གཞང་འབྲུམ་ནད་པ་ཕུན་ཚོགས་ཀྱི་གཏམ་རྒྱུད​། 痔疮患者彭措的反思

文摘   2024-12-17 21:24   四川  


གཞང་འབྲུམ་ནད་པ་ཕུན་ཚོགས་ཀྱི་གཏམ་རྒྱུད།

痔疮患者彭措的反思

རྩོམ་པ་པོ། ཆོས་དཔལ་བཟང་པོ། 

作者:邱华绒吾



ཀློག་འདོན་པ། བཀྲ་ཤིས་རྒྱ་མཚོ། 

ཡེ་ཤེས་སྒྲོལ་མ། 

诵读人: 尕西严木初

益西卓玛





གཞང་འབྲུམ་ནད་པ་ཕུན་ཚོགས་ཀྱི་གཏམ་རྒྱུད།

ཕུན་ཚོགས་(བསྒྱུར་མིང་)ཞེས་པའི་ཕོ་གསར་དེ་ནི་སྔོན་ཆད་གྲོགས་པོ་ཞིག་གི་སྤྲོ་ཚོགས་སྟེང་དུ་ངོ་ཤེས་པ་ཞིག་ཡིན་ལ། ང་ཚོས་ཁ་བརྡ་བྱེད་སྐབས་ཁོང་གིས་ངས་བོད་ཁུལ་དུ་འཕྲོད་བསྟེན་ཤེས་བྱ་དྲིལ་སྒྲོག་གི་ལས་ཀ་ལས་བཞིན་ཡོད་པ་རྟོགས་པ་དང་། ལས་ཀ་དེ་རིན་ཐང་ཆེན་པོ་རེད་ཅེས་གདེང་འཇོག་བྱས་པར་མ་ཟད། ཁོ་རང་ཉིད་དང་འབྲེལ་བའི་འཕྲོད་བསྟེན་གྱི་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་ནས། མ་འོངས་པར་ཕ་ཡུལ་གྱི་མང་ཚོགས་ཚོར་སྨན་བཅོས་ཚད་ལྡན་གྱི་དཔེ་རུ་དྲངས་ཆོག་ཅེས་བཤད།

ཁོང་ནི་རྫོང་ག་གེ་མོའི་མི་དམངས་དངུལ་ཁང་ནང་གི་ལས་བྱེད་པ་ཞིག་ཡིན།དུས་རྒྱུན་དུ་ཞབས་ཞུའི་སྒེའུ་ཁུང་ནས་འདུག་རྐྱང་བྱེད་པ་དང་།རང་ཁྱིམ་ཡང་དངུལ་ཁང་དེའི་རྒྱབ་ལོགས་ཀྱི་གཞིས་ཁུལ་ནང་དུ་ཡོད་པས།ཉིན་རེའི་འགྲོ་འདུག་གི་དུས་ཚོད་ཆུ་ཚོད་ཕྱེད་ཙམ་ལས་དགོས་ཀྱི་མེད།ཁྱིམ་ནས་བཟའ་ཚང་གི་འབྲེལ་བའང་དེ་ཙམ་བཟང་རྒྱུ་མེད་པས།ཆུང་མས་གཡོས་སྦྱོར་བྱས་པའི་ཟ་མ་མི་ཟ་བར། དུས་རྒྱུན་དུ་ཟས་རིགས་ཕྱི་ནས་མངགས་ཉོ་བྱེད་བཞིན་ཡོད་ལ།ཆུང་དུས་ཀྱི་ལོབས་ཕྱོགསཤིག་གིས་ཟས་སྣ་མང་པོ་བཟའ་རྒྱུར་མི་དགའ་བར།ནམ་ཡང་སྣུམ་ཞགས་ཆེན་པོ་ཅན་དང་བྲོ་རྩི་མང་པོ་ཅན་གྱི་ཟས་རིགས་རེ་ཟོས་ནས་བསྡད་ཡོད།དེ་བས་ཁོང་སྐུ་ཤ་ཅུང་ཚོན་པོ་ཅན་ཞིག་ཏུ་གྱུར་ཡོད་ལ། ནམ་རྒྱུན་ཁ་པར་ལ་ལྟ་རྒྱུར་དགའ་བ་དང་།སྤྱོད་ཁང་དུ་འགྲོ་སྐབས་ཁ་པར་ལ་བལྟས་ནས།སྐབས་རེ་ཆུ་ཚོད་ཕྱེད་ཙམ་འགོར་འགྲོ་བཞིན་འདུག་ཟེར།ཁོང་གིས་བཤད་ན།ཁོང་གིས་དུས་ཡུན་རིང་པོར་སྤྱོད་ཁང་ནང་ནས་གཏོང་དགོས་པའང་བཟའ་ཚང་གི་འབྲེལ་བ་ཡག་པོ་མེད་པས་ལན་པ་ཡིན་ཏེ།གོ་ཁར་བསྡད་ན་ཅི་བཤད་འདི་བཤད་མེད་པ་འདྲ་ཞིག་ཏུ་གྱུར་འདུག་པར་མ་ཟད། སྐབས་རེ་སྐད་ཆ་གཅིག་གཉིས་ཙམ་གྱིས་ཆུང་མ་སྤོ་ལངས་འགྲོ་ཡི་ཡོད་པ་དང་།  སྒོ་ཕྱི་ནས་ཡུན་རིང་དུ་བསྡད་ནས་ཕྱིར་ཁྱིམ་ལ་སླེབས་དུས་ཡང་རྣ་སྡུག་ལུང་བ་གང་ཡོད་པས། དེ་བས་སྤྱོད་ཁང་དུ་སོང་ནས་བསྡད་པ་ཡིན་ཟེར། ཁོང་གིས་བཤད་ན།ཁོ་རང་སྤྱོད་ཐོག་ཏུ་སོང་དུས་ཁ་པར་རྐྱང་རྐྱང་ལ་བལྟས་ནས་བསྡད་མེད་ཟེར།སྤྱོད་ཁང་ནས་ཡུན་རིང་པོར་འདུག་ཐུབ་པའི་ཆེད་དུ།ཁོང་གིས་སྤྱོད་ཁང་གི་ནང་དུ་མཛེས་སྤྲོས་ལེགས་པོ་བྱས་ཡོད་ལ།ཐ་ན་སྔོ་མཐའི་འོད་འགོག་པའི་མིག་སྲུང་གློག་འོད་ཀྱང་བསྒྲིགས་ཡོད་ཅིང་།དཔེ་ཆའང་མང་པོ་ཞིག་ཡོད་པས། གནས་དེ་ནི་ཁོ་རང་ལ་དབང་བའི་ཆེས་ལྷིང་འཇགས་དང་སྤྲོ་སྐྱིད་ལྡན་པའི་འཇིག་རྟེན་ཞིག་ཡིན་ཟེར།

ཡིན་ནའང་། སྐབས་ཤིག་ནས་བཟུང་། ཁོང་གིས་སྤྱོད་ཐོག་ནས་བློ་གཅིག་སེམས་གཅིག་གིས་ཁ་པར་དང་དཔེ་དེབ་སོགས་ལ་ལྟ་མི་ཐུབ་པར། སེམས་ཆུང་སྒོས་མི་གཙང་བ་འདོར་དགོས་པ་ཞིག་ཏུ་གྱུར་བར་མ་ཟད། མི་གཙང་བ་གཏོང་བའི་སྐབས་སུ་ཟུག་གཟེར་ཡོད་པ་དང་། ད་དུང་མི་གཙང་བ་དང་མཉམ་དུ་ཁྲག་ཀྱང་འདྲེས་པ། ནམ་རྒྱུན་གཞང་ཁ་རླན་གཤེར་གྱིས་འབགས་པ་བཅས་ཀྱི་ནད་རྟགས་བྱུང་བས། སེམས་མི་བདེ་བར་གྱུར་ལ། ལམ་སང་ཁ་པར་ནང་ནས་བརྒྱ་འདུ་དྲ་བ་བརྒྱུད་ཅིང་། ནད་རྟགས་དེ་དག་ཅི་ཡིན་གྱི་སྐོར་འཚོལ་བཤེར་བྱ་འདོད་སྐབས། ལམ་སང་ཉི་འོད་ག་གེ་མོ་ཞེས་པའི་སྨན་ཁང་ཞིག་གི་དྲྭ་སྒོ་ཕྱེ་ཡོང་གིན་འདུག་ལ། ཇི་ལྟར་ཕྱིར་འབུད་བྱ་འདོད་ཀྱང་གནོན་ཐབས་མེད་པར་གྱུར་བར་མ་ཚད། ད་དུང་ཁོའི་ནད་རྟགས་དེ་དག་ནི་གཞང་འབྲུམ་གྱི་ནད་ཡིན་ཚུལ་དང་། དེ་དག་སྨན་བཅོས་མ་བྱས་ན་ཉེན་ཁ་ཆེན་པོ་ཡོད་ཚུལ་དང་། ཡིན་ནའང་། ཁོ་ཚོར་སྨན་རྫས་ཁྱད་པར་བ་ཡོད་པས། བྱུགས་པ་ཙམ་གྱིས་དྲག་འགྲོ་ལ། དྲག་པ་ཙམ་གྱིས་ནད་རྔ་ཆོད་འགྲོ་ཞེས་པ་སོགས་ཁྱབ་བསྒྲགས་ཀྱི་ཡིག་འབྲུ་མང་པོ་ཞིག་སླེབས་ཡོང་ཟེར།

དེ་ནས་ཕུན་ཚོགས་ཀྱིས་ཡུན་རིང་བསྒུག་མ་ཕོད་པར། ཕྱིར་ཉིན་ནས་སྤོས་ལྡན་དུ་ཡོང་ཞིང་། སྔར་དྲྭ་ཐོག་ནས་འབྲེལ་བ་བྱེད་སའི་སྨན་ཁང་དེར་ཨང་ཐོ་བཀོད་ཅིང་སྨན་པ་བསྟེན་པ་ཡིན་ཟེར། ལྟ་རེག་འདྲི་གསུམ་སོགས་མང་པོ་ཞིག་བྱས་མཐར། ཁོང་ལ་གཞང་འབྲུམ་གྱི་ནད་ཡོད་པར་མ་ཟད། ཡུན་རིང་ལ་འདུག་ས་གཅིག་ནས་བསྡད་བསྡད་པ་སོགས་ཀྱིས་རླིག་འབྲས་ཀྱི་སྡོད་རྩའི་འབམ་ནད་ཀྱང་བྱུང་རྩིས་ཡོད་པ་དང་། གཞང་འབྲུམ་དེ་མགྱོགས་པོར་གཤག་བཅོས་མ་བྱས་ན། མཐར་གཞང་སྐྲན་དུ་འགྱུར་ཉེན་ཡོད་ཚུལ་སོགས་བཤད་པས། ཁོང་ནི་སྐྲག་ཐག་ཆོད་ནས་ལམ་སང་དུ་སྡོད་བཅོས་བྱས་པ་ཡིན་ལ། ཁོང་ཚོས་གསུངས་པ་ནང་ལྟར་བརྟག་བཤེར་རབ་དང་རིམ་པ་བྱས་པ་ཡིན་ཟེར། དེ་ནས་སྡོད་བཅོས་བྱས་ནས་གཟའ་འཁོར་གཉིས་ཙམ་སོང་རུང་། གཤག་བཅོས་ཞེས་པ་ཞིག་ཅི་ཡང་བྱ་རྒྱུ་མི་འདུག་ལ། སྐབས་ཤིག་ནས་གནམ་ཁབ་ཀྱང་མང་པོ་ཞིག་རྒྱག་རྒྱུ་མི་འདུག་རུང་། སྔ་གཞུག་ཏུ་སྒོར་ཁྲི་2ལྷག་གི་འགྲོ་སོང་ཤོར་སོང་བས། ཕུན་ཚོགས་ཀྱིས་ཀྱང་ཁོ་རང་གི་མགོ་བསྐོར་བཞག་པ་རྟོགས་འཕྲལ་ལམ་སང་སྨན་ཁང་དེ་ནས་བཅོས་ཐོན་བྱས་ཤིང་། ཞིང་ཆེན་རིམ་པའི་གཞུང་བཙུགས་ཀྱི་སྨན་ཁང་གཞན་པ་ཞིག་གི་ནང་དུ་སོང་ནས་བརྟག་བཅོས་བྱས་ཚེ། ཕུན་ཚོགས་ཀྱི་གནད་དོན་ནི་གཞང་འབྲུམ་ནང་མའམ་ནང་འབྲུམ་ཞེས་པ་རྐྱང་རྐྱང་ཙམ་ཡིན་པ་དང་། དེའང་དེ་འདྲའི་ཚབས་ཆེན་ཞིག་ཏུ་གྱུར་མི་འདུག་པར་མ་ཚད། ནད་དེས་རྐྱེན་གྱིས་རླིག་འབྲས་ཀྱི་སྡོད་རྩ་སྐྲང་ཡོང་ཚུལ་དང་གཞང་སྐྲན་དུ་གྱུར་འགྲོ་ཚུལ་སོགས་ནི་གོང་གི་སྨན་ཁང་གིས་ཁོང་ཚོའི་སྨན་ཁང་ནས་སྡོད་བཅོས་བྱེད་པའི་ཆེད་དུ་འུད་བརྗོད་ཀྱིས་འཇིགས་སྐུལ་བཏང་བ་ཙམ་ལས། དོན་དུ་སྒོར3000ཙམ་གྱིས་གཤག་བཅོས་དང་སྨན་བཅོས་བྱས་ན། སངས་བཅོས་བྱ་ཐུབ་པར་འདུག་ལ།དེ་ནས་བཟུང་།སྔོ་ཚལ་དང་སིལ་ཏོག་མང་ཙམ་བཟའ་བ་དང་།  འབྲུ་རིགས་སོགས་ཚི་སྣའི་རིགས་ཀྱི་ཟས་རིགས་མང་པོ་བཟའ་བ།  འགུལ་སྤྱོད་མང་ཙམ་བྱེད་པ།ལུས་པོའི་ཚོ་ལྗིད་མར་ཆགས་ཐབས་བྱ་བ་སོགས་བྱས་ན། གཞང་འབྲུམ་གྱི་ནད་སྔོན་འགོག་དང་ནད་རྔ་ཕྱིར་མི་འཕར་བར་ཕན་ཐོགས་ཡོད་པ་དང་། ནམ་རྒྱུན་རང་གི་ཆུང་མ་དང་མཉམ་དུ་ཕན་ཚུན་བརྩེ་དགས་རོལ་བ་བ་དང་།  གཏམ་གླེང་ལྷུག་པོ་ཡོད་པ། ལུས་འབྲེལ་གྱི་འཚོ་བ་རྒྱུན་ལྡན་དུ་བསྒྱུར་ཐུབ་ན། དགོང་མོ་གཉིད་འབབ་པར་ཕན་པ་དང་། སེམས་ཁམས་ལྷོད་ལ་འབབ་པར་ཕན་པ། ལུས་སེམས་བདེ་ལ་འབབ་པར་ཕན་པ་བཅས་ཀྱི་དགེ་མཚན་ཡོད་པར་བཤད་པས། ཁོང་གིས་ཀྱང་དེ་ལྟར་བྱ་རྒྱུ་ཡིན་ཞེས་བློ་བདེ་སེམས་སྐྱིད་ཀྱིས་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན་ཟེར།

མ་གཞི་ཕ་ཡུལ་དུ་མ་ལོག་པའི་སྔོན་ནས་ཁོང་དང་ཆུང་མ་གཉིས་ཀྱི་འབྲེལ་བ་སྔར་དང་བསྡུར་ན་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད་དེ། ཁོང་གིས་གཞུང་བཙུགས་སྨན་ཁང་དུ་གཤག་བཅོས་བྱེད་རིང་ཆུང་མས་ཐོག་མཐའ་བར་གསུམ་དུ་ནད་གཡོག་བྱས་ཡོད་པ་དང་། ཉིན་དེ་དག་ལ་སྤྱོད་ཁང་སོགས་གཡོལ་ས་གཞན་མེད་པས། ནམ་ཡང་ཆུང་མ་དང་མཉམ་དུ་ཡོད་པ་དང་། ཟ་མའང་ཆུང་མས་གཅིག་གྱུར་གྱིས་མངགས་ཉོ་བྱས་པ་དང་། སྨན་པས་ཀྱང་སྣུམ་ཅན་དང་བྲོ་བ་རྣོན་པོ་ཅན་གྱི་ཟ་མ་བཟའ་མི་རུང་བར་བཤད་པས། དེ་ནས་བཟུང་། ཁོང་དང་ཆུང་མ་གཉིས་ཀྱི་ཟ་མའི་དགའ་ཕྱོགས་ཀྱང་གཅིག་པར་གྱུར་བ་དང་། ཟ་མ་ཟ་ཞོར་དུ་ཁ་བརྡའང་ཇེ་མང་ནས་ཇེ་མང་དུ་གྱུར་བ་སོགས་ཀྱིས། ད་ལྟའི་ཁོ་བོ་ནི་ལང་ཚོའི་མེ་ཏོག་གསར་དུ་བཞད་པའི་གསར་བུ་ཞིག་ཡིན་ལ། མེ་ཏོག་དེའང་སེམས་སུ་བཞད་པ་ལས། གཞང་ཁར་བཞད་པ་མིན་པས། མི་གཞན་ཞིག་ལ་ཐུག་དགོས་པ་དང་། མི་སྔུན་ནས་གཏམ་བཤད་ཅིག་བྱེད་དགོས་རུང་། སྔར་དང་བསྡུར་ན། སྤོབས་པ་ཅན་ཞིག་དང་རང་རྟོན་ཅན་ཞིག་ཏུ་གྱུར་སོང་བས། སྔར་བཟའ་མིའི་འབྲེལ་བ་མི་བཟང་བས་གཞང་འབྲུམ་གྱི་ནད་བསྐྱེད་པ་འདྲ་རུང་། ད་ནི་གཞང་འབྲུམ་གྱི་གཤག་བཅོས་དེས་ཁོང་དང་ཆུང་མའི་འབྲེལ་བ་ཇེ་ཡག་ཏུ་བཏང་བྱུང་ལ། ཁྱིམ་ཚང་གི་འབྲེལ་བ་ཇེ་ཡག་ཏུ་སོང་བས། ཁོང་གི་ལས་ཀ་དང་མི་འབྲེལ་སོགས་གང་དུ་ཐད་ནས་སྔར་དང་བསྡུར་ན། དེང་སང་ལྡབ་འགྱུར་གྱིས་ཇེ་བཟང་དུ་གྱུར་ཡོད་པས། ཉིན་ཁ་ཤས་ཀྱི་སྔོན་ལ་ཁོང་གིས་ལོ་གཉིས་ཀྱི་ཡར་སྔོན་ནས་བརྩོན་ལེན་བྱས་པའི་ལས་འཛིན་པའི་འགན་ཐོབ་ཀྱང་ལོན་པར་གྱུར་ལ། ད་ལྟ་ནི་ཞབས་ཞུའི་སྒེའུ་ཁུང་གི་ཁ་རུ་ལས་ཞུགས་བྱ་མི་དགོས་ཞེས་སྤྲོ་བ་དང་བཅས་བཤད་སོང་།

ངོ་མ་དེ་འདྲ་རེད། ཁྱིམ་ཚང་འཆམ་ན་ཡོད་ཚད་མཐུན་ཞེས་པ་ལྟར། ད་ལྟའི་ཕུན་ཚོགས་ནི་ལས་ཐོག་ནས་གོ་ཐོབ་འཕར་ཡོད་པ་དང་། ཁྱིམ་ཚང་ནས་བདེ་སྐྱིད་ཐོབ་ཡོད་པར་མ་ཟད། ད་དུང་སྐབས་རེ་གྲོགས་པོའི་སྤྲོ་ཚོགས་སོགས་སུ་ཕྱིན་ནས། རང་གི་ལུས་ཁམས་ཀྱི་གནད་དོན་སྒྲུང་དུ་བཤད་ཐུབ་པར་མ་ཟད། རང་གི་ཁ་སྐྱེངས་པར་བྱེད་སྲིད་པའི་གཏམ་རྒྱུད་དེས་ཀྱང་གཞན་ལ་ཕན་ཐོགས་ན་བསམ་པའི་གསར་བུ་བསམ་བཟང་ཞིག་ཏུ་གྱུར་འདུག


藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章