སྨན་རྫས་འཆོལ་སྤྱོད་དང་ལོག་སྤྱོད་བྱས་པའི་མཇུག་འབྲས།
关于滥用药物的故事
རྩོམ་པ་པོ། ཆོས་དཔལ་བཟང་པོ།
作者:邱华绒吾
ཀློག་འདོན་པ། བཀྲ་ཤིས་རྒྱ་མཚོ།
ཡེ་ཤེས་སྒྲོལ་མ།
诵读人: 尕西严木初
益西卓玛
སྲོག་སྐྱོབ་བྱེད་ཀྱི་སྨན་དེ་སྲོག་འཕྲོག་བྱེད་ཀྱི་དུག་ཏུ་གྱུར་བ།
སྨན་རྫས་འཆོལ་སྤྱོད་དང་ལོག་སྤྱོད་བྱས་པའི་མཇུག་འབྲས།
ང་ཚོ་རྡོ་རྗེ་(བསྒྱུར་མིང་)ཚང་གི་ཁྱིམ་དུ་སླེབས་སྐབས། ཁོང་གི་བུ་མོ་ལྷ་མཚོས་(བསྒྱུར་མིང་)དྲང་མ་སྒུར་གྱིས་ཨ་ཕྱི་ལོ་ལོན་ལ་དཀྲོག་རྐྱེན་བཟོ་བར་སྐྲག་ནས་གཉའ་ཞ་ཞ་དང་གོམ་ཁ་ལྷོད་ལྷོད་ཀྱིས་ནང་དུ་འཛུལ། ཉིན་མོ་ཡིན་རུང་སྨག་ནག་ཅིག་དང་འདྲ་བའི་ཁོང་ཚང་གི་ཁྱིམ་གྱི་གྲུ་ཟུར་ཞིག་ཏུ་ཨ་ཕྱི་ལོ་ལོན་ནི་གསེག་ཟུར་དུ་ཁེན་ནས་གཉིད་འདུག
ཨ་ཕྱི། ཨ་ཕྱི། ལྷ་མཚོས་སྐད་ཤུགས་ཆུང་ངུས་འབོད་ཞོར་དུ་ཨ་ཕྱིའི་དྲུང་དུ་ཕར་སོང་། ང་ཚོའང་གཅིག་རྗེས་གཉིས་མཐུད་ཀྱིས་ལྷ་མཚོ་དང་མཉམ་དུ་ཡོང་རུང་། ཚང་མས་གོམ་ཁ་ཇེ་དལ་དང་སྐད་གདངས་ཇེ་དམའ་རུ་བཏང་འདུག་ལ། ཁ་ཅིག་གིས་དབུགས་ཀྱང་རྔུབ་མཚམས་བཞག་ནས་ཡོང་ཡོད་པའི་ཚོད་རེད། ཨ་ཕྱི། ཨ་ཕར་རོགས་རམ་བྱེད་མཁན་གྱི་དགེ་རྒན་དག་ད་ལྟ་ཁྱེད་ལ་ལྟ་རུ་ཕེབས་སོང་། ཞེས་ལྷ་མཚོས་སྐད་མགོ་ཅུང་མཐོན་པོས་བཤད།
ཨ་ཕྱི་གློ་བུར་དུ་གཉིད་ལས་སད་དེ། ང་ཚོར་ལྟ་ཞོར་དང་། ལག་པ་ཡིས་ཕར་གཡུག་ཚུར་གཡུག་ཙམ་བྱེད་ཞོར། བཀའ་དྲིན་ཆེ། བཀའ་དྲིན་ཆེ། ཚ་མོ། མགྱོགས་པོར་ཇ་སྐོལ་ཞེས་བཤད།
དེ་ནས་ཨ་ཕྱིས་མཛུབ་བུ་ནང་འཁྱོགས་ཤིག་གིས་ང་ཚོར་དེ་ཕྱོགས་སུ་སྡོད་ཅེས་པའི་བརྡ་བསྟན་པ་དང་། ང་ཚོས་ཀྱང་རང་རང་གི་ས་ནས་འདུག་ས་རེ་བཙལ་ཏེ་བསྡད་པ་ཡིན། དྲང་མོར་བཤད་ན། འདུག་ས་ཞེས་འདུག་སྟེགས་གཅིག་ཀྱང་མི་འདུག་ལ། མདུན་དུ་འཇོག་རྒྱུའི་ཅོག་ཙེ་ཙམ་ཡང་མེད་པར་མ་ཟད། ཐ་ན་ཇ་སྐོལ་སའི་རྫ་མ་དེའི་རྫ་ལུང་ཡང་ཆད་ནས་ལྕགས་སྐུད་རིགས་མི་འདྲ་བ་གཉིས་ཀྱིས་འབྲེལ་ནས་འདུག་ལ། ལྕགས་ཐབ་ཅིག་ཡོད་པའང་ཐེད་ནས་ནང་དུ་མེ་འབར་ན་ཕྱི་ནས་མཐོང་ཐུབ་པ་ཞིག་ཏུ་གྱུར་འདུག། དེ་ལས་གཞན་པའི་ཁང་པ་ནག་པོ་དེའི་ནང་དུ་སྤྱོད་ཆོག་ཆོག་གི་ཅ་དངོས་གཅིག་ཀྱང་མི་འདུག་ལ། ཟ་མ་འདི་དང་གོན་པ་འདི་ཞེས་མཛུབ་མོ་ཚད་ནས་སྟོན་ཐུབ་པ་གཅིག་ཀྱང་མི་འདུག
ཁྱེད་རྣམ་པ་ལམ་ནས་དཀའ་ལས་མྱངས་སོང་ངམ། ངས་ནི་ཁྱེད་རྣམ་པར་ཇ་ཙམ་ཡང་ཁོལ་མ་སོང་། ཞེས་སེམས་ཁུར་དང་ནོངས་འགྱོད་ཀྱིས་བཤད།
ང་ཚོས་དཀའ་ལས་མ་མྱངས་ཚུལ་དང་ཁྱེད་བདེ་མོ་ཡིན་ནམ་ཞེས་པ་སོགས་འཚམས་འདྲི་སྐོར་ཞིག་བྱས་པ་ཡིན།
སྐབས་ཤིག་ཨ་ཕྱིས་ལག་མགོ་གཉིས་སར་བཙུགས་ནས་ཅུང་ཙོག་པོར་ལངས་ཐུབ་པ་ཙམ་བྱུང་ལ། དེ་ནས་ཀ་བའི་རྒྱབ་ཕྱོགས་ཤིག་ནས་དམ་བི་ཞིག་བླངས་ཤིང་། དེའི་ནང་ནས་སྨན་ལེབ་རྡོག་མ་ཁ་ཤས་བླངས་ནས་ང་ཚོར་སྟེར་ཞོར། ཡ། འདི་རེ་ཟོས་དང་། འདིས་མི་དཀའ་བར་ཕན་ཞེས་བཤད།
ང་མོ་རང་གི་ལག་ཏུ་ཡོད་པའི་སྨན་ལེབ་ལ་ཞིབ་ལྟ་བྱས་ན། དེ་ནི་ཆེས་ཐུང་ཕེན་(去痛片)ཞེས་པའི་ཟུག་གཅོག་སྨན་(止痛片)ཞིག་རེད་འདུག་ཅིང་། དེའི་སྐབས་སུ་ལས་རོགས་གཞན་པ་ཚོས་ཀྱང་སྨན་དེའི་ཁ་ཡིག་མཐོང་ཡོད་ཚོད་འདུག་སྟེ། ཚང་མས་གཅིག་གིས་གཅིག་ལ་ལྟ་བཞིན་ཡ་མཚར་ནས་ལྷག་འདུག། ང་ཚོ་ཚང་མས་སྨན་དེ་འདི་ལྟར་འཐུང་རུང་ངམ་སྙམ་ནས་ཐེ་ཚོམ་དང་བཅས་ཧོན་འཐོར་ནས་ཡོད་དུས། ཨ་ཕྱིས་སྔ་མོ་ནས་སྨན་ལེབ་གཉིས་གསུམ་ཞིག་མོ་རང་གི་ཁ་ནང་དུ་བཅུག་འདུག་ལ། སྨན་ཆུ་ཙམ་ཡང་མི་སྤྱོད་པར་ཟ་ཞོར་དང་ལྡད་ཞོར་ང་ཚོའི་ཉེ་འཁོར་དུ་སླེབས་པ་ད་དུང་ངའི་མིག་ལམ་ལ་གསལ་ཐང་ཐང་ཞིག་རེད།
ཉིན་འགའི་སྔོན་དུ། ལྷ་མཚོས་གངས་ལྷ་མེ་ཏོག་བོད་ཁུལ་དགེ་ལས་ཚོགས་པར་ཁ་པར་བཏང་ནས། མོའི་ཕ་རྒན་ནད་ཀྱིས་ཐེབས་ནས་ཡར་ལངས་མི་ཐུབ་པར་གྱུར་ཡོད་ལ། མོ་དང་མོའི་གཅེན་མོ་གཉིས་ནི་ད་ལྟ་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་། ཨ་མ་ནི་དབང་རྩ་ཉམས་པའི་ནད་ཅན་ཞིག་ཡིན་པ་དང་། ད་ལྟ་ཨ་ཕྱི་གཅིག་པོ་ཁྱིམ་དུ་ཡོད་ལ། ཁྱེད་ཚོས་རོགས་སྐྱོར་ཞིག་གནང་རོགས་ཞུ་ཞེས་རེ་ཞུ་བྱས།
ང་ཚོར་ཁ་པར་རྒྱག་མཁན་གྱི་ལྷ་མཚོ་ནི་ཁོང་ཚང་གི་བྱིས་པ་ཆུང་བ་དེ་ཡིན་ལ། སྒལ་ཚིགས་འཁྱོག་ཡོན་གྱི་ན་ཚ་ཡིས་ལོ་5ཡི་སྔོན་ལ་གངས་ལྷ་མེ་ཏོག་ཚོགས་པས་རོགས་སྐྱོར་བྱས་ནས་གཤག་བཅོས་བྱས་ཤིང་། ད་ལྟ་ཡར་ལངས་ནས་འགྲོ་ཐུབ་པ་ཙམ་གྱི་ནད་པ་ཉམ་ཐག་ཅིག་ཡིན། ད་ཅི་ཨ་ཕྱི་ལ་ཐུག་སྐབས་དྲང་མ་སྒུར་གྱིས་ནང་དུ་འཛུལ་དོན་ནི་ཁང་པ་དམའ་བས་ཡིན་ལ། མོ་རང་གི་ན་ཚ་ཡི་དབང་གིས་ཀྱང་ཡིན།
དེ་ལྟར་རོགས་སྐྱོར་གྱི་རེ་ཞུ་སླེབས་པ་དང་། ང་ཚོ་ལམ་སང་དེ་གའི་རྫོང་སྨན་ཁང་དུ་ཕྱིན་པ་ཡིན་ལ། དེ་རུ་རྡོ་རྗེ་དབུགས་ལེན་ཐུབ་པ་ཙམ་དུ་འདུག་ཅིང་། གློ་བུར་དུ་ཐང་ལ་བརྒྱབ་པ་ནས་ད་བར་ཁ་ཚིག་གཅིག་ཀྱང་གྲག་མ་ཐུབ་པར་བཤད་ལ། ཟ་འཐུང་ཉལ་འདུག་ཡོད་ཚད་ལྷ་མཚོའི་ཨ་མས་གཉོར་སྐྱོང་བྱེད་བཞིན་འདུག
ད་ལྟ་ཆེས་མངོན་གསལ་གྱི་ནད་རྟགས་ཤིག་ཡོད་པ་ནི་ཁོང་གི་ཕོ་ཁའི་ནང་ནས་ཁྲག་ཐོན་པ་དེ་ཡིན་རུང་། ནད་གཞི་ཧ་ཅང་རྙོག་འཛིང་ཆེ་བས། འདི་གའི་སྨན་ཁང་གི་ཆ་རྐྱེན་གྱིས་གསལ་ཐག་ཆོད་པ་ཞིག་རྟོགས་ཐུབ་ཀྱིན་མི་འདུག་ཅེས། ཞིང་ཆེན་རིམ་པའི་སྨན་ཁང་ཞིག་ནས་རོགས་བཅོས་བྱེད་དུ་ཡོང་བའི་སྨན་པ་ལོ་ཆུང་ཞིག་གིས་འདི་ལྟར་བཤད། ཡང་ཁོང་གིས་མུ་མཐུད་དུ་བཤད་དོན། ནད་པ་འདིས་རང་འདོད་ཀྱིས་སྨན་སྣ་མང་པོ་ཞིག་འཐུང་འདུག་ལ། དེའི་ནང་དུ་སྐྱེ་འགོག་སྨན་(抗生素)སོགས་ཀྱང་འདུག་ཅིང་། དུས་རྒྱུན་དུ་ཆང་མང་པོ་འཐུང་གིན་ཡོད་པ་དང་། སྐབས་རེ་ཟུག་གཅོག་སྨན་ཆང་གིས་བཏུང་གིན་ཡོད་ཚོད་འདུག་པས། མཆིན་པ་སྲ་འགྱུར་གྱི་ཉེན་ཁ་ཆེན་པོ་འདུག་ཅེས་བཤད།
རྡོ་རྗེ། ལོ་ན་40ཅན་གྱི་ཞིང་པའི་གསར་བུ་ཞིག་རེད། ནམ་རྒྱུན་དཀའ་སྡུག་རྒྱག་ཐུབ་ཅིང་། ཞིང་སའང་མའོ་ཁ་ཤས་ཡོད་པ་དང་། དེའི་ཁར་ལོ་རེའི་ཤ་མོང་བསྡུ་སྒྲུག་གི་ཡོང་འབབ་སོགས་ཀྱིས། སྔོན་ཆད་ཅིག་ཡིན་ན་ཁྱིམ་ཚང་གི་འབྱོར་བ་ཅུང་བཟང་པོའི་གྲས་ཡིན་ལ། དེའི་ཞོར་ནས་བུ་མོ་གཉིས་ཀྱང་བདེ་བླག་ངང་སློབ་གྲྭར་གཏོང་ཐུབ་ཀྱིན་ཡོད།
ལོ་གསུམ་གྱི་ཡར་སྔོན་ལ། གློ་བུར་དུ་རྡོ་རྗེ་ཡི་ཕོ་ཁ་ན་བ་དང་། ཡར་སྐྱུག་མར་བཤལ་བྱེད་པ། སྐྱུག་ལུད་དང་བཤལ་ལུད་ཀྱི་ནང་དུ་ཁྲག་འདྲེས་པ་སོགས་ཀྱི་གནད་དོན་བྱུང་རུང་། རྡོ་རྗེ་ཡིས་ཞིང་ལས་ལ་བར་ཆད་བཟོ་བར་དོགས་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་དུ་མ་སོང་བར། སྔར་ལྟར་ཟུག་གཅོག་སྨན་གྱིས་ནད་མགོ་གནོན་ཐབས་བྱས་འདུག། ཐོག་མའི་སྐབས་སུ་སྨན་རིལ་བུ་གཅིག་ཙམ་རེས་ཕན་ཐོགས་ཀྱིན་འདུག་ལ། རྗེས་ནས་རིམ་གྱིས་རིལ་བུ་གཉིས་རེ་དང་། དེའི་རྗེས་ནས་ཆང་རག་དང་མཉམ་དུ་མ་འཐུང་ན་ཟུག་འཇོམས་མི་ཐུབ་པ་ཞིག་ཏུ་གྱུར་འདུག
ཡིན་ནའང་། བྱིས་པ་ཆུང་ཆུང་གཉིས་སློབ་གྲྭར་འགྲོ་དགོས་པ་དང་། ཆུང་མའང་དབང་རྩ་ཉམས་པའི་ནད་པ་ཡིན་པ། ཁྱིམ་གྱི་མ་རྒན་ནི་ལོ་ན་ཤིན་ཏུ་མཐོ་བ་སོགས་ཀྱིས། རྡོ་རྗེ་རང་དགར་འདུག་བཟོད་མ་ཡོད་པར། ཉིན་མོ་ལས་ལ་གཞོལ་བ་དང་། མཚན་མོ་ཟུག་གཟེར་གཅོག་པའི་སྨན་རེ་ཆང་གིས་བཏུང་ནས་གཉིད་ཐབས་བྱེད་པ་ལས་ཐབས་གཞན་མ་རྙེད།
དུས་དེ་ཙམ་ནས་བཟུང་། ཁོང་གི་ལུས་ཁམས་དང་འཚོ་བ་ལ་ནམ་ཡང་ལྡོག་ཕྱོགས་ཁོ་ན་ཡིས་འགྱུར་བ་འགྲོ་བཞིན་འདུག་སྟེ། ཇི་ལྟར་གྱིས་རྩོལ་བ་བྱས་ན། དེ་ལྟར་གྱིས་ཐང་ཆད་ཀྱིན་འདུག་ལ། ཇི་ལྟར་གྱིས་ཡོང་འབབ་རྙེད་པ། དེ་ལྟར་གྱིས་སྨན་ཡོན་དུ་གཏོང་དགོས་པ་ཞིག་ཏུ་གྱུར་སོང་བས། མཐར་ཁྱིམ་གྱི་རི་གཞིས་འཁོར་གསུམ་ཐམས་ཅད་སྨན་ཡོན་དུ་ཤོར་ཞིང་། ན་ཚ་དང་དཀའ་སྡུག་སོགས་མང་པོ་ཞིག་གི་དབང་གིས་གློ་བུར་དྲན་མེད་དུ་བརྒྱལ་སོང་བ་ཡིན་ཚོད་འདུག
ང་ཚོས་ཁོང་སྨན་ཁང་ནས་མཐོང་བའི་སྐབས་སུ། ཁོང་ནི་གཟུགས་གཞིའི་པགས་པ་རུས་པར་འབྱར་བའི་ནད་པ་ཞིག་ཏུ་གྱུར་འདུག་ལ། ཁོང་གི་ཕོ་ཁའི་ནང་དུ་ཁྲག་ཐོན་གྱིན་འདུག་པར་མ་ཚད། ད་དུང་དྲན་པ་འཐོར་བ་དང་། སྐབས་རེ་འཕག་ཚགས་རྒྱག་པ་དང་སྨྱོ་གཏམ་བཤད་པ་སོགས་ཀྱི་ནད་རྟགས་ཀྱང་འདུག་ཟེར།
ཁོ་ངེས་པར་དུ་ཁུལ་རིམ་པའམ། ཞིང་ཆེན་རིམ་པའི་སྨན་ཁང་དུ་འཁྱེར་དགོས་ཀྱི་འདུག། འདི་གའི་བརྟག་བཅོས་ཀྱི་ཆ་རྐྱེན་ཞན་པས་གསལ་བོ་ཞིག་རྟོགས་ཐུབ་ཀྱིན་མི་འདུག། ད་དུང་ནད་པས་ཁ་གྲགས་མི་ཐུབ་པ་དང་། ནད་གཡོག་གིས་རྒྱ་སྐད་མི་ཤེས་པ་སོགས་ཀྱིས་ང་ཚོས་གོ་བརྡ་ཡང་ཡག་པོ་ཞིག་འཕྲོད་ཀྱིན་མི་འདུག། ཁོང་ཚོས་སྨན་གང་དག་འཐུང་ཡོད་པ་དང་། སྨན་དེ་དག་ཇི་ལྟར་འཐུང་བའི་ཐད་ནས་ད་དུང་ཞིབ་གསལ་ཤེས་དགོས་ཀྱི་འདུག་པས། ཁྱེད་ཚོས་སྐད་བསྒྱུར་རེ་ཡང་གནང་རོགས་ཞེས་སྨན་པ་ཞིག་གིས་དེ་ལྟར་བཤད།
དེ་ནས་ནད་པ་དེའི་གནས་ཚུལ་གསལ་བོ་ཞིག་ཤེས་པའི་ཆེད་དུ། ང་ཚོ་རྡོ་རྗེ་ཚང་གི་ཁྱིམ་ནང་ལ་ཕྱིན་པ་ཡིན་ལ། ཨ་ཕྱི་ལོ་ལོན་དེས་ང་ཚོར་ཟུག་གཅོག་སྨན་གྱིས་མགྲོན་བྱས་པའི་དུས་ཚོད་སྐད་ཅིག་མ་དེར། ང་ཚོས་ད་ཅི་སྨན་པས་བཤད་པའི་སྐད་ཆ་ལ་ཡིད་ཆེས་རབ་ཏུ་འཕེལ་བར་གྱུར་ལ། ཁོང་ཚོའི་ཁྱིམ་ན་ཟུག་གཅོག་སྨན་ནི་སིལ་ཟས་དང་བཏུང་ཁུའི་ཚུལ་དུ་སྤྱོད་བཞིན་འདུག
ཡུལ་ཤོག་ནས་རྫོང་ཐོག་ཏུ་ཕྱིར་སླེབས་པ་ནས། རྫོང་མི་དམངས་སྨན་ཁང་གི་སྨན་པ་ཚོའི་རོགས་རམ་འོག། ང་ཚོས་རྡོ་རྗེ་སྤོས་ལྡན་གྲོང་ཁྱེར་དུ་སྐྱེལ་ཐུབ་པ་བྱུང་ལ། དེ་ནས་ཀྱང་ཕྱོགས་སོ་སོ་ནས་སྨན་ཡོན་གྱི་རོགས་དངུལ་བསྡུས་ཏེ། སྨན་བཅོས་བྱེད་པའི་མགོ་བརྩམས་པ་ཡིན།
མ་གཞི་དེ་ཙམ་གྱིས་ང་ཚོའི་ལས་དོན་འགྲུབ་སོང་བར་བསམ་མོད། ས་གནས་སྨན་པའི་ཁ་པར་ཞིག་གིས་ང་ཚོ་ཡང་བསྐྱར་རྫོང་སྒོ་དེར་ཕྱིར་ཐེངས་ཤིག་མ་ལོག་ཐབས་མེད་དུ་གྱུར།
ཁྱེད་བདེ་མོ་ཡིན་ནམ། ཁྱེད་ཚོ་ད་དུང་ཕྱིར་རྫོང་ཐོག་འདིར་ཡོང་རྩིས་ཡོད་དམ་ཞེས་སྨན་པས་བཤད། ང་ཚོར་འདིར་ད་དུང་རྡོ་རྗེ་དང་འདྲ་བའི་ནད་པ་ཁ་ཤས་འདུག་ལ། ཁོང་ཚོས་ཀྱང་རྡོ་རྗེ་ལྟར་སྨན་རྫས་འཆོལ་སྤྱོད་དང་ལོག་སྤྱོད་བྱས་འདུག་པས། ཁྱེད་ཚོར་མང་ཚོགས་རྣམས་བསྡུས་ནས་ཁོང་ཚོར་འདི་ལྟར་བྱ་མི་རུང་བའི་སྐོར་ཞིག་བཤད་པའི་ཁོམ་པ་ཡོད་དམ་ཞེས་དྲིས།
ང་ཚོ་རྫོང་ཐོག་ཏུ་སླེབས་སྐབས། སྨན་པ་ཚོས་བཤད་ན། སྨན་རྫས་ལོག་སྤྱོད་ཀྱིས་ནད་གཞི་ཚབས་ཆེན་དུ་གྱུར་བ་ཁོང་ཚོས་སྔ་མོ་ནས་མཐོང་མྱོང་ཡོད་ལ། འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱས་པས། སྨན་འཚོང་ཁང་ཚོས་སྐྱེ་འགོག་སྨན་དང་ཟུག་གཅོག་སྨན་སོགས་ལ་དོ་དམ་ནན་མོ་བྱེད་རྒྱུ་ཐག་བཅད་ཡོད་རུང་། མང་ཚོགས་ཚོའི་ནང་དུ་ད་དུང་འདི་འདྲའི་ནད་པ་བྱུང་གིན་འདུག་ལ། གནད་དོན་རྩད་གཅོད་ལར་ནས་བྱེད་ཐུབ་ཀྱིན་མི་འདུག་ཅེས་ཟེར།
དེའི་ཉིན་ང་ཚོས་རང་ཉིད་ཀྱིས་སྨན་ཉོ་དགོས་ཁུལ་གྱིས་ཆེད་དུ་སྨན་འཚོང་ཁང་དུ་ཕྱིན་པ་ཡིན་ལ། དེ་ནས་ཟུག་གཅོག་སྨན་མང་ཙམ་དགོས་ཞེས་བཤད་ན། ངེས་པར་དུ་ཐོབ་དཔང་སྤྲོད་དགོས་ཀྱི་འདུག་ལ། ཐོ་འགོད་བྱས་རྗེས་ཀྱང་མི་རེར་རིལ་ལེབ་བཅུ་ཙམ་ལས་བཙོང་གིན་མི་འདུག་པས། ང་ཚོ་ནི་ཤིན་ཏུ་མགུ་ཞིང་བློ་སེམས་བདེ་བར་གྱུར་རུང་། ལྷ་མཚོས་བཤད་ན། ཁོང་གི་ཨ་ཕྱི་དང་ཨ་མ་གཉིས་ཕྱིན་ན། དེ་ལས་མང་པོ་ཉོ་ཐུབ་ཀྱིན་ཡོད་ཅེས་བཤད་པས། ང་ཚོ་ཡིད་མ་ཆེས་རུང་། ཆེད་དུ་ལྷ་མཚོའི་ཨ་མ་ཉོ་རུ་བཏང་རྗེས། མོས་སྨན་དམ་བི་ཕྱེད་ཙམ་ཉོ་ཐུབ་འདུག ང་ཚོ་དེ་ལ་ཧང་སངས་ནས་ཡོད་སྐབས། ལྷ་མཚོའི་ཨ་མས་ཟེར་ན། དེ་ལ་ཧ་ལས་རྒྱུ་ཅི་ཞིག་ཡོད། གལ་ཏེ། ངས་ཕ་ཡུལ་གྱི་ཁྱིམ་ཐོའམ་ཐོབ་དཔང་ཁ་ཤས་གཡར་ནས་ཁྱེར་ན། དམ་བི་གང་རེ་ཉོ་ཐུབ་ཀྱིན་ཡོད་ཅེས་བཤད།
ཟུག་གཅོག་སྨན་གྱི་ནུས་པ་མངོན་གསལ་ཡིན་པ་དང་། མྱུར་མགྱོགས་ཅན་ཡིན་པས། ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཐོབ་བཞིན་ཡོད་ལ། ཁོང་ཚོས་དེ་ནི་ནད་བརྒྱ་སྨན་གཅིག་ལྟ་བུར་བརྩི་བཞིན་ཡོད་པས། སྨན་བཙོང་མཁན་རྒྱུ་འབྲས་མེད་པ་ཚོས་དེའི་ཞོར་སྐྱོན་དང་སྨན་དྲེད་རང་བཞིན་གཏན་ནས་མི་གླེང་བར། འདི་ལྟར་ལྐོག་ལྐོག་སུད་སུད་ལ་འཁོར་རྒྱུག་གི་ཚོང་ར་ཕོན་ཆེན་ཞིག་གྲུབ་ཡོད་པ་རེད།
ང་ཚོས་དེ་ལྟར་བརྟག་ཞིབ་སྟབས་བདེ་ཞིག་བྱས་པའི་གནས་ཚུལ་སྨན་པ་ཚོར་བཤད་སྐབས། ཁོང་ཚོས་སེམས་ཁུར་ཆེན་པོ་བྱེད་ཀྱིན་འདི་ལྟར་བཤད་དེ། སྤྱིར་ཟུག་གཅོག་སྨན་ཁོ་རང་གནད་དོན་ཅན་ཞིག་མིན་རུང་། ཚད་ལས་བརྒལ་བ་འཐུང་བ་དང་། འཐུང་སྟངས་ཚུལ་བཞིན་མ་བྱས་ན། ཞོར་སྐྱོན་ཆེན་པོ་ཡོད་སྲིད་ལ། དེས་ཁྲག་རྡོལ་བ་སོགས་ཀྱི་ནད་འགྱུར་ཆེན་པོའང་བསྐྱེད་སྲིད་ཅིང་། ད་དུང་དུས་རྒྱུན་དོན་ཡོད་མེད་ཀུན་པོར་ཟུག་གཅོག་གི་སྨན་འཐུང་གི་བསྡད་ན། ནད་གཞི་སངས་བཅོས་བྱེད་པའི་གོ་སྐབས་ཡག་པོ་འཆོར་ཉེན་ཡོད་ལ། ནད་གཞི་ལ་ལ་ཞིག་ངོས་མི་ཟིན་པའམ། གོ་ནོར་ཁུར་བའི་ཉེན་ཁ་ཡོད་པ་དང་། སྨན་དྲེད་དུ་གྱུར་ནས་ངོ་མ་སྨན་དེ་དག་གིས་བཅོས་དགོས་པའི་ནད་ཅིག་བྱུང་བའི་སྐབས་སུ་ནུས་པ་མི་ཐོན་པར་འགྱུར་བའི་ཉེན་ཁ་ཡོད་པས། མ་གཞི་སྲོག་སྐྱོབ་བྱེད་ཀྱི་སྨན་ཞིག་ཡིན་རུང་། མཐར་སྲོག་འཕྲོག་བྱེད་ཀྱི་གཤེད་མ་རུ་མི་འགྱུར་བའི་ངེས་པ་མེད་ཟེར།
ང་ཚོས་ནམ་ཡང་མི་བུ་སུ་དང་གང་ཞིག་ཡིན་རུང་། ལུས་ཁམས་མི་བདེ་བའི་སྐབས་སུ་དུས་ཐོག་ཏུ་བརྟག་བཅོས་བྱེད་པ་དང་། སྨན་རྫས་རེ་བསྟེན་དགོས་པའི་སྐབས་སུ་ནམ་ཡང་སྨན་པའི་ངག་བཞིན་བྱ་བའི་རེ་བ་ཡོད་ལ། སྨན་རྫས་འཚོང་ཁང་དང་འབྲེལ་ཡོད་ཀྱི་ཚོང་གཉེར་བྱེད་མཁན་དག་གིས་ཀྱང་། རང་ཉིད་ཀྱི་ཡོང་འབབ་རྐྱང་རྐྱང་ལ་མི་ལྟ་བར། ནམ་ཡང་བདེ་ཐང་གཙིགས་འཛིན་དང་། མི་སྲོག་དཀྱིལ་སྙིང་དུ་འཇོག་པའི་རེ་བ་རྒྱག་བཞིན་ཡོད་ལ། མ་འོངས་པར་འདི་ལྟར་སྨན་རྫས་འཆོལ་སྤྱོད་དང་ལོག་སྤྱོད་ཀྱི་གནད་དོན་གཅིག་ཀྱང་མི་འབྱུང་བའི་སྨོན་ལམ་ཡང་འདེབས་བཞིན་ཡོད་ཅེས་སོགས་སེམས་གཏམ་མང་པོ་ཞིག་ས་གནས་དེའི་ཡུལ་ཤོག་གི་མང་ཚོགས་འདུ་ས་ནས། ཤེས་ཤེས་ཤོད་ཤོད་ཅིག་བཤད་ཁུལ་བྱས་ནས་ཕྱིར་རང་ཡུལ་དུ་ལོག་པ་ཡིན་ནོ། །