད་པ་དང་། བྱུང་ཚར་རྗེས་བརྟག་བཅོས་ཡག་པོ་བྱེད་པ། ལྷག་པར་དུ་ཐུམ་འབུའི་ནད་པ་ཞིག་ཡིན་ཞིང་། གཤག་བཅོས་ཀྱི་ཆ་རྐྱེན་ཚང་ན་གཤག་བཅོས་བྱ་དགོས་ཚུལ་གྱི་དྲིལ་བསྒྲགས་བྱེད་མཁན་ཞིག་ཡིན་ཕྱིན། དེ་རིང་ནད་པས་གཤག་བཅོས་བྱ་རྒྱུ་ཟེར་ན། སྨན་པས་དང་ལེན་མི་བྱེད་པ་འདི་ཅི་ཡིན་ནམ་སྙམ་ནས་སྨན་པ་ཚོའི་སྤྱོད་པར་ཅུང་མི་དགའ་བའི་རྣམ་འགྱུར་བསྟན་པ་ཡིན།
རྒྱུ་མཚན་ཅིའི་ཕྱིར་དུ་ཁོང་ཚོར་གཤག་བཅོས་མི་བྱེད་པ་རེད། ང་གཞི་རིམ་དུ་སོང་ནས་ཁོང་ཚོར་གཤག་བཅོས་བྱས་ན་བཟང་ཚུལ་གྱི་སྐད་ཆ་བཤད་ནས་འདིར་སླེབས་དུས། ད་མི་བཅོས་ཟེར་དོན་ཅི་ལ་རེད་ཅེས། ངས་སྨན་པ་ཚོར་ལེ་བདའ་བྱས་པ་ཡིན།
དེ་དུས་སྨན་པ་ཚོའི་གྲས་ནས་ཅུང་རྒན་ཤོས་ཀྱི་སྨན་པ་ཞིག་གིས། ནད་པ་འདི་ང་ཚོའི་ངོ་ཤེས་པའི་ནད་པ་རྙིང་པ་ཞིག་རེད། མོའི་མིང་ལ་བདེ་སྐྱིད་(བསྒྱུར་མིང་)ཅེས་ཟེར། ལོ་3གྱི་ཡར་སྔོན་ང་ཚོ་གཞི་རིམ་ལ་བརྟག་བཅོས་གཞུང་བཞུད་དུ་འགྲོ་སྐབས་ནད་ཡོད་པ་ཧ་གོ་བ་ཡིན་ལ། དེའི་སྐབས་ནས་ཚབས་ཆེན་པོར་གྱུར་འདུག་པས། ང་ཚོས་མོར་སྨན་བཅོས་བྱ་དགོས་ཚུལ་དང་། སྨན་བཅོས་བྱས་ན་སྨན་ཡོན་མང་ཆེ་བ་སྨན་ཁང་གིས་འགན་ཁུར་ཆོག་པར་བཤད་པ་ཡིན། ཐོག་མར་ནད་པས་ཀྱང་འོ་ཡ་ཞེས་བཤད་སོང་ལ། མར་ཡོང་ནས་སྡོད་བཅོས་བྱས་ཤིང་། ཉིན་ཤས་ཀྱི་རྗེས་ནས་གཤག་བཅོས་བྱ་རྒྱུ་གཏན་འཁེལ་བྱས་རུང་། མོས་ཕྱག་མོ་མི་ཡག་པར་ཁག་བཞག་ནས་གློ་བུར་དུ་ཕྱིར་ཕ་ཡུལ་དུ་ལོག་སོང་ཞེས་ཟེར།
དེའི་སྐབས་སུ་ཡང་སྨན་པ་གཞན་ཞིག་གིས་བཤད་དོན། དེ་ནས་ཡང་ལོ་གཅིག་ཙམ་གྱི་ཡར་སྔོན་ལ། ནད་གཞི་ཚབས་ཆེན་དུ་གྱུར་ནས་ཡང་བསྐྱར་སྨན་ཁང་དུ་སླེབས་བྱུང་། ང་ཚོས་དེའི་ཕྱིར་ཉིན་ནས་གཤག་བཅོས་བྱ་རྒྱུ་གྲ་སྒྲིག་བྱས་རུང་། ཁོང་ཚོས་ཕྱིར་ཉིན་ནི་སྐར་མ་མི་བཟང་བས། ཡིན་གཅིག་མིན་གཅིག་ཉིན་ལྔའི་རྗེས་སུ་བསྒྲིགས་དགོས་ཞེས་བཤད་པས། ང་ཚོས་ཡང་བསྐྱར་གཤག་བཅོས་ཨང་རིམ་ཕྱིར་བསྣུད་བྱས་པ་ཡིན། ཡིན་ནའང་། ཉིན་བཞི་པ་སྟེ། གཤག་བཅོས་སང་ཉིན་ཡིན་ན་དེ་རིང་གི་དགོང་མོ་དེར་མོ་ཡང་ཁྱིམ་མི་ཚོའི་རོགས་རམ་འོག་བྲོས་ནས་ཤོར་སོང་ལ། དེའི་སྐབས་སུ་ཐ་ན་འགྲོ་སོང་རྩིས་ཞུའང་མ་བྱས་པར་ཤོར་སོང་འདུག་ཟེར། དྲང་མོར་བཤད་ན། དེའི་སྐབས་སུ་ནད་པ་ཚོས་སྨན་ཡོན་ཕལ་ཆེར་སྤྲོད་དགོས་ཀྱི་མེད་ལ། གཏའ་མའི་སྒོར་མོའང་འཇོག་དགོས་ཀྱི་མེད། ཡིན་ནའང་། ནད་པས་རྩིས་ཞུ་དང་མིང་རྟགས། མཛུབ་ཐེའུ་སོགས་ཡག་པོ་བཀོད་མེད་ན། སྨན་ཁང་ལ་མཚོན་ན་གནད་དོན་ཆེན་པོ་འབྱུང་སྲིད་དེ། ཕལ་ཆེར་ནད་པ་དེའི་རྩིས་ཞུ་ཡོད་ཚད་སྨན་ཁང་རང་གིས་སྤྲོད་པ་ལས། གོང་རིམ་ལ་རྩིས་ཞུ་བྱེད་ཐབས་མེད་པར་གྱུར་འགྲོ།
སྐད་ཆ་འདི་དག་ཐོས་ཡོང་ན། ངས་ཀྱང་ཅི་བྱེད་དགོས་པ་ཤེས་ཀྱི་མི་འདུག འདི་ནི་བདེ་སྐྱིད་དེ་ནད་པ་འདི་གཅིག་རྐྱང་རྐྱང་གི་གཏམ་རྒྱུད་ཙམ་མ་ཡིན་པར། ང་རང་དཀར་མཛེས་ཁུལ་མི་དམངས་སྨན་ཁང་ནས་ལས་ཀ་བྱེད་རིང་། ངས་ཕལ་ཆེར་གཟའ་འཁོར་རེ་ཡི་ནང་ལ་འདི་འདྲའི་གཏམ་རྒྱུད་དེ་ཐོས་རྒྱུ་འདུག་ལ། འདི་ལྟར་ཕྱིར་ལོག་སོང་བས། མཐར་ལོ་གཅིག་གཉིས་ཀྱི་རྗེས་ནས་ཚེ་ལས་འདས་སོང་བའི་གནས་ཚུལ་ཡང་མང་པོ་ཐོས་རྒྱུ་འདུག
2012ལོར་རིམས་ནད་རིག་པའི་རགས་བཤེར་དཔག་རྩིས་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། དཀར་མཛེས་ཁུལ་དུ་ཐུམ་འབུའི་ནད་བྱུང་ཚད་ཕལ་ཆེར་1.72%ཟིན་གྱིན་ཡོད་ལ། ཡུལ་ཤོག་དང་ས་ཁུལ་ཁ་ཤས་སུ་ཐུམ་འབུ་འགོ་ཚད་15%ལའང་སླེབས་ཡོད་ཅིང་། དེས་དཀར་མཛེས་ཁུལ་དུ་མི་ཁྲི་80.5ཙམ་ལ་གནོད་འཚེའི་ཤུགས་རྐྱེན་ཐེབས་འདུག་ཅེས་ཟེར། གཞི་རིམ་གྱི་མང་ཚོགས་མང་པོ་ཞིག་གིས་ནད་འདིའི་ཚབས་ཆེན་རང་བཞིན་མ་རྟོགས་པ་དང་། ལོ་མང་པོར་ནད་རྟགས་མངོན་གསལ་ཅན་མེད་པ་སོགས་ལ་ཁ་གཡར་ནས་བརྟག་བཤེས་མི་བྱ་བ་དང་། བརྟག་ནས་ནད་ཡོད་པར་བཤད་རུང་། དུས་ཚོད་ཐུང་ཐུང་གི་ནང་དུ་ན་འཇོག་པ་དང་ཤི་འགྲོ་བ་ཞིག་མ་ཡིན་པས་སྨན་པའི་ངག་བཞིན་དུ་སྨན་བཅོས་མི་བྱ་བའི་གནས་ཚུལ་ཚབས་ཆེན་འདུག་པས། དཀར་མཛེས་ཁུལ་ཏང་ཨུ་སྲིད་གཞུང་དང་། རིམ་པ་སོ་སོའི་སྡེ་ཁག་གིས་དེ་ལ་མཐོང་ཆེན་བླ་ལྷག་གནང་ཞིང་། ཐུམ་འབུའི་རིམས་མཆེད་བརྟག་ཞིབ་དང་། སྨན་བཅོས་དོ་དམ། རིམས་འགོག་སློབ་གསོ་བཅས་ཕྱོགས་ཡོང་ནས་འབད་པ་བྱེད་བཞིན་ཡོད་ལ། འབྲེལ་ཡོད་ཀྱི་ལས་ཀའང་མང་ཆེ་བ་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་ལས་བཞིན་ཡོད་པས། ཁུལ་སྨན་ཁང་གི་གླིང་གཙོས་ང་རང་ལས་ཁང་གཞན་ནས་ཁོང་ཚོའི་སྨན་ཁང་དུ་ཆེད་ཞུ་བྱས་པའང་རྒྱུ་མཚན་དེ་ལ་ཐུག་ཡོད།
དེ་ནས་ངས་ཡང་བསྐྱར་སྨན་པ་ཚོར་བཤད་དོན། འོ་ན། ད་ལྟ་ནད་པ་དེ་སྨན་ཁང་དུ་སླེབས་ཤིང་། ཁོང་ཚོ་གཤག་བཅོས་བྱ་རོགས་ཞེས་བཤད་ན། ཁྱེད་ཚོས་མི་བཅོས་པར་འདི་ལྟར་འཆི་རུ་འཇུག་ཟེར་བ་ཡིན་ནམ་ཞེས་དྲིས།
བདེ་སྐྱིད་ད་དུང་སྨན་ཁང་དུ་སྡོད་བཅོས་བྱས་མེད་ལ། ལུས་ཁམས་ཀྱི་འགྱུར་བ་མང་པོ་ཞིག་གསལ་རྟོགས་བྱུང་མེད། ཡིན་ནའང་། ང་ཚོས་སྐར་མ་གཉིས་ཙམ་གྱི་སྔོན་ལ་འདིར་འདས་སྒྲའི་བརྟག་འཕྲུལ་གྱིས་བརྟག་བཤེར་ཅིག་བྱས་པ་ལ་བལྟས་ན། སྨན་བཅོས་ལེགས་འགྲུབ་འབྱུང་ཚད་ཧ་ཅང་དམའ་མོ་རེད་འདུག་ཅིང་། གཤག་བཅོས་བྱ་ཐུབ་པའི་རེ་བ་ཞིག་ཕལ་ཆེར་མི་འདུག་ཅེས་སྨན་པ་གཞན་ཞིག་གིས་བཤད།
ཚད་དམའ་མོ་རེད་ཅེས་མ་བཅོས་པར་བཞག་བཞག་ན། འདི་ལ་རེ་བ་གཏན་ནས་མེད་པ་མིན་ནམ། ཁྱེད་ཅག་གིས་ཚོད་ལྟ་ཙམ་བྱས་ན་མི་ཆོག་གམ་ཞེས་ངས་ནན་གྱིས་ཞུས།
གཤག་བཅོས་མ་བྱས་ན། བདེ་སྐྱིད་ད་དུང་ཟླ་བ་གཉིས་གསུམ་རེར་འདུག་ན་ཐང་། ཡིན་ནའང་། གཤག་བཅོས་ལེགས་འགྲུབ་མ་བྱུང་ན། དེ་རིང་འདི་ནས་ནད་ཁྲིའི་སྟེང་ནས་ཤི་འགྲོ་བའི་ཉེན་ཁ་ཡོད་ལ། གལ་ཏེ། གཤག་བཅོས་བྱས་རུང་སྐྱོབ་མ་ཐུབ་པར་ཤི་སོང་ན། ཁོང་ཚོས་ཕྱིར་སོང་ནས་ཐུམ་འབུའི་ནད་པར་གཤག་བཅོས་བྱ་རྒྱུ་མི་འདུག ལྟོས་དང་ཁོང་གི་བུ་མོ་སྨན་ཁང་གི་གཤག་བཅོས་ཁང་ནས་ཤི་སོང་ཞེས་ཟེར་སྲིད་ལ། དེ་དུས་ནི་ནད་པ་དེ་ལས་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་འགྲོ་བ་རེད། ཁྱེད་ཀྱིས་དེ་ལ་བསམ་བློ་བཏང་མྱོང་ངམ། ཞེས་སྨན་པ་དེས་ང་ལ་ཅུང་ངོ་གནག་པའི་སྒོ་ནས་བཤད་བྱུང་།
དེ་ལྟར་བཤད་ན། ངས་ཀྱང་བསམ་ཤེས་བྱེད་ཐུབ་ཀྱི་འདུག་སྟེ། མི་མང་པོ་ཞིག་གིས་ནད་ཆུང་བའི་སྐབས་དང་། གཤག་བཅོས་བྱས་ན་བཅོས་རྒྱུ་ཡོད་པའི་སྐབས་སུ་ནི་མོ་འདེབས་པ་དང་སྐར་མ་མི་ཡག་པ་སོགས་མང་པོ་ཞིག་ལ་ཁ་གཡར་ནས་དུས་ཐོག་ཏུ་སྨན་ཁང་ནང་ཡོང་གི་མི་འདུག་ལ། ཡོང་ནས་གཤག་བཅོས་བྱས་རུང་། བཅོས་རྗེས་ཀྱི་བདག་གཟབ་བྱ་དགོས་པ་སོགས་ལ་གཟབ་གཟབ་མ་བྱས་པ་སོགས་ཀྱིས་ཚེ་སྲོག་འཆོར་གྱིན་འདུག་ཅིང་། ཁོང་ཚོ་ད་དུང་ཕྱིར་ཕ་ཡུལ་དུ་སོང་ནས། ཁོང་ཚོའི་ཉེ་བ་དེ་ཤི་འགྲོ་བ་ནི་གཤག་བཅོས་བྱས་པས་ཡིན་ཁུལ་དང་། ནད་དེ་ལ་སྨན་བཅོས་བྱེད་རྒྱུ་མེད་ཁུལ་སོགས་ཀྱི་སྐད་ཆ་བཤད་ཀྱིན་འདུག་པས། ཕ་ཡུལ་གྱི་མི་མང་པོ་ཞིག་གིས་ནད་པ་དེ་ཚང་གིས་བརྟག་བཅོས་དུས་ལྟར་དང་ཚད་ལྡན་མ་བྱས་པར་བསམ་བློ་མི་གཏོང་བར། ངོ་མ་ནད་དེ་ལ་སྨན་བཅོས་བྱ་རྒྱུ་མི་འདུག་སྙམ་ནས་གཅིག་གིས་བཅུ་དང་། བཅུས་བརྒྱ་ལ་བཤད་ནས། མཐར་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་འགྲོ་བཞིན་འདུག
སྨན་པ་ཚོས་ཀྱང་སེམས་ཁུར་བྱེད་ཀྱིན་པ་ནི་དེ་ཡིན་པར་ངས་བསམ་ཤེས་བྱ་ཐུབ་ཀྱིན་འདུག་རུང་། ད་འདི་ལྟར་རེ་བ་ཡོད་རྒྱུ་མ་རེད་ཅེས་ཐད་ཀར་ཐག་བཅད་བཞག་པ། ངས་འདི་ནས་ཐད་ཀར་སྐད་བསྒྱུར་ཞུ་དགོས་ནའང་། ཁ་ནང་དུ་ཡོང་ཐུབ་པ་ཞིག་མ་རེད་ལ། མི་ཚེ་གང་བོར་འགྱོད་པའང་སྐྱེས་ནས་འདུག་གི་འཇུག་རྒྱུ་མ་རེད། དེ་བས་ངས་ཡང་བསྐྱར་ཁོང་ཚོར། བརྟག་བཤེར་ནན་མོ་ཞིག་གནང་རོགས་དང་། ཅིག་བྱས་ན་གོ་སྐབས་རེ་ཡོད་ནའང་ཐང་། ཞེས་ཞུ་བ་བྱས་རྗེས། ཁོང་ཚོའི་ནང་གི་སྨན་ཞབས་མ་ཞིག་གིས། མྱུར། ནད་པ་དེ་ནང་ལ་ཁུར་ཤོག་དང་། ང་ཚོས་ད་དུང་སྨན་པ་ཆེན་པོ་དག་ཡོད་ས་ནས་ཡང་བསྐྱར་གཅིག་ལྟ། ཞེས་བཤད་ཅིང་། ནང་དུ་ཁྲིད་སོང་ལ། ང་ལའང་ནང་དུ་ཡོང་ནས་ནད་པའི་ཁྱིམ་མི་དག་ལ་སྐད་བསྒྱུར་བྱོས་ཞེས་ཟེར། ཁོང་ཚོས་བདེ་སྐྱིད་བརྟག་ཁྲིའི་སྟེང་དུ་ཡར་འཇོག་སྐབས། བདེ་སྐྱིད་ཀྱི་ཕོ་བ་རྒྱས་ནས་འགད་ལ་ཉེ་བ་ལྟ་བུ་ཞིག་ཏུ་གྱུར་འདུག་ལ། ཕོ་བའི་སྟེང་དུ་ཁྲག་རྩ་དག་སྡོམ་ནག་གི་སྡོམ་རྒྱ་བསྐྱངས་བའམ། ཡང་ན། ཆུ་སྲིན་གྱི་སྡེར་མོ་བགྲད་པ་ལྟ་བུ་ཞིག་ཏུ་འདུག། བདེ་སྐྱིད་ཀྱི་ཕ་རྒན་གྱིས་བརྟག་ཁྲིའི་ཟུར་ནས་པུས་མོ་གཉིས་སར་བཙུགས་ནས། སྨན་པ་ལགས། ངེས་པར་དུ་གཤག་བཅོས་གནང་རོགས་ཞུ། ནད་ཁྲིའི་སྟེང་དུ་ཤི་སོང་རུང་ཐབས་ཡོད་པ་མ་རེད། དེ་མིན་ན། མོའི་སྡུག་བསྔལ་དེ་བསམ་གྱིས་མི་ཁྱབ་པ་ཞིག་རེད་ཅེས་ངུ་བཞིན་དུ་བཤད།
ཅུང་ཙམ་ནས་སྨན་པ་ཚོས་བདེ་སྐྱིད་ནད་ཁྲི་ཞིག་གི་སྟེང་ནས་ཕྱིར་དེད་ཅིང་སླེབས་བྱུང་ལ། ཁོང་ཚོས་དེ་རིང་གཤག་བཅོས་བྱ་ཕོད་ཀྱིན་མི་འདུག་ཟེར། ཡིན་ནའང་། ཡར་ཐོག་བརྩེགས་གསུམ་པའི་སྡོད་བཅོས་ཁང་དུ་སོང་ལ་སྡོད་བཅོས་བྱོས་དང་། ཁོང་ཚོས་མོའི་ཁོག་པའི་ནང་གི་ཆུ་བསོགས་པ་འཇིབ་འཐེན་བྱས་ནས་རྗེས་མར་ཞིབ་མོར་བལྟ་ཡོང་ཟེར།
ངས་ནད་ཁྲི་འདེད་རོགས་བྱེད་ཞོར་དུ་ཁོང་ཚོར་སྔ་མོ་ནས་བརྟག་བཅོས་མི་བྱེད་དོན་ཅི་ཡིན་ཞེས་དྲིས་ཚེ། ཁོང་ཚོས་ནད་དེ་ཡོད་པ་རྟོགས་ནས་ལོ་7ཙམ་འགྲོ་བཞིན་འདུག་རུང་། སྔོན་ཆད་ནི་ནད་རྟགས་གང་ཡང་མི་འདུག་པས། གཞི་རིམ་དུ་ཡོང་བའི་སྨན་པ་ཚོས་ནད་པ་འཚོལ་བའི་ཆེད་དུ་རྫུན་གཏམ་སྣ་ཚོགས་བཤད་ཀྱིན་འདུག་ཅེས་པ་ཞིག་ཐོས་པས། ལོ་མང་པོར་ཡིད་མ་ཆེས་ཟེར། དེའི་སྐབས་སུ་ཁོང་ཚོའི་ས་ཆ་ནི་དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་པ་ཆེས་མང་བའི་རྫོང་སྒོ་ཞིག་ཏུ་གྱུར་སོང་བས། ངོ་མ་བར་སྐབས་ཤིག་ལ་ཕྱི་ནས་དགེ་ལས་ཀྱི་ཚོགས་པ་སྣ་ཚོགས་ཡོང་ནས། སྐབས་རེ་ཉིན་གཅིག་ལ་བརྟག་བཤེར་ཐེངས་4རེ་ལ་བྱེད་ཀྱིན་འདུག་ཅིང་། དེའི་སྐབས་སུ་སྨན་པ་ལ་ལས་ཆེ་ཆུང་ལ་སྐར་8རེ་ཡོད་ཀི་ཟེར་བ་དང་། ལ་ལས་སྐར་མ་10རེ་ཡོད་ཀི་ཟེར་བ་དང་། ཡང་ལ་ལས་ནི་སྐར་མ་16རེ་ཡོད་འདུག་ཟེར་བ་སོགས་ཁ་མི་མཐུན་པ་ཤ་སྟག་བཤད་པས། ཁོང་ཚོས་ཡིད་མ་ཆེས་པ་རེད་འདུག
རྗེས་ནས་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་སྨན་པ་དག་སླེབས་པའི་སྐབས་སུ་ནད་ཡོད་པར་ཡིད་ཆེས་ཡོད་ལ། དེའི་སྐབས་སུ་ནད་རྟགས་ཀྱང་མང་པོ་ཞིག་མངོན་བཞིན་འདུག་རུང་། དང་པོ་ནི་མོ་མི་བཟང་བ་དང་། རྗེས་མ་ནི་སྐར་མ་མི་ཡག་པ། དེའི་ཁར་ཕ་ཡུལ་གཅིག་པའི་བུ་མོ་ཆུང་ཆུང་ཞིག་ལའང་སྨན་བཅོས་བྱས་ནས་ཅུང་མ་འགོར་བར་ཚེ་ལས་འདས་སོང་བས། ཁོ་ཚོས་ཀྱང་རང་གི་བུ་མོ་འདི་འདྲ་ཞིག་ཏུ་འགྱུར་འགྲོ་བར་སྐྲག་པ་ཡིན་ཟེར།
སྤྱིར་ནམ་རྒྱུན་སྔ་བརྟག་སྔ་བཅོས་མི་བྱེད་པའི་མི་ཚོགས་འདི་ཚོའི་སྟེང་ལ་སྨན་དོན་མི་སྣ་ཚང་མ་སྤྲོ་ལངས་བཞིན་ཡོད་ལ། ནམ་ཡང་འདི་ལྟར་སྨན་བཅོས་ཀྱི་གོ་སྐབས་འཕྲོ་བརླགས་སུ་གཏོང་འཇོག་པའི་ཕ་མ་སོགས་ཀྱི་སྟེང་དུ་འཁང་ར་རྒྱུན་མི་འཆད་པར་ཡོད་མོད། དེའི་ཉིན་བདེ་སྐྱིད་ཀྱི་ཕ་རྒན་གྱི་སྐད་ཆ་དག་ཐོས་རྗེས། ངས་ནི་བདེ་སྐྱིད་སོགས་འདི་འདྲའི་ཡུལ་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་སོང་བ་དེ་ང་ཚོ་འཕྲོད་བསྟེན་ཤེས་བྱ་དྲིལ་སྒྲོག་བྱ་མཁན་དག་གིས་ཧུར་བརྩོན་སྒོས་དྲིལ་སྒྲོག་ཡང་དག་བྱ་མ་ཐུབ་པས་ལན་པ་དང་། དགེ་ལས་ལ་ཁ་གཡར་ནས་གང་བྱུང་དུ་རང་ཉིད་ཀྱི་ལས་གཞི་འགྲུབ་ཐབས་བྱེད་ཀྱིན་པའི་སྨན་དོན་མི་སྣ་དག་ལན་པ་དང་། ད་དུང་རང་ཉིད་ཀྱིས་ཚུལ་མཐུན་སྨན་བཅོས་མ་བྱས་པའི་རྐྱེན་གྱིས་ཚེ་སྲོག་ཤོར་སོང་བ་ཡིན་རུང་། རྒྱུ་མཚན་མེད་པར་སྨན་བཅོས་ལག་རྩལ་ལ་ངན་ཁག་དཀྲི་མཁན་གྱི་མི་བུ་བསམ་མེད་དེ་དག་ལན་པ་ལས། བདེ་སྐྱིད་དང་བདེ་སྐྱིད་ཀྱི་ཕ་མ་ལྟ་བུའི་མི་སེར་སྤྱིར་བཏང་བ་དག་གང་ན་ལན་ཞེས་སེམས་ཀྱི་གཏིང་ནས་སྙམ་བྱུང་།
ཟླ་འགའ་སོང་རྗེས་ལོ་ན་27ལས་སླེབས་མེད་པའི་བདེ་སྐྱིད་དེ། འཇིག་རྟེན་འདི་དང་ཁ་བྲལ་སོང་བར་བཤད་ལ། མོ་འགྲོ་ཁ་ན་ཚ་སོགས་སྡུག་བསྔལ་ཆེན་པོ་གང་ཡང་མི་འདུག་ཟེར། དེའི་རྗེས་ནས་ང་ཚོ་ཡང་བསྐྱར་གཞུང་བཞུད་ཀྱི་གོ་སྐབས་ཤིག་བརྒྱུད་ནས་ངས་སྨན་པ་དག་ཁྲིད་ཅིང་། ཆེད་དུ་བདེ་སྐྱིད་ཚང་གི་ཁྱིམ་མི་གཞན་པ་དག་ལ་བརྟག་བཤེར་ཐེངས་གཅིག་བྱས་པ་ཡིན་ཞིང་། བློ་ཡུལ་ལས་མ་འདས་པ་ཞིག་ལ། ཁྱིམ་མི་5ལས་3ལ་ཐུམ་འབུའི་ནད་དེ་འགོས་འདུག་རུང་། དེའི་སྐབས་སུ་དཀར་མཛེས་ཁུལ་གྱི་ཐུམ་འབུའི་སྐོར་གྱི་སྲིད་ཇུས་ཤིན་ཏུ་བཟང་བས། ངས་ནན་གྱིས་བསྐུལ་བ་ལྟར་ཚང་མས་སྨན་བཅོས་ཚད་ལྡན་བྱས་ཤིང་། ད་ལྟ་ནི་ཡོད་ཚད་པོ་སངས་བཅོས་ཐུབ་ཅིང་ཕྱིར་ཕ་ཡུལ་དུ་ལོག་ཡོད་པ་དང་། ནད་པ་གསུམ་པོས་སྨན་བཅོས་བྱ་བར་མཐར་ཁྱོན་དམངས་སྒོར་2500ཙམ་ལས་ཤོར་མི་འདུག་ཅིང་། དེ་དག་ལས་ཀྱང་མང་ཆེ་བ་ནི་ལུས་ཟུངས་གསོ་བའི་ཆེད་དུ་མི་ཁྲག་སྤྲི་དཀར་རྫས་དཀར་པོ་(人血白蛋白)མང་པོ་རྒྱག་དགོས་ཐུག་པ་དང་། ཚད་ལས་བརྒལ་ན་སྨན་དེ་རྩིས་ཞུ་བྱ་མི་ཐུབ་པས་རེད་འདུག།
ལོ་འདི་དག་གི་རིང་ལ་རིམ་པ་སོ་སོའི་ལས་ཁུངས་དང་རང་འདུན་པའི་ཤུགས་སྣོན་འོག། བདེ་སྐྱིད་ཀྱི་ཕ་ཡུལ་ནས་མང་ཚོགས་ཚོས་ཐུམ་འབུའི་ནད་འགོག་བཅོས་བྱེད་ཐབས་ཀྱི་ཤེས་བྱ་རྟོགས་ཚད་98.13%ཟིན་ཡོད་ཅིང་། 2018-2020ལོའི་བར་གྱི་ལོ་གསུམ་གྱི་ནང་དུ་། གསར་བྱུང་ཐུམ་འབུའི་ནད་པ་གཅིག་ཀྱང་མེད་པར་ཆགས་ཡོད་ལ། ས་གནས་དེའི་ཐུམ་འབུའི་ནད་ཀྱི་འགོག་བཅོས་ལས་ཀའི་ཐད་ལ། ཀྲུང་དབྱང་གི་ལས་གཞི་ཚད་ལེན་རུ་ཁག་ཡོང་ནས་ཚད་ལེན་བྱས་པའང་ལེགས་འགྲུབ་བྱུང་ཡོད་ཅིང་། དམངས་ཁྲོད་དུ། ཁྱི་རྒྱ་ལི་བཏང་ན་འབུ་གཏོར་འགྲོ། འབུ་ཐུམ་འབུ་བྱུང་ན་མི་ཤི་འགྲོ་ཞེས་པའི་བཤད་སྒྲོས་ཀྱང་དར་འདུག་པས། ད་ནི་སྔོན་ཆད་དང་བསྡུར་ན། ཤིན་ཏུ་ནས་དོགས་ཟོན་ཡག་པོ་གནང་གིན་འདུག
ཡིན་ནའང་། དེ་རིང་གི་ཀློག་པ་པོ་དག་གི་ནང་དུའང་ནད་རིགས་དེའི་ཐད་ལ་རྒྱུས་མངའ་ཆེན་པོ་མེད་མཁན་ཡང་ཡོད་སྲིད་པས། ངས་འདི་ནས་མདོར་བསྡུས་ཙམ་ཞུས་ན། ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་པོར་འགོ་བའི་འགོ་ནད་ཅིག་ཡིན་རུང་། དེ་ནི་མི་དང་མིའི་བར་ལ་འགོ་བ་ཞིག་མ་ཡིན་ཏེ། ཁྱི་དང་སྤྱང་ཀི ཝ་སོགས་ཀྱི་ལུས་ཐོག་ཏུ་ཡོད་པའི་རྒྱུ་འབུ་ལེབ་མོ་དེས་རྩྭ་ཐང་དང་། འཐུང་ཆུ། ཟ་མ་སོགས་འབག་བཙོག་བྱས་ཚེ། དེས་མི་ཕྱུགས་གཉིས་པོར་ནད་བསྒོ་བཞིན་ཡོད་པས། སྒོ་ཁྱི་དང་རྩེད་མོ་མི་རྩེ་བ་དང་། ཟ་མ་མ་ཟོས་པའི་སྔོན་དུ་ལག་པ་གཙང་མར་བཀྲུ་བ། ཟ་མ་དག་བཙོས་ནས་ཚོས་ཐག་ཆོད་རྗེས་བཟའ་བ་དང་། བཏུང་ཆུ་བསྐོལ་ནས་ཁོལ་ཐག་ཆོད་རྗེས་གཟོད་འཐུང་བ། ཐུམ་འབུའི་འབག་བཙོག་བྱས་ཡོད་སྙམ་པའི་ཅ་དངོས་ལ་ལག་པ་ཐུག་རྗེས་ལམ་སང་དུ་ལག་པ་བཀྲུ་བ་དང་། ནམ་ཡང་སྒོ་ཁྱི་ལ་ཐུམ་འབུའི་སྨན་བྱིན་ནས་འབུ་ཕྱི་རུ་འདེད་པ་དང་། ཁྱི་ལུད་དག་གཅིག་ཏུ་བསྡུས་ནས་མེ་རུ་བསྲེག་པའམ་ས་འོག་ཏུ་སྦེད་པ། རི་ཁར་རྒྱ་ཡན་དུ་བཏང་བའི་ཁྱི་གཅིག་ཀྱང་མེད་པ་དང་། རྫི་བོ་ལ་འགྲོ་སྐབས་རྩྭ་དང་ཤིང་ཐུར་སོགས་གང་བྱུང་དུ་ཁ་ནང་མི་བཅུག་པ་དང་། དབྱར་རྩྭ་དགུན་འབུ་སོགས་བརྐོས་རྗེས་ཟ་མ་ཟ་སྐབས་རི་ཁ་ཡིན་རུང་ལག་པ་འདག་རྫས་ཀྱིས་ཡག་པོ་བཀྲུ་བ་སོགས་ཀྱི་གོམས་གཤིས་ལོབས་ཐུབ་ན། ཐུམ་འབུའི་ནད་དེ་འགོག་རྒྱུ་མེད་པ་ཞིག་མ་རེད་ལ། གལ་ཏེ། སྔ་བརྟག་དང་སྔ་བཅོས་བྱས་ན། ཐུམ་འབུའི་ནད་ལ་སྨན་གྱིས་བཅོས་པ་དང་གཤག་བཅོས་བྱེད་པ་སོགས་ཀྱི་བཅོས་ཐབས་ཡོད་པས། རང་གིས་རང་ཉིད་བློས་བཏང་བཞག་པ་མ་ཡིན་ན། དེ་ལའང་རེ་བ་གཏན་ནས་མེད་པ་ཞིག་མ་རེད།