ནུ་སྐྲན་ནད་པ་ཇོ་མོ་སྒྲོལ་མའི་རྟོགས་སད།
རྩོམ་པ་པོ། ཆོས་དཔལ་བཟང་པོ།
乳腺癌患者卓玛迟来的醒悟
作者:邱华绒吾
ཀློག་འདོན་པ། བཀྲ་ཤིས་རྒྱ་མཚོ།
ཡེ་ཤེས་སྒྲོལ་མ།
诵读人: 尕西严木初
益西卓玛
མི་ལོ་16ཙམ་ལ་འཕྲོད་བསྟེན་གྱི་ཤེས་བྱ་དྲིལ་སྒྲོག་བྱས་པས། བོད་ཁུལ་དུ་ང་རང་ངོ་ཤེས་མཁན་ཅུང་མང་པོ་ཡོད་ལ། མི་མང་པོ་ཞིག་གིས་ང་ལ་སྐད་ཆ་གང་ཞིག་འདྲི་དགོས་རུང་ངོ་ཚར་མི་འཛེམ་པ་འདྲ་ཞིག་ཏུ་ཆགས་ཡོད་སྙམ། ཡིན་ནའང་། སྒྲོལ་མ་(བསྒྱུར་མིང་)ནི་ངའི་གཞུང་ལས་ཁང་དུ་སླེབས་རུང་། ང་ལ་ཁྱེད་ནང་དུ་མ་བསྡད་ན་ཆོག་གམ་ཞེས་རེ་བ་རྒྱག་མཁན་ཐོག་མར་གྱུར།
སྐད་མགོ་དམའ་བ་དང་། ངའི་ངོ་གདོང་དུ་བལྟས་མེད་པ་སོགས་ཀྱིས་ཐོག་དང་པོར་ང་ལ་ཟེར་བཞིན་ཡོད་པ་ཧ་མ་གོ།
དེའི་སྐབས་སུ་མོས་སྒྲ་ཅུང་ཆེན་པོས་སྒོས། དགེ་རྒན་ལགས། ཁྱེད་སྒོ་ཕྱིར་གཅིག་སོང་ན་ཆོག་གམ། ངའི་ནད་དེ་གཞན་ལ་བཤད་མི་བདེ་བ་ཞིག་ཡིན་ལ། ཁྱེད་ནི་ཨེ་ཛིའི་སྐོར་ནས་ཕྱག་ལས་གནང་མཁན་ཞིག་ཡིན་པས། གལ་ཏེ། ཁྱེད་ཀྱིས་ང་སྨན་པ་ཡོད་སར་ཁྲིད་ནས་སོང་ན། གཞན་གྱིས་ང་ལ་ཨེ་ཛི་ཡོད་པར་དོགས་སྲིད་པས་དགོངས་དག། ཅེས་ཟེར་བས། ང་ལམ་སང་སྒོ་ཁར་བུད་པ་ཡིན་ལ། ནང་དུ་རང་འདུན་པ་བུད་མེད་གཅིག་དང་ད་ཅི་སླེབས་པའི་ཇོ་མོ་དེ་གཉིས་ཁེར་མོར་བཞག་པ་ཡིན། གཤམ་དུ་བཤད་པའི་སྐད་ཆ་དག་ནི་ང་ཚོའི་རང་འདུན་པ་བུད་མེད་དེས་བྲིས་པའི་སྨན་ཁྲིད་ཟིན་བྲིས་ལ་གཞི་བཞག་ཅིང་འདིར་ངས་ཕྱོགས་བསྡོམས་བྱས་པའོ། །
སྒྲོལ་མ་ནི་ཇོ་མོ་ཞིག་རེད་ལ། ཆུང་དུས་ཤིག་ནས་གྲྭ་སར་ཕྱིན་ནས་ཐོས་བསམ་ལ་གཉེར་བ་ཞིག་རེད། མོ་རང་ང་ཚོའི་གཞུང་ལས་ཁང་དུ་སླེབས་པ་ནི་ལོ་ངོ་6ཙམ་གྱི་ཡར་སྔོན་ཞིག་རེད་ལ། དེའི་སྐབས་སུ་མོ་རང་ལོ་ན་30ལྷག་ཙམ་རེད།
སྐབས་དེ་དུས་ནས་སྔུན་འབུར་རྒྱབ་འཕྱོར་གྱི་ལུས་ཚུགས་དེ་ཆགས་ཉམས་དང་འབྲེལ་བ་ཡོད་པར་བསམ་པའི་རིག་གནས་ཤིག་བོད་དུ་སླེབས་འདུག་ལ། དེ་ལྟར་བསམ་པས་ཐ་ན་དགོན་སྡེའི་ནང་དུའང་། བྲང་གཞུང་ཆེན་པོ་ཅན་གྱི་ཇོ་མོ་ཚོས་དེ་ནི་རང་གི་ངོ་ཚ་ཞིག་ཏུ་བསམ་ཤིང་། སྐྱོན་ཆ་ཞིག་ཏུ་བརྩི་བཞིན་འདུག
སྟབས་མ་ལེགས་པ་ཞིག་ལ། རིགས་རྒྱུད་ཀྱི་དབང་གིས་སྒྲོལ་མ་ནི་ལང་ཚོ་སྨིན་པ་ནས་ནུ་མ་ཆེན་པོ་ཅན་ཞིག་ཏུ་གྱུར་སོང་ལ། དེ་ནི་མོ་ལ་མཚོན་ན་སྡུག་བསྔལ་ཆེས་ཆེ་བ་དེ་རེད་འདུག ཡིན་ནའང་། སྡུག་བསྔལ་འདི་མྱོང་གིན་ཡོད་མཁན་ནི་སྒྲོལ་མ་གཅིག་ཁེར་མོ་མ་ཡིན་ཏེ། ལོ་ན་19ཙམ་ལ་སླེབས་སྐབས། མོ་དང་མོ་ལྟ་བུའི་ཇོ་མོ་མང་པོ་ཞིག་གིས་སྡུག་བསྔལ་འདི་འདྲ་སེལ་ཐབས་འཚོལ་བཞིན་ཡོད་ལ། སུ་ཞིག་གིས་ཤེས་པ་མི་གསལ་རུང་། ཁོང་ཚོས་ཐབས་བཀོད་ཁྱད་པར་བ་ཞིག་རྙེད་འདུག་ལ། ཐབས་བཀོད་དེས་རྗེས་ནས་སྒྲོལ་མ་ནུ་སྐྲན་དུ་གྱུར་ལ། དེའི་རྐྱེན་གྱིས་མོ་རང་ངའི་གཞུང་ལས་ཁང་དུ་སླེབས་ཤིང་། ད་ཅིའི་གོང་གི་གཏམ་གླེང་འདི་བྱུང་བ་ཞིག་རེད།
གྲོང་ཁྱེར་ནང་གི་བུ་མོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་མྱོས་བུམ་ཆེ་ཐབས་ལ་སློབ་སྦྱོང་བྱེད་བཞིན་ཡོད་དུས། སྒྲོལ་མ་དང་མོའི་རྡོ་རྗེ་མཆེད་གྲོགས་དག་གིས་ཐབས་བརྒྱ་ཇུས་སྟོང་གི་ནུ་མ་མེད་ཐབས་དང་ཆུང་ཐབས་ལ་འབད་པ་བྱེད་བཞིན་ཡོད་དེ། ཁོང་ཚོས་དེ་ནི་སྐྱོན་ཆ་དང་ནོར་འཁྲུལ་ཞིག་ཏུ་བརྩིས་ཡོད་ལ། སྐྱོན་ཆ་དེ་ངེས་པར་དུ་འདོར་དགོས་པ་དང་། ནོར་འཁྲུལ་དེ་ངེས་པར་དུ་བཅོས་དགོས་པའི་བསམ་བློ་ཞིག་གིས། གང་ཞིག་ནས་ཐོས་པ་མི་ཤེས་རུང་། བྲང་གཞུང་རས་ཐག་དང་འགྱིག་ཐག་གིས་བསྡམས་ན་ནུ་མ་ཆུང་ཐབས་ཡོད་པའི་སྐོར་དེ་རེད། དེ་ལའང་ཁོང་ཚོས་གཏན་སྲོལ་འདྲ་བོ་རྙེད་ཡོད་དེ། དཀྲུ་འགེབ་འཇོག་གསུམ་བྱེད་པ་དེ་རེད། དེ་ལས་དང་པོ་དཀྲུ་དགོས་ལ། དཀྲུ་བ་ནི་རས་ལེབ་འཇམ་པོས་དཀྲུ་དགོས་ཤིང་། དེ་ནས་འགེབ་པ་དེ་ཡིན་ཏེ། སོས་སྲུང་འགྱིག་སྲབ་ཀྱིས་འགེབ་དགོས། འགེབ་པའི་སྐབས་སུ་ཅི་ནུས་ཀྱིས་ཤ་སྟེང་དུ་མི་ཁེལ་བ་ཞིག་དགོས་ཏེ། ལྷག་པར་དུ་དབྱར་ཁའི་དུས་སུ་འགྱིག་སྲབ་ཀྱིས་ཤ་བསྡམས་ན་ཤ་རུལ་བའི་ཉེན་ཁ་ཡོད་པ་ཡིན། ཆེས་རྗེས་མ་ནི་བསྡམས་ནས་འཇོག་པ་དེ་ཡིན་ཞིང་། འཇོག་པ་ནི་ཉིན་མཚན་དུས་དྲུག་ཏུ་བསྡམས་ཤིང་འཇོག་པ་ཞིག་ཡིན་ལ། སྤྱིར་དུས་ཡུན་དེ་མི་སོ་སོའི་བསྲན་སྟོབས་དང་འབྲེལ་བ་ཡོད་རུང་། དབྱར་ཁའི་དུས་སུ་ཅི་འདྲའི་བསྲན་སྟོབས་ཅན་ཞིག་ཡིན་རུང་། ཉིན་གཉིས་ཙམ་ནས་བཅིངས་པ་གྲོལ་ནས་ལྟ་ཙམ་དང་རླུང་བུ་རྒྱུ་རུ་འཇུག་དགོས་ཀྱི། དེ་ལྟར་མ་བྱས་ན། རུལ་དྲི་བྲོ་བ་དང་། གཉན་ཁ་རྒྱས་པ། ན་ཟུག་གཏོང་བ་སོགས་ཀྱི་གནད་དོན་ཡོད་སྲིད་ཟེར།
ཡིན་ནའང་། རྩ་སྒོ་ཅུང་ལྷོད་པ་དང་། རླུང་བུ་ཅུང་ཟད་བརྒྱབ་རྗེས་ཡང་མུ་མཐུད་དུ་སྡོམ་དགོས་ཀྱི། ཉིན་ཁ་ཤས་རེ་ལས་མི་སྡོམ་པའི་སྤྱོད་པ་དེས་ཕན་ཐོགས་གང་ཡང་མེད་ཟེར། ཐོག་མའི་སྐབས་སུ་མ་ལོབས་པས། མི་ལ་ལར་བསྡམས་པ་ནས་བཟུང་དབུགས་མི་བདེ་བ་དང་། མགོ་ཡུ་འཁོར་བ། མིག་བགྲད་པ་སོགས་ཀྱི་རྟགས་མཚན་ཡོད་ལ། ཁ་ཤས་རེ་བརྒྱལ་འགྲོ་བའང་ཡོད་ཅིང་། དེའི་རིགས་ཀྱིས་མུ་མཐུད་དུ་བཅིངས་བཞིན་མེད་ཟེར།
སྤྱིར་བཏང་ལོ་ཕྱེད་ནས་ལོ་གཅིག་ཙམ་གྱིས་མངོན་གསལ་ཞིག་གོ་རྒྱུ་ཡོད་ལ། གལ་ཏེ། ཟ་འཕྲུག་དང་གཉན་ཚད། རུལ་དྲི་སོགས་ལ་མ་སྐྲག་ན། སོས་སྲུང་འགྱིག་སྲབ་མང་ཙམ་བཀོལ་བ་དང་། རས་ཐག་ཉུང་ཙམ་བཀོལ་ཆོག་ལ། གལ་ཏེ། གོང་གི་གནད་དོན་ལ་སྐྲག་ན། རས་ཐག་མང་ཙམ་དང་འགྱིག་སྲབ་ཉུང་ཙམ་བྱ་ཆོག་ཅིང་། འགྱིག་སྲབ་ཀྱི་གྲུབ་འབྲས་ཐོན་ཚད་ཅུང་མགྱོགས་པོ་ཡོད་ལ། རས་ཐག་གི་གྲུབ་འབྲས་ཅུང་བརྟན་པོ་ཡོད་ཟེར།
འདི་ལྟར་ནུ་མ་རྒྱས་པ་དེ་རང་གི་ངོ་ཚ་ཞིག་དང་། གཞན་གྱི་བར་ཆད་ཅིག་ཏུ་འགྲོ་བར་སྐྲག་པའི་ཇོ་མོ་སྒྲོལ་མ་ཡིས་བྲང་གཞུང་ལོ་ངོ་གཅིག་ཙམ་ལ་བཅིངས་བར་བཤད་ཅིང་། དབྱར་ཁ་ཟ་འཕྲུག་བརྒྱུག་ནས་བྲང་གཞུང་དུ་གྲོག་མ་རྒྱུག་བཞིན་པའི་ཚོར་བ་བྱུང་མྱོང་ཞིང་། དགུན་དུས་སུ་རྔུལ་ཆུ་བཞུར་ནས། གྲང་འདར་རྒྱག་བཞིན་འདུག་ལ། སྐབས་རེ་མེ་དྲོད་ཀྱི་རྩབ་ནས་བསྡད་ཀྱང་བྲང་ཁ་ནི་འཁྱགས་སིབ་སིབ་ཀྱི་ཚོར་བ་ལས་ཅི་ཡང་མི་འདུག་ཟེར།
ད་དུང་དེ་ལྟར་བཅིངས་སྡོམ་བྱས་པའི་ཞོར་སྐྱོན་ཆེས་ཆེ་བ་ནི་དགོང་མོ་རྨི་ལམ་འཁྲུགས་པ་དེ་ཡིན་ཞིང་། ནམ་ཡང་རྡོ་ཆེན་པོའི་ཁུད་དུ་གཅུད་པ་དང་། བྲག་ཆེན་པོའི་གྲོང་རོང་དུ་ལྷུང་བ། ད་དུང་དུག་སྦྲུལ་ཆེན་པོས་དཀྲུས་ཤིང་བསྡམས་པའི་འཇིགས་སྐྲག་དང་སྡུག་བསྔལ་ཡང་བྱུང་གིན་འདུག་ཟེར།
སྒྲོལ་མས་བཤད་ན། མོ་ནི་ཆེས་ལས་དག་གི་གྲས་ཡིན་དེ། ཇོ་མོ་ཆུང་ཆུང་ཁ་ཤས་ཀྱིས་བཅིངས་སྡོམ་བྱས་དྲགས་པ་དང་། དེའི་རྐྱེན་གྱིས་བཟའ་བཏུང་བྱ་མི་ཐུབ་པར་གྱུར་བས། མཐར་ལུས་པོའི་སྟོབས་ཡོངས་སུ་ཉམས་ནས་ཁ་ཅིག་ཆང་འཐུང་བ་ལྟར་ཡར་འཁྱོལ་མར་འཁྱོལ་བྱེད་པ་དང་། ཁ་ཅིག་དྲན་མེད་དུ་བརྒྱལ་བ་སོགས་ཀྱིས་སྨན་ཁང་དུ་འགྲོ་དགོས་པའང་ཐུག་མྱོང་ཟེར།
ལོ་གཅིག་ཙམ་གྱི་རིང་ལ་བཅིངས་སྡོམ་བྱས་རྗེས། སྒྲོལ་མའི་ནུ་མ་མངོན་གསལ་གྱིས་ཇེ་ཆུང་ལ་སོང་འདུག་རུང་། མ་བཅིངས་ནས་བསྐྱུར་བཞག་ན། ཡང་བསྐྱར་ཕྱིར་འབུར་ཡོང་བའི་ཉེན་ཁ་འདུག་པས། མོས་ནམ་ཡང་གཉའ་ཞུམ་ཞུམ་དང་བག་འཁུམ་འཁུམ་གྱིས་འགྲོ་བཞིན་ཡོད་ལ། དེ་ལྟར་བྱས་ན། དེ་འདྲ་མངོན་གསལ་ཞིག་མིན་པའི་སྣང་བ་སྟེར་གྱིན་འདུག་ཟེར། ཡིན་ནའང་། ཞིབ་ཏུ་བརྟག་ན། ནུ་མའི་རྨེན་བུ་གཞོགས་གཅིག་ཏུ་དེད་སོང་བ་ལྟ་བུའི་སྣང་བ་སྟེར་བ་དང་། ནུ་མའི་ནང་དུ་སྲ་མཁྲེགས་ཅན་གྱི་ཤ་ལེབ་ཡོད་པ། ནུ་མའི་འདབས་འཁོར་རྩུབ་མོ་ཡིན་པ་དང་། ནུ་གུར་གྱི་མཚམས་སུ་ཀོང་འབུར་བྱུང་བ་སོགས་ཀྱིས་ལུས་ཁམས་ལ་མི་བདེ་བ་བྱུང་བ་མངོན་གསལ་ཡིན་རུང་། སྨན་ཁང་དུ་སོང་ནས་སྨན་པ་བསྟེན་ཟེར་ན། དེ་ལས་ཀྱང་སྟབས་བདེ་བོ་མེད་པས། ཨམ་ཚུགས་བསྡམས་ནས་བསྲན་བསྡད་པ་ཡིན་ཟེར། ཡིན་ནའང་། སྐབས་རེ་ཟུག་གཟེར་གྱིས་བཟོད་མི་ཐུབ་པ་འདུག་ལ། དེའི་སྐབས་སུ་ནི་དགོང་མོ་མཚན་གང་བོར་གཉིད་མི་ཁུག་པའང་འདུག་ཟེར།
དེའི་རྗེས་ནས་ལོ་འགའ་འགོར་རྗེས། སྒྲོལ་མའི་ནུ་མགོར་ཟ་འཕྲུག་རྒྱུག་པ་དང་ཚ་རེག་བཟོད་ཐབས་མེད་པ་བྱུང་གིན་འདུག་ཅིང་། སྐབས་ཤིག་ནས་ཤུགས་ཀྱིས་འཕྲུག་ན་ཅུང་བདེ་བའི་ཚོར་བ་ཞིག་བྱུང་བས། ཤུགས་ཀྱིས་འཕྲུག་པ་དང་། དེ་ནས་འཕྲུག་ཤུལ་རྡོལ་ཅིང་ནང་ནས་རྣག་ཁུ་འབོ་བའི་གནས་ཚུལ་བྱུང་བས། ཐབས་ཟད་དེ་རྫོང་སྨན་ཁང་དུ་སོང་ནས་སྨན་པ་བཙལ་བ་ཡིན་ཟེར། ཡིན་ནའང་། ཕྱི་ནད་ཚན་ཁག་གི་སྨན་པ་བཙལ་ན། ཁོང་ཚོས་འདི་ནི་མོ་ནད་ཀྱི་རིགས་ཡིན་པས། མོ་ནད་ཀྱི་སྨན་པ་བཙལ་དུ་སོང་ཟེར།
སྤྱིར་བུད་མེད་ཅིག་ལ་མོ་ནད་འདུག་ཅེ་ན་ངོ་ཚ་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད་པའི་དུས་སུ། ཇོ་མོ་ཞིག་ལ་མོ་ནད་འདུག་ཞེ་ན། དེ་ནི་དེ་ལས་ཀྱང་ངོ་ཚ་དང་། སྐྱོན་ཆ་ཞིག་ཏུ་བརྩིས་མྱོང་བར་མ་ཚད། མོ་རང་གཅིག་པུ་ཙམ་མ་ཡིན་པར། ཇོ་མོ་མང་པོ་ཞིག་གི་མཚན་སྙན་ལ་གནོད་པ་བྱེད་ཨེ་འགྲོ་སྙམ་ནས་མཐར་སྨན་པ་བསྟེན་མ་ཕོད་པར་ཕྱིར་རང་ཤག་ཆུང་ངུ་དེའི་ནང་དུ་ལོག་པ་ཡིན་ཟེར།
དེའི་རྗེས་ནས་ཡང་རང་ཤག་ཏུ་སྡོད་ཚེ། སྐབས་ཤིག་ང་ཚོའི་སྤྱི་སྟེགས་ནང་དུ་མོ་ནད་སྐོར་གྱི་ཁ་བརྡ་བྱས་པ་ཞིག་ལ་གསན་འདུག་ཅིང་། དེའི་སྐབས་སུ་མོ་ནད་བྱུང་བ་དེ་ངོ་ཚ་ཞིག་མིན་པ་དང་། ལྷག་པར་དུ་ནུ་མའི་ཆེ་ཆུང་ནི་ཆགས་སྲེད་དང་འབྲེལ་བ་མེད་ཚུལ། ནུ་མའི་ནད་ཡིན་ནའང། སྔ་བརྟག་དང་སྔ་བཅོས་དགོས་ཚུལ། དེ་ལྟར་མ་བྱས་ན། མཐར་ནུ་སྐྲན་དུ་གྱུར་ནས་ཚབས་ཆེན་དུ་འགྱུར་བ་དང་། ཐ་ན་ཚེ་སྲོག་ལ་ཉེན་ཁ་ཡོད་སྲིད་པའི་སྐོར་བཤད་ཀྱིན་པ་ཐོས་པར་མ་ཟད། ངེད་ཨེ་འགོག་ཞབས་ཞུ་ལྟེ་གནས་ལ་ད་ལྟ་བུད་མེད་སྨན་ཁྲིད་རང་འདུན་པ་ཡོད་པ་དང་། དེ་དག་གིས་ཨེ་ཛི་ནད་པ་སོགས་ལ་རོགས་རམ་བྱེད་མི་དགོས་པའི་སྐབས་སུ། མོ་ནད་ནད་པ་ཁྲིད་ནས་སྨན་ཁང་དུ་འགྲོ་བཞིན་ཡོད་པའི་སྐོར་ཐོས་ནས་ང་ཚོའི་ལས་ཁང་དུ་སླེབས་པ་རེད་འདུག
ཕྱིར་ཉིན་ང་ཚོའི་རང་འདུན་པའི་རོགས་སྐྱོར་འོག་སྨན་ཁང་དུ་ཕྱིན་ཅིང་། དེ་ནས་ནུ་རྨེན་གྱི་བརྟོལ་མཐོང་བརྟག་བཤེར་དང་། ཚོན་ལྡན་གྱི་འདས་སྒྲའི་བརྟག་བཤེར་སོགས་བྱས་རྗེས་ནུ་མའི་ངན་སྐྲན་ཡིན་པའི་བརྡར་ཤ་བཅད་རུང་། ད་དུང་ནུ་སྐྲན་དུས་རིམ་དང་པོ་ཙམ་ཡིན་པས། དེ་ལུགས་ཀྱིས་སྨན་བཅོས་བྱས་འདུག་ལ། ད་དུང་ལོ་ན་30ལྷག་ལས་མིན་པས། ལོ་ན་ཆུང་བ་སོགས་ཀྱིས་ཁམས་སོས་ཡོང་བ་ཅུང་མགྱོགས་པས་ད་ཆ་བདེ་བླག་ངང་བཅོས་ཐོན་བྱས་ཟིན།
སྨན་ཁང་ནས་བཅོས་ཐོན་བྱེད་སྐབས། སྨན་པ་ཚོས་བཤད་ན། སྤྱིར་དུས་རིམ་དང་པོའི་ནུ་སྐྲན་བསྐྱར་འཕར་བྱེད་ཚད་མཐོན་པོ་མེད་རུང་། མ་འོངས་པར་དུས་བཅད་བཞིན་ལུས་བཤེར་བྱ་དགོས་ཤིང་། ནམ་རྒྱུན་དྲོད་སྟོབས་དང་ཚིལ་ཞག་མཐོ་བའི་ཟ་མ་མང་ཙམ་བཟའ་དགོས་ལ། ཉི་མར་མང་ཙམ་བསྲོ་དགོས། ད་དུང་ལུས་རྩལ་རྒྱུན་འཁྱོངས་དང་། འཚོ་བར་གནོན་ཤུགས་མེད་པ་དང་། སེམས་ཁམས་ལྷོད་མོ་ཡོང་བ་གལ་ཆེ་ཞེས་གདམས་ངག་མང་པོ་བཤད།
སྒྲོལ་མས་གུས་འདུད་དང་བཅས་སྨན་པ་ལ། སྨན་པ་ལགས། མ་འོངས་པར་ནད་འདིའི་རིགས་ཇི་ལྟར་སྔོན་འགོག་བྱ་དགོས་ལགས་ཞེས་དྲིས། གཙོ་བོ་ད་ནས་བཟུང་དཀྲུ་འགེབ་འཇོག་གསུམ་ཞེས་པའི་བཅིངས་སྡོམ་གྱི་ལས་ཀ་དེ་མ་བྱེད། ཡིན་ནའང་། ནུ་ཤུབས་གྱོན་ན་བཟང་། དེས་ནུ་མའི་དྲོད་ཚད་དང་གཡོ་སྐྱོམ་ཚོད་འཛིན་བྱེད་ནུས་པས་ནུ་མ་སྲུང་སྐྱོབ་ཀྱི་ནུས་པ་ཅུང་ཟད་ཡོད་། ཡིན་ནའང་། དགོང་མོ་ཉལ་བའི་སྐབས་སུ་གྱོན་མི་རུང་ལ། མཐའ་ཁར་ལྕགས་སྐུད་ཡོད་པ་སོགས་མ་སྤྱད་ན་བཟང་ཞིང་། གལ་ཏེ། སྤྱོད་དགོས་བྱུང་ཚེ། དགོང་མོ་བཀྲོལ་རྗེས་རང་གིས་འཕུར་མཉེད་ཡག་པོ་བྱས་ནས་རྩ་སྒོ་ཕྱེ་རུ་འཇུག་དགོས། དེ་ལྟར་མ་བྱས་ན། ཡང་བསྐྱར་ན་ཡོང་བའི་ཉེན་ཁ་ཡོད་ཟེར། གལ་ཏེ། ནུ་མར་རང་བརྟག་བྱེད་པའི་སྐབས་སུ་མི་བདེ་བའི་ཚོར་བ་ཡོད་ན། ལམ་སང་སྨན་ཁང་དུ་ཡོང་དགོས་ལ། དུས་རྒྱུན་མ་མཐའ་ཡིན་རུང་ལོ་རེ་ཡི་ནང་དུ་ལུས་བཤེར་ཐེངས་རེ་བྱས་ན་བཟང་ཞེས་ཟེར།
ནུ་སྐྲན་ནི་བུད་མེད་ཚོར་བྱུང་ཚད་མཐོ་ལ། ཚེ་སྲོག་འཕྲོག་ཚད་ཆེས་མཐོ་བའི་བུད་མེད་ཀྱི་ངན་སྐྲན་ཞིག་ཡིན་པས། ངེས་པར་དུ་གཟབ་གཟབ་བྱ་དགོས། འདི་གར་ད་དུང་སྒྲོལ་མ་ལྟར་ངོ་ཚ་མི་དགོས་ས་ཞིག་ལ་ངོ་ཚ་ཁུལ་བྱེད་པ་དང་། རིག་གནས་གཞན་ཞིག་གི་ཤུགས་རྐྱེན་འོག་རང་གི་ཚེ་སྲོག་དང་བདེ་ཐང་ལའང་དོ་སྣང་བྱེད་བཞིན་མེད་པའི་བུད་མེད་མང་པོ་ཞིག་ཡོད་པས། ཅིས་ཀྱང་རང་གི་ཉེ་འཁོར་གྱི་ཇོ་མོ་ལོ་ཉུང་ཚོར་ཡང་དག་པའི་འཕྲོད་བསྟེན་གྱི་རྒྱུན་ཤེས་དྲིལ་སྒྲོག་གནང་རོགས་ཞེས་ཞུས་རྗེས།
རེད། རང་འདུན་པ་ལགས། སྤྱིར་གཞན་གྱི་གཏམ་སྤྱོད་ལ་གཏན་ནས་ཁ་ཡ་མི་བྱེད་ཟེར་ན། གནས་སྐབས་བསྒྲུབ་ཐུབ་ཀྱིན་མི་འདུག་རུང་། ད་ཐེངས་ཀྱི་གོ་སྐབས་འདི་བརྒྱུད་ནས། རང་ལུས་ལ་ངོས་ཟིན་དང་། ནད་ཡམས་ལ་རྒྱུས་ལོན་བྱུང་ཡོད་པས། ད་ནས་བཟུང་། རང་ཉིད་ལ་གཅེས་དགོས་པ་དང་། རང་ཉིད་ཀྱི་ལུས་ཀྱི་ཆ་ཤས་གང་ཞིག་ཡིན་རུང་། དེ་ལ་དགའ་གུས་དང་བདག་སྲུང་བྱ་དགོས་པའི་སྐོར་གྱི་སློབ་གསོ་ཐེབས་ཡོད་ལ། ལྷག་པར་དུ་བྲང་གཞུང་ཆེ་བ་ནི་ངའི་སྐྱོན་ཆ་མིན་པས། རྗེས་ནས་སྔར་ལྟར་གླེན་རྟགས་མི་སྟོན་པར་མ་ཟད། ཉེ་འཁོར་གྱི་ཇོ་མོ་ཆུང་ཆུང་ཚོར་འབྲེལ་ཡོད་ཀྱི་ཁེ་ཉེན་བསྒྲགས་ཅི་ཐུབ་བྱ་ངེས་ཡིན་ཞེས་གསུངས་སོང་ཟེར།