སྡོམ་པ་སྲུང་དྲགས་ན་གནོད་ཅེས་པ་ནི་​བསམ་ནག་གི་སྐད་ཆ་ཞིག་རེད།

文摘   2024-12-08 22:04   四川  


སྡོམ་པ་སྲུང་དྲགས་ན་བདེ་ཐང་ལ་གནོད་ཅེས་པ་ནི་

བསམ་ནག་གི་སྐད་ཆ་ཞིག་རེད། 

དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ། 


     ཉེ་ཆར་ངཚོའི་སྨན་ཁྲིད་རང་འདུན་པ་བདེ་སྐྱིད་ཀྱིས་ཇོ་མོ་ནད་པ་ཞིག་སྨན་ཁང་དུ་ཁྲིད་ནས་སོང་འདུག་ཅིང་། ཇོ་མོ་དེར་རང་རྫོང་གི་སྨན་པས་ཟེར་ན། ཁྱེད་ཀྱི་ནད་གཞི་དེ་ནི་སྡོམ་པ་སྲུང་དྲགས་པས་བསྐྱེད་པའི་ནད་ཅིག་རེད་ལ། དེ་ལ་ལུས་འབྲེལ་བྱས་ན་དྲག་འགྲོ་བ་རེད་ཅེས་བཤད་ཀྱང་། ཇོ་མོས་ནི་སྲོག་ལ་ཐུག་ཀྱང་སྡོམ་པ་གཏོང་གི་མིན་ཞེས་བཤད་འདུག་ལ། དེ་ནས་ཁྱིམ་མི་ཚོས་ང་ཚོར་འབྲེལ་བ་བྱས་ཤིང་། ང་ཚོས་ཀྱང་སྡོམ་པ་གཏོང་མི་དགོས་ཚུལ་དང་། ལུས་འབྲེལ་བྱས་ན་དྲག་འགྲོ་བའི་ནད་གཅིག་ཀྱང་མེད་ཚུལ་སོགས་བཤད་པས། ཇོ་མོ་དེ་ཁྲིན་ཏུའུ་རུ་སྨན་པར་སྟོན་དུ་ཕེབས་འདུག་ལ། ང་ཚོས་ཀྱང་མོ་རང་མི་དམངས་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱེད་དུ་ཕྱིན་པ་ཡིན། ཡིན་ནའང་། ངས་དེ་རིང་འདི་ནས་བཤད་འདོད་པ་ནི་ཇོ་མོ་དེའི་ནད་གཞིའི་སྐོར་མ་ཡིན་པར། སྡོམ་པ་སྲུང་དྲགས་ནནད་གཞི་བསྐྱེད་མིན་གྱི་སྐོར་ཡིན། 

     སྤྱིར་འདིར་སྡོམ་པ་སྲུང་དྲགས་ན་ཞེས་པ་ནི་འདོད་པ་ཤུགས་དྲག་ཡོད་བཞིན་དུ། ཨུ་ཚུགས་ཀྱིས་སྡོམ་པ་བསྲན་བསྡད་པ་དེར་ཟེར་གྱིན་ཡོད་དམ་སྙམ་བཞིན་ཡོད་ལ། དེ་ལྟར་ནའང་། སེམས་ཁམས་ལ་ཤུགས་རྐྱེན་ཅུང་ཐེབས་སྲིད་པ་ལས། ལུས་ཁམས་ལ་མངོན་གསལ་དོད་པོས་ནད་ཅིག་བསྐྱེད་འོང་བ་མེད། སེམས་ཁམས་ཀྱི་ཤུགས་རྐྱེན་དེའང་མི་སོ་སོའི་སེམས་ཁམས་འཛིན་སྟངས་མ་འདྲ་བས་ཤུགས་རྐྱེན་ཐེབས་མིན་ཡང་མི་འདྲ་ལ། བརྒྱ་ལ་ཤུགས་རྐྱེན་ཅུང་ཟད་རེ་ཐེབས་པའི་དབང་དུ་བཏང་རུང་སྒོམ་སོགས་བརྒྱབ་ན་སེལ་མི་ཐུབ་པ་གང་ཡང་ཡོད་མི་སྲིད་འདོད། འོ་ན། ཇོ་མོ་སོགས་ལུས་འབྲེལ་མི་བྱེད་མཁན་དང་བུ་ཕྲུག་སྐྱེས་མ་མྱོང་བའི་བུད་མེད་ལ་ནུ་སྐྲན་སོགས་བསྐྱེད་སླ་བ་མ་ཡིན་ནམ་ཞེ་ན། དེའང་མི་སོ་སོའི་ལུས་ཁམས་མ་འདྲ་བས་བསྐྱེད་མིན་མི་འདྲ་ལ། དེའང་འབྲེལ་ཡོད་སྐུལ་རྩི་བསྟེན་པ་དང་ལོ་རེའི་བརྟག་བཤེར་བྱས་ན། སྔ་འགོག་དང་སྔ་བཅོས་མི་ཐུབ་པ་ཞིག་མིན། 

    གཞན་འདོད་པ་རྒྱས་མིན་དེའང་ཅིག་བྱས་ན་སྔོན་འགོག་བྱ་རྒྱུ་ཡོད་པ་ཞིག་ཡིན་སྲིད་དེ།  གཅིག་ན། ཤ་དང་སྒོག་པ་སོགས་རོ་ཙ་འཕེལ་བྱེད་ཀྱི་ཟས་སྤང་བའམ། ཉུང་ཙམ་བཟའ་བ་དང་། གཉིས་ན། ཕྱག་དང་སྐོར་བ་བྱེད་པ་སོགས་ལུས་ཁམས་ཀྱི་སྐུལ་རྩི་དོ་སྙོམ་དུ་འཇུག་པ་དང་། གསུམ་ན། མིག་སེམས་གཡེང་བར་བྱེད་པའི་བརྙན་དང་དེབ་སོགས་ལ་མི་ལྟ་བར་སྒོམ་རྒྱག་པ་སོགས་ཀྱི་ཐབས་ལ་བརྩོན་ན། འདོད་པ་མི་རྒྱས་བ་ཙམ་གྱིས་མ་ཚད། ལུས་སེམས་གཉིས་པོ་བདེ་ཐང་དང་བདེ་སྐྱིད་ཡོང་བ་བཅས་ལ་ཕན་ཐོགས་ཡོད་པར་བསམ་མོད། ང་ནི་རབ་བྱུང་བ་མིན་ལ། རབ་ཏུ་བྱུང་ཡང་མ་མྱོང་བས་དེའི་སྐོར་གྱི་ཞིབ་ཕྲའི་ཤེས་བྱ་ཅི་ཡང་མི་ཤེས་པས། གལ་ཏེ། འབྲེལ་ཡོད་ཀྱི་ཤེས་བྱ་ཡང་དག་པར་ཤེས་མཁན་རེ་ཡོད་ན། འདིར་འཆན་གྱི་ཚུལ་དུ་འབྲི་བའམ། ང་རང་སྒེར་འཕྲིན་ཐོག་གསུངས་གནང་རོགས་ཞུ་ཞུ། 

ཞེས་ཨེ་འགོག་རང་འདུན་པ། ཆོས་དཔལ་བཟང་པོས། 

སྤྱི་ལོ་༢༠༢༤ལོའི་ཟླ་༡༢པའི་ཚེས་༨ཉིན་ཁྲིན་ཏུའུ་ནས། 


藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章