དོགས་འཚེར་ནད་པ་དབྱངས་ཅན་གྱི་གཏམ་རྒྱུད། 抑郁症患者央金的故事​

文摘   2024-12-22 20:54   四川  


དོགས་འཚེར་ནད་པ་དབྱངས་ཅན་གྱི་གཏམ་རྒྱུད། 

རྩོམ་པ་པོ། ཆོས་དཔལ་བཟང་པོ། 

抑郁症患者央金的故事

作者:邱华绒吾

ཀློག་འདོན་པ། བཀྲ་ཤིས་རྒྱ་མཚོ། 

ཡེ་ཤེས་སྒྲོལ་མ། 

诵读人: 尕西严木初

益西卓玛



 

དབྱངས་ཅན་(བསྒྱུར་མིང་)ནི་ང་ཚོའི་ལས་ཟུར་རང་འདུན་པ་ཞིག་ཡིན། མོ་ནི་ང་ཚོའི་ལས་ཟུར་རང་འདུན་པའི་གྲས་ནས་ཆེས་ལྷག་བསམ་དང་སྡུག་རུས་ཅན་གྱི་རང་འདུན་པ་ཞིག་ཡིན་ལ། ནམ་རྒྱུན་ནད་པ་རེར་རོགས་བྱས་ཚར་ནས། ཕྱིར་ཕ་ཡུལ་དུ་ལོག་སྐབས། མོས་དུས་རྒྱུན་དུ་མགོ་བོ་དུད་ཅིང་། ལག་ཟུང་ཐལ་མོ་སྦྱར་ནས་ནད་པ་ཚོར་གུས་འདུད་ཞུ་བཞིན་ཡོད།

   འེ། ནད་པས་ཁྱོད་ལ་བཀའ་དྲིན་ཆེ་ཞེས་ཟེར་བཞིན་འདུག་ལ། ཁྱོད་ཀྱིས་ཀྱང་ནད་པར་བཀའ་དྲིན་ཆེ་ཞེས་ཟེར་གྱིན་འདུག་རུང་། ནད་པ་ལ་ལྟོས་པ་ལས། ཁྱོད་ཀྱིས་གུས་འདུད་ཞུས་པ་དེ་ལྷག་བསམ་རྣམ་དག་ཡིན་པའི་བཟོ་ལྟ་ཞིག་འདུག་ཅེས་ལས་གྲོགས་ཤིག་གིས་ཁ་མཚར་སྒོས་བཤད།

   དེ་ལོས་ཡིན། ངས་ཁོང་ཚོར་རོགས་བྱས་པ་དེ་ལས། ཁོང་ཚོས་ང་ལ་རོགས་བྱ་བའི་གོ་སྐབས་གནང་བ་དེ་བཀའ་དྲིན་ཆེན་པོར་འདུག ངའི་སྨན་པས་བཤད་པ་ལྟར་ན། དེ་ནི་ང་རང་གི་སེམས་ཁམས་དོ་དམ་དང་སྤྱི་ཚོགས་འབྲེལ་བ་སྙོམ་སྒྲིག་བྱེད་པའི་གོ་རིམ་ཞིག་ཡིན་ལ། ཆོས་ཕྱོགས་ནས་བཤད་ན། ང་རང་གི་ཚོགས་དང་བསོད་ནམས་བསོགས་པའི་གོ་སྐབས་ཤིག་རེད་ཡ། ད་དུང་དེ་ལས་ཁ་གསལ་བོའི་སྒོ་ནས་བཤད་ན། དེ་ནི་ང་རང་གི་འཚོ་བ་དང་མི་ཚེའི་རིན་ཐང་རྙེད་པའི་གོ་རིམ་ཞིག་རེད་ཅེས། དབྱངས་ཅན་གྱིས་ནན་ཏན་སྒོས་ལས་གྲོགས་དེར་བཤད།

   དབྱངས་ཅན་ནི་མ་གཞི་གཞི་རིམ་ཡུལ་ཤོག་ཅིག་གི་དགེ་རྒན་ཡིན། སྐྱེ་གཟུགས་མཛེས་ཤིང་། སྐད་ངག་སྙན་པ་སོགས་ཀྱིས་སློབ་གྲྭའི་དགེ་སློབ་ཀུན་གྱིས་མོ་ལ་ལྷ་མོ་དབྱངས་ཅན་མ་ཞེས་གཅེས་མིང་ཞིག་ཀྱང་བཏགས་ཡོད། མོ་ལ་དབྱངས་ཅན་མ་ཞེས་འདོགས་དོན་དེ་གཟུགས་མཛེས་དང་སྐད་སྙན་པ་ཁོ་ན་ཡིས་མ་ཡིན་ཏེ།  མོ་རང་ནི་སྦྱངས་འབྲས་བཟང་ཞིང་། ལས་ལ་བརྩོན་པ་དང་། སློབ་མ་ཚོར་བསམ་པ་དཀར་ཞིང་། ནམ་ཡང་སློབ་མ་ཉམ་ཆུང་ཚོར་རོགས་རམ་དང་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པས་ཀྱང་ལོས་ཡིན། 

   ཉིན་ཞིག་སྐབས་དེའི་རིག་སློབ་ལས་ཁང་གི་མགོ་ཁྲིད་ཅིག་གཞི་རིམ་ལ་ལྟ་སྐོར་དུ་ཡོང་སྐབས་སྟེས་དབང་གིས་དབྱངས་ཅན་གྱིས་སློབ་ཁྲིད་བྱེད་བཞིན་པ་མཐོང་བས། ཁོ་རང་གི་ཡིད་སེམས་དབང་མེད་དུ་འཕྲོག་པར་གྱུར་བས། མོ་ལ་དགའ་བའི་རྣམ་འགྱུར་བར་མེད་དུ་བསྟན་པར་མ་ཟད། ནམ་ཡང་རྫོང་ཐོག་ནས་ལག་ཁུག་དང་མེ་ཏོག ད་དུང་ཟས་གང་ཞིམ་དང་གོས་གང་ཡག་ནི་མཚམས་མི་འཆད་པར་ཁྱེར་ནས་ལེགས་སྐྱེས་སུ་འབུལ་བར་བྱེད། ཡིན་ནའང་། དབྱངས་ཅན་གྱིས་མོ་ལ་ཕ་ཡུལ་དུ་དགའ་རོགས་ཡོད་ལ། མི་འགྱང་བར་དགའ་རོགས་དེ་དང་གཉེན་སྒྲིག་བྱ་བའི་ཁ་ཆད་ཀྱང་ཡོད། ཕྱོགས་གཉིས་པོའི་ཕ་མ་དག་ཕན་ཚུན་ངོ་ཤེས་པ་དང་། ཕྱོགས་སོ་སོར་འཐད་པ་ཡོད་པས་མ་ཚད། མི་དེས་མོ་རང་ཁོག་པའི་སྙིང་ལྟར་གཅེས་ཞེས་གསལ་བོར་བཤད་པ་དང་།  མོའི་སློབ་མ་ཚོས་དགུན་དུས་སུ་ཆུ་དང་། དབྱར་དུས་སུ་གློག་མེད་པའི་འཚོ་བ་རོལ་གྱིན་ཡོད་པས། མོས་དེ་དག་བླངས་ནས་རྒྱས་སྤྲོས་བྱ་བའི་ཚུལ་ཞིག་གང་ན་ཡོད་ཅེས་སོགས་བཤད་ནས་ནམ་ཡང་ཅ་དངོས་གཅིག་ཀྱང་ལེན་བཞིན་མེད། དེ་ནས་རིམ་བཞིན་མགོ་ཁྲིད་དེས་ཀྱང་དབྱངས་ཅན་ལ་སྒེར་ཐོག་ནས་ལེགས་སྐྱེས་འབུལ་མཚམས་བཞག་ཅིང་། སློབ་གྲྭའི་འཛུགས་སྐྲུན་དང་། སློབ་མའི་ཟས་གོས་ཀྱི་ཐད་ལ་རོགས་རམ་མང་པོ་བྱས་པས། དེས་ནི་དབྱངས་ཅན་སེམས་འགུལ་ཐེབས་སུ་འཇུག་མྱོང་ལ། སྙིང་ཐག་པ་ནས་མགོ་ཁྲིད་དེ་ལ་བཀའ་དྲིན་ཡང་ཞུས་མྱངས་ཟེར།

    རོགས་རམ་དེ་དག་བྱས་པ་ནས་བཟུང་། ཡུལ་ཤོག་དེ་ནི་རྫོང་རིག་སློབ་ལས་ཁང་གི་ལྟ་སྐོར་དང་ཁྲིད་ཉན་བྱེད་ས་ཉག་གཅིག་ལྟ་བུར་གྱུར་ལ། དེ་ནས་བཟུང་། སློབ་གྲྭ་དེའི་དགེ་སློབ་ཚང་མའི་འཚོ་བའང་སྔར་དང་བསྡུར་ན། ཤིན་ཏུ་ནས་ཇེ་བཟང་དུ་གྱུར་བས། སློབ་གྲྭའི་སློབ་གཙོ་སོགས་ཀྱིས་ཀྱང་ནམ་ཡང་བྱེད་སྒོ་ཅི་ཞིག་ཡོད་ན། དབྱངས་ཅན་ནི་སློབ་གྲྭའི་དར་ཆ་འདྲ་བོ་བྱས་ནས་དགུང་དུ་འཕྱར་བཞིན་འདུག་ལ། རྫོང་ཐོག་ཏུ་སྙན་ཞུ་སོགས་འབུལ་དུ་འགྲོ་སྐབས་ཀྱང་སློབ་གཙོས་ནམ་ཡང་དབྱངས་ཅན་མཉམ་དུ་ཁྲིད་ནས་འགྲོ་བཞིན་ཡོད། དྲང་མོར་བཤད་ན། དབྱངས་ཅན་ཁྲིད་ནའང་ཁྲིད་ཆོག་ཆོག་ཡིན་ཏེ། མོའི་རིག་གནས་དང་ངག་རྩལ་བཟང་ཞིང་། སློབ་གྲྭའི་གནས་ཚུལ་དང་སློབ་མའི་སྐྱིད་སྡུག་སོགས་བཤད་སྐབས། ད་ལྟའི་སློབ་གཙོ་འདི་ལས་ལྡབ་འགྱུར་གྱིས་གནད་དུ་འཁེལ་བ་ཡོད། དེ་ལྟར་རྫོང་རིག་སློབ་ཁང་གི་མགོ་ཁྲིད་དེ་དང་འབྲེལ་བ་བྱེད་རྒྱུ་ཇེ་མང་ནས་ཇེ་མང་དུ་སོང་བ་དང་། སྐབས་ཤིག་ནས་དབྱངས་ཅན་དང་རྫོང་རིག་སློབ་ཁང་གི་མགོ་ཁྲིད་གཉིས་པོས་འབྲེལ་འདྲིས་བྱས་པ་ཅུང་མང་པོ་འདྲ་ཞིག་ཏུ་གྱུར་བར་བཤད།

   རེད་དེ། གཏམ་ངན་ལ་གཤོག་པ་མེད་རུང་། རི་ལུང་བརྒལ་ཐུབ་པ་འདུག་སྟེ། ཉིན་ཞིག་མོའི་ཕ་ཡུལ་གྱི་དགའ་རོགས་དེ་ངོ་གནག་ཅིང་སླེབས་ནས། ཁྱེད་རང་ནམ་ཡིན་རུང་མགོ་ཁྲིད་དེའི་རྗེས་སུ་འབྲང་ནས་འགྲོ་བཞིན་འདུག་ཟེར་བས། ད་ནི་ངེད་གཉིས་ཁ་ཁར་བྱེད་ཟེར་ལ། ཁོ་ལྟ་བུའི་མང་ཚོགས་སྤྱིར་བཏང་བ་ཞིག ཁྱེད་ལྟ་བུའི་ལས་བྱེད་པ་ཞིག་ལ་མི་འཚམས་པ་ཁོས་སྔ་མོ་ནས་ཤེས་ཡོད་ཅེས་ཟུར་ཟའི་སྐད་ཆ་ཞིག་ཀྱང་བཤད་སོང་ཟེར།

    མོས་ལམ་སང་གསལ་བཤད་ཙམ་བྱེད་འདོད་རུང་། ཁོང་གིས་མོ་ལ་གསལ་བཤད་བྱེད་པའི་གོ་སྐབས་གཏན་ནས་མི་སྟེར་བར་མ་ཟད། འགྲོ་ཁ་ད་དུང་མོ་གཡོལ་མགྱོགས་པ་ཙམ་ལས། ཅུང་ཙམ་མིན་ན་ཁུ་ཚུར་གྱིས་མོའི་འགྲམ་རྩར་གཅིག་གཞུས་སོང་ཞིང་། ཁོ་ལ་དགོས་པ་ནི་གཉེན་སྒྲིག་བྱེད་རོགས་ཀྱི་མི་ཞིག་ཡིན་པ་ལས། གཞན་རྗེས་འབྲང་བའི་ཁྱི་ཞིག་མ་རེད་ཅེས་གཤེ་གཤེ་གཏོང་ཞོར་ཕྱི་རུ་ཤོར་སོང་ཟེར།

མ་གཞི་དེའི་སྐབས་སུ་དབྱངས་ཅན་དང་རྫོང་ཐོག་གི་མགོ་ཁྲིད་དེ་གཉིས་བར་ཕན་ཚུན་ཁ་བརྡ་བྱེད་རེས་ཙམ་ལས། གཞན་པའི་འབྲེལ་བ་ཞིག་ཅི་ཡང་མེད་རུང་། མ་འོངས་པར་གཉེན་སྒྲིག་བྱེད་འཆར་ཡོད་པའི་དགའ་རོགས་ཀྱིས་ཡིད་ཆེས་བྱེད་ཀྱིན་མི་འདུག་ལ། སློབ་གྲྭའི་ལས་རོགས་བུ་མོ་ཚོས་ཀྱང་ཡིད་ཆེས་ཀྱིན་མི་འདུག་པས། ད་ནི་ཕ་ཡུལ་དུ་ལོག་ཅིང་ཕ་མ་ཚོར་དྲང་གཏམ་བཤད་ན། ཁོང་ཚོས་བསམ་ཤེས་དང་ཡིད་ཆེས་བྱ་རྒྱུ་རེད་འདོད་དེ། གཟའ་མཇུག་གི་དུས་ཚོད་སྤྱད་ནས་ཕ་མ་གཉིས་པོར་དྲང་གཏམ་བཤད་ཚེ། མ་རྒན་གྱིས་ཅི་ཡང་མ་བཤད་ལ། ཅི་ནུས་ཀྱིས་དབྱངས་ཅན་ལ་སྲུང་སྐྱོབ་བྱ་བསམ་པའི་རྣམ་འགྱུར་བསྟན་རུང་། ཕ་རྒན་གྱིས་ལྷག་ཏུ་སྐད་ཤུགས་ཆེན་པོས། ངོ་ཚ་རྒྱུ་མེད་པའི་ཁྱི་མོ་འདི། ད་ནས་བཟུང་ཁྱིམ་འདི་ལ་ཡོང་མི་དགོས། ང་ལ་འདི་འདྲའི་ངོ་ཚ་མེད་པའི་བུ་མོ་ཞིག་མེད་ཅེས། མོ་བཙན་པོས་སྒོ་རུ་བདས་སོང་ཞེས་ཟེར།

   དེ་ནས་མུན་ནག་དང་བསྡོངས་ནས་ཕྱིར་རང་གི་སྡོད་ཤག་ཏུ་ལོག་ཡོང་བ་ཡིན་ལ། ལམ་ཐག་ཅུང་རིང་བོ་ཡོད་རུང་། ལམ་ནས་ཇི་ལྟར་ཡོང་བ་དང་། དུས་ཡུན་ག་ཚོད་འགོར་སོང་བ་གཏན་ནས་ཤེས་ཀྱི་མི་འདུག་ཟེར། འདི་ལྟར་འཇིག་རྟེན་འདིར་ཡིད་ཆེས་མཁན་གཅིག་ཀྱང་མེད་པ་འདྲ་བོར་ཆགས་སོང་ན། ད་ནི་མུ་མཐུད་དུ་གསོན་པ་ལ་སྙིང་བོ་ཅི་ཡང་མི་འདུག་སྙམ་པའི་བསམ་པ་ཞིག་ཀྱང་སེམས་ཀྱི་གཏིང་ནས་ཆུ་ཁོལ་ཁོལ་བྱེད་ཀྱིན་འདུག་པས། མཚན་གང་བོར་གཉིད་ཁུག་མ་སོང་ལ། སད་ཀྱང་མ་སོང་བ་ལྟ་བུ་ཧད་དེ་ལུས་སོང་ཟེར།

   སྐབས་ཤིག་ནས་ཕྱི་རུ་བྱ་སྐད་དང་བྱིའུ་སྐད་གྲག་བཞིན་འདུག་ཅིང་། སློབ་གྲྭའི་ནང་དུ་སློབ་མ་ཚོས་ཀྱང་དཔེ་ཀློག་དང་གོམ་སྒྲ་གྲག་ཡོང་གིན་འདུག་པས། ལམ་སང་ཡར་ལངས་ཤིང་། ཁ་ངོ་བཀྲུ་ཁུལ་དང་། གདོང་ལ་འཛུམ་མདངས་བསྡུ་ཁུལ་གྱིས་གཞུང་ལས་ཁང་དུ་ཕྱིན་པ་ཡིན་ཟེར།

དབྱངས་ཅན་མ། ཁྱོད་ནི་ཅི་འདྲའི་ཁ་ལས་དགེ་བ་ལའང་། ཁྱོད་མི་འགྱང་བར་རྫོང་སློབ་འབྲིང་གི་དགེ་རྒན་དུ་འགྲོ་རྒྱུ་རེད་ཟེར། འགྲོ་ཁ་ང་ཚོར་མགྲོན་བྱེད་རྒྱུ་བརྗེད་མི་རུང་ཨ། ཞེས་སློབ་གྲྭའི་དགེ་རྒན་བུ་མོ་ཚོས་ཁ་བརྡ་དང་མཆུ་ཚད་བྱེད་ཞོར་དུ་བཤད་བྱུང་ཟེར་ལ། དགེ་རྒན་གཞན་པ་ཞིག་གིས་ཀྱང་། དབྱངས་ཅན་མ། བྱིས་པ་ཚོས་ཁྱེད་རང་དྲན་རྒྱུ་རེད་ལ། ང་ཚོས་ཀྱང་ཁྱེད་རང་གཏོང་མི་འདོད། ཅེས་བཤད་བྱུང་ཟེར།

    དབྱངས་ཅན་གྱིས་ཅི་ཞིག་བྱུང་སོང་བའང་གོ་མེད་པས། ཁྱེད་ཚོས་ཅི་བཤད་ཀྱིན་ཡོད་ཅེས་དྲིས་ཚེ། མདང་དགོང་མཚན་དཀྱིལ་ནས་སློབ་གཙོས་དགེ་རྒན་གྱི་འཕྲིན་ཚོགས་ནང་དུ་གནས་ཚུལ་ཁྱབ་བསྒྲགས་བྱས་འདུག་རུང་། མོས་ནི་ད་བར་དུ་མ་མཐོང་བ་ཡིན་འདུག དེ་ནས་མོ་ལམ་སང་སློབ་གཙོའི་གཞུང་ལས་ཁང་དུ་ཕྱིན་ཅིང་། ཞིབ་པར་དྲིས་ཚེ། རྫོང་རིག་སློབ་ཁང་ནས་ཁ་པར་འབྱོར་སོང་། ཁོང་ཚོས་ཁྱེད་ཀྱི་ནུས་པ་དང་འཇོན་ཐང་མཐོང་བས་རེད་ལ། ཁྱེད་ཀྱི་རིག་གནས་ཀྱི་ཆུ་ཚད་དེ་འདི་འདྲའི་སློབ་ཆུང་ཞིག་གི་ནང་དུ་བཞག་ན། དེ་ནི་ཤིག་གསོད་སར་སྟ་རེ་ཞེས་པ་རེད། ཅེས་སློབ་གཙོས་འཛུམ་མདངས་དང་བཅས་བཤད།

   ཡིན་ནའང་། ང་རང་འགྲོ་འདོད་མི་འདུག ང་མ་སོང་ན་ཆོག་གམ། ཞེས་དབྱངས་ཅན་གྱིས་ཞེ་ཐག་པས་བཤད་རུང་། དེ་ནི་དབུ་ཁྲིད་ཀྱི་དགོངས་པ་དང་། རྩ་འཛུགས་ཀྱི་བཀོད་བསྒྲིགས་ཡིན་པས། ཁྱེད་འགྲོ་མི་འདོད་པ་ཙམ་མ་ཚད། ང་ཚོས་ཀྱང་ཁྱེད་ལྟ་བུའི་འཇོན་ཐང་ཅན་རེ་གཏོང་མི་འདོད་རུང་ཐབས་མི་འདུག ཅེས་སློབ་གཙོས་གཟབ་ནན་གྱིས་བཤད་བཤད་བྱུང་ཟེར།

ཕྱི་དྲོ། དབྱངས་ཅན་རླངས་འཁོར་ཞིག་ཏུ་བསྡད་དེ་རྫོང་ཐོག་ཏུ་ཕྱིན་པ་དང་། སྔར་གྱི་མགོ་ཁྲིད་དེ་བཙལ་ཅིང་། མོ་རང་རྫོང་ཐོག་ཏུ་ཡོང་མི་འདོད་ཚུལ་དང་། མོའི་སློབ་མ་དག་ད་ལོ་ལོ་རིམ་དྲུག་པ་ཡིན་པས། དམའ་རྒྱུགས་ལེན་ལ་ཉེ་སྐབས་འདི་ལྟར་བསྐྱུར་ནས་བུད་སོང་ན། སློབ་མ་ཚོར་འགན་མ་ཁུར་བ་ཡིན་ཚུལ་སོགས་གང་ཤོད་ཤོད་ཅིག་བཤད་རུང་།

   འདི་ང་རང་རྐྱང་རྐྱང་གི་སྒེར་དོན་ཙམ་མ་རེད། ཁྱེད་རང་རྫོང་ཐོག་ཏུ་འབོད་པ་ནི་སློབ་གསོ་ཁང་གི་དབུ་ཁྲིད་མང་པོ་ཞིག་གིས་གྲོས་བསྡུར་བྱས་ནས་ཐག་བཅད་པ་ཞིག་ཡིན་པས། ང་ཚོ་སུ་གཅིག་གིས་ཀྱང་འགྱུར་བ་གཏོང་ཐུབ་པ་མ་རེད་ལ། མི་འགྱང་བར་ཁྱེད་ཀྱི་ལས་སྤོར་ཡིག་ཆ་མར་བསྐུར་ཡོང་གི་རེད། དེའི་སྐབས་སུ་ཁྱེད་ནི་རྫོང་སློབ་འབྲིང་གི་གཟི་བརྗིད་ལྡན་པའི་མི་དམངས་དགེ་རྒན་ཞིག་ཏུ་གྱུར་སོང་བ་རེད། དེ་ལ་ང་ནི་ངོ་མ་དགའ་སྤྲོ་ལྷག་ཏུ་ཆེ་སྟེ། ངས་གོ་ཐོས་ལྟར་ན། ཁྱེད་དང་ཁྱེད་ཀྱི་དགའ་རོགས་གཉིས་ཀྱང་ཁ་ཁར་བྱས་སོང་ཞེས་བཤད་པས། ད་ནི་ངས་མངོན་མངོན་དོད་དོད་ཀྱིས་ཁྱེད་རང་བདས་ན་ཆོག་པ་རེད་ཅེས་དགོད་ཞོར་དུ་བཤད་བྱུང་ཟེར།

   དབྱངས་ཅན་ལ་མཚོན་ན། འཆད་སྟེགས་སྟེང་དུ་བུད་ནས་སློབ་ཁྲིད་བྱེད་དགོས་ན། ཐོགས་རྡུགས་ཤིག་ལར་ནས་མེད་རུང་། དེ་རིང་ནི་ཅི་ཞིག་བཤད་དགོས་པ་དང་། གང་ནས་མགོ་རྩོམ་དགོས་པ་ཙམ་ཡང་མི་ཤེས་པར་མ་ཟད། ད་ནི་རང་དབང་མེད་པ་རྦད་དེ་ཧ་གོ་བར་གྱུར་ཅིང་། ཐབས་ཟད་འུ་ཐུག་ནས་ཕྱིར་ཕ་ཡུལ་དུ་ལོག་ཅིང་ཡོད་ཚད་ཁོང་ཚོའི་བཀོད་བསྒྲིགས་ལྟར་བྱ་བ་ལས་ཅི་ཡང་བྱ་རྒྱུ་མི་འདུག

དེ་ནས་ཉིན་ཤས་འགོར་བ་དང་། དབྱངས་ཅན་རྫོང་སློབ་འབྲིང་གི་ནང་དུ་ལས་བགོས་བྱས་སོང་ལ། སློབ་ཁང་གི་ཁྲིད་སྟེགས་སུ་བུད་པ་ནས་མོ་རང་ལའང་སྔར་དང་འདྲ་བའི་སྤོབས་པ་ཞིག་རང་ཤུགས་ཀྱིས་རྒྱས་ཡོང་གིན་འདུག་ཅིང་། བྱིས་པ་ཚོ་དང་མཉམ་དུ་བསྡད་པ་ནས་རང་ཤུགས་ཀྱིས་སེམས་ཀྱི་སྡུག་བསྔལ་དག་ཀྱང་ཞི་བར་གྱུར་ལ། རྒྱུས་མེད་ཀྱི་ཡུལ་ནས་མགོ་ཁྲིད་ཀྱིས་དམིགས་བསལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཡང་དགག་བྱ་ཅི་ཡང་མ་མཛད་པར་མ་ཟད། ཡུན་རིང་སོང་དུས་མོ་རང་ཡང་བརྩེ་བ་དམིགས་བསལ་དེར་གོམས་པར་གྱུར་བ་དང་། དེ་ནས་རིམ་བཞིན་དགའ་བར་གྱུར་བ་དང་། སྐབས་ཤིག་ནས་བརྩེ་བ་དེ་མེད་ན་མི་ཆོག་པ་ཞིག་གི་སེམས་ཁམས་བྱུང་གིན་འདུག་པས། དགའ་རོགས་ཀྱི་འབྲེལ་བ་བཙུགས་པར་མ་ཟད། སྐབས་རེ་ཉིན་མོ་ཡིན་རུང་མགོ་ཁྲིད་དེ་ཁོང་ཚོའི་སློབ་གྲྭའི་དགེ་རྒན་གྱི་སྡོད་ཤག་ནང་སླེབས་ཡོང་གིན་འདུག་ཟེར།

    རྫོང་ཐོག་གི་སློབ་ཁྲིད་ནི་ཡུལ་ཤོག་ནང་ལྟར་མ་ཡིན་པར། འགྲན་རྩོད་ཀྱིས་ཁེངས་པ་ཞིག་ཡིན་ཏེ། སློབ་ཁྲིད་ཀྱི་འཆར་གཞི་དང་སྒྲོན་བརྙན་ཐད་ནས་འགྲན་བསྡུར་འདུག་ཅིང་། སློབ་མའི་སྦྱངས་འབྲས་ཀྱི་ཐད་ནས་ཀྱང་འགྲན་བསྡུར་ཡོད་པ་དང་། ཐ་ན་འཛིན་གྲྭ་སོ་སོའི་སློབ་མའི་གཙང་སྦྲ་ཡི་ཐད་ནས་ཀྱང་དགེ་རྒན་ཚོས་འགྲན་རྩོད་བྱེད་བཞིན་འདུག་པས། དབྱངས་ཅན་གྱིས་ཉིན་རྟག་པར་སློབ་ཁྲིད་ལ་གྲ་སྒྲིག་དང་ཁོར་ཡུག་ལ་གོམས་འདྲིས་བྱས་བསྡད་པས། སློབ་དུས་གཅིག་ཇི་ལྟར་ཕྱིན་སོང་བའང་མ་གོ་ཟེར། ཡིན་ནའང་། སློབ་དུས་རྗེས་མ་ཚུར་སླེབས་པ་ནས། དབྱངས་ཅན་ཡང་དེ་འདྲའི་མ་ལོབས་པ་དང་། དངངས་འཚབ་ཅན་ཞིག་མ་ཡིན་པར། སློབ་གྲྭའི་ནང་དུ་རང་གི་གྲོགས་སྐོར་ཆགས་ཤིང་དེ་དག་དང་ཁ་བརྡ་བྱེད་པའི་གོ་རིམ་ཁྲོད། སྤྱི་ཚོགས་ཀྱིས་མོ་ནི་མགོ་ཁྲིད་ཀྱི་ཟུར་གསར་ཡིན་པ་དང་མགོ་ཁྲིད་ཚང་གི་གཟའ་གཉིས་བར་ལ་བུད་ནས་གཏོར་བརླག་གཏོང་བཞིན་ཡོད་པའི་སྐོར་ཞིག་བཤད་ཀྱིན་འདུག་ཅེས་ཐོས།

    དེ་ནི་མོ་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་རེད་དེ། མགོ་ཁྲིད་ཀྱིས་མོ་ལ་བཤད་པ་ལྟར་ན། ཁོ་དང་སྔར་གྱི་གཟའ་རོགས་བར་འགལ་ཟླ་བསུབ་ཐབས་མེད་པ་ཞིག་བྱུང་བས། སྔ་མོ་ནས་གཉེན་འཐོར་བརྒྱབ་ཚར་ཞེས་པ་དེ་ཡིན་པས། དེའི་ནུབ་མོ་མགོ་ཁྲིད་བཙལ་ནས་ཡིན་གཅིག་མིན་གཅིག་ད་ལྟ་ནས་གཉེན་སྒྲིག་བྱ་དགོས་ཚུལ་དང་། བུ་ཕྲུག་སྐྱེས་དགོས་ཚུལ། ད་ནས་སློབ་གྲྭའི་སྡོད་ཤག་ཏུ་འདུག་འདོད་མེད་པའི་སྐོར་བཤད་ཚེ། མགོ་ཁྲིད་ཀྱིས་ནམ་ཡང་། དབྱངས་ཅན། ཁྱོད་ཀྱིས་བྲེལ་བ་མ་བྱེད་དང་། འུ་གཉིས་ཀྱིས་གཉེན་སྒྲིག་བྱེད་རྒྱུ་ངོ་མ་ཡིན་རུང་། ཁྱོད་ཀྱིས་ང་ལ་དུས་ཚོད་ཅུང་ཟད་ཅིག་སྟེར་རོགས། ཞེས་བཤད།

   དབྱངས་ཅན་གྱིས། ཅི་རེད། ཁྱེད་ང་ལ་དགའ་ཟེར་བ་རྫུན་ཡིན་ནམ། ཞེས་དྲིས་ཚེ། ང་ཁྱེད་ལ་དགའ་བ་བདེན་པ་ཡིན་ལ། ཁྱེད་དང་མཉམ་དུ་ཡོད་སྐབས་ཀྱི་བདེ་སྐྱིད་ནི་ལྷ་ཡུལ་དང་མཚུངས་ཞེས་ཟེར།

འོ་ན། ཁྱེད་ཀྱིས་ཁོང་སྔ་མོ་ནས་གཉེན་འཐོར་བྱས་ཚར་བ་ཞིག་ཡིན་ཞེས་པ་དེ་རྫུན་བཤད་པ་རེད་དམ་ཞེས་དྲིས་ཚེ།

    རེད། མ་རེད། མ་གཞི་ངས་སྔ་མོ་ནས་གཉེན་འཐོར་བྱ་བསམ་པ་ཡིན་ལ། སྔ་མོ་ཞིག་ནས་ཁ་ཁར་བསྡད་ཅིང་འཚོ་བ་རོལ་བཞིན་ཡོད་རུང་། བྱིས་པ་ལོ་ན་ཆུང་བ་དང་། ད་ལྟ་སློབ་གྲྭར་འགྲོ་བཞིན་པའི་སྒང་ཡིན་ལ། དེའི་སློབ་སྦྱོང་ལ་གནོད་པར་བསམ་ནས་གནས་སྐབས་རིང་གཉེན་འཐོར་མ་བྱས་པ་ཡིན་ཟེར།

    དབྱངས་ཅན་གྱིས་སྐད་ཆ་དེ་དག་ཐོས་པ་དང་། དེ་ནི་མོ་ལ་མཚོན་ན་འབྲུག་སྟོང་ཞིག་དུས་གཅིག་ཏུ་གྲགས་པ་དང་མཚུངས་བར། རྣ་བ་འུར་ཅིང་མིག་ལམ་དུ་སྐར་མའང་འཆར་བར་བྱེད་ཅིང་། ཡང་བསྐྱར་ཅི་བྱེད་དགོས་པའང་ཧ་མ་གོ་བར་ངུ་བཞིན་དུ་ལམ་སང་སྒོར་བུད་ནས་སྲང་དུ་བརྒྱུག་སོང་བ་ཡིན་ཟེར། དེ་ལྟར་སྲང་མདོ་གསུམ་བཞི་ཙམ་ལ་རྐང་ཐང་དུ་ཕྱིན་པ་ཡིན་ལ། དེའི་ཉིན་ནི་ཁངས་ཆར་འབབ་བཞིན་འདུག་པས། སྲང་དུ་མོ་གཅིག་པུ་ལས་གཞན་པའི་མི་གཅིག་ཀྱང་མི་འདུག་ཟེར། སྐབས་ཤིག་ནས་འཁྱགས་ཀྱང་འཁྱགས་ལ། ལྟོགས་ཀྱང་ལྟོགས་རུང་། དཀའ་སྡུག་གིས་འགྲོ་མི་ཐུབ་པ་ཞིག་ཏུ་གྱུར་ཚར་འདུག་པས། ཕ་ཡུལ་གཅིག་པའི་ཆུང་གྲོགས་བུ་མོ་ཞིག་ལ་ཁ་པར་བརྒྱབས་ནས་བསུ་རུ་ཡོང་དུ་བཅུག་པ་ཡིན་ཟེར།

    ཆུང་གྲོགས་ཚང་གི་ཁྱིམ་དུ་སླེབས་དུས། མཚན་མོའི་དཀྱིལ་ཙམ་རེད་འདུག་ཅིང་། དེ་ཚང་གི་ནེམ་ཁྲིའི་སྟེང་དུ་བསྡད་པ་ནས་སྐད་ཆ་ཚིག་གཅིག་ཀྱང་ཤོད་ཐུབ་ཀྱིན་མི་འདུག་ལ། འགུལ་ཙམ་ཡང་བྱེད་མི་ཐུབ་པས། དེའི་དགོང་མོ་དེ་ནས་ཉལ་བ་དང་། དེའི་ཕྱིར་ནུབ་པོ་དང་། ཡང་དེའི་ཕྱིར་ནུབ་མོ་བཅས་བསྟུད་མར་ནུབ་མ་གསུམ་ལ་ཁོང་ཚོའི་ནེམ་ཁྲི་དེའི་སྟེང་དུ་ཉལ་འདུག་རུང་། ནུབ་མ་གཅིག་ལའང་གཉིད་ཁུག་གིན་མི་འདུག་ལ། གཉིད་སད་ཡོད་པའི་སྣང་བའང་བྱུང་མ་མྱོང་ཟེར། མོའི་ཆུང་གྲོགས་ནི་ཞོགས་པ་སྔ་མོ་ནས་ལས་ཐུན་དུ་འགྲོ་དགོས་ཀྱི་འདུག་ལ། དགོང་མོ་ཧ་ཅང་འཕྱི་དུས་མ་གཏོགས་ནང་དུ་ལོག་ཐུབ་ཀྱི་མི་འདུག་པས། ཉིན་འདི་དག་གི་རིང་ལ་དབྱངས་ཅན་གྱིས་ནི་ཟ་མ་ཁམ་བུ་གང་ཡང་ཟོས་མེད་པ་གྲོགས་མོ་དེས་གང་ན་ཤེས། ནུབ་མ་གསུམ་པའི་ནངས་སྔ་སྔ་མོ། དབྱངས་ཅན་གྱི་གྲོགས་མོ་དེ་ལས་ཐུན་དུ་འགྲོ་གྲབས་བྱེད་སྐབས། དབྱངས་ཅན་ནེམ་ཁྲིའི་སྟེང་ནས་ས་རུ་ལྷུང་འདུག་ལ། དེའི་སྐབས་སུ་ནི་མོ་ལ་དབུགས་ཡོད་པ་ཙམ་ལས། མིག་ཀྱང་ཡག་པོ་ཞིག་ཕྱེ་ཐུབ་ཀྱིན་མི་འདུག་ཟེར།

    དེ་ནས་གྲོགས་མོ་དེས་ལམ་སང་སྨན་ཁང་དུ་ཁྲིད་ནས་ཕྱིན་འདུག་ལ། དེའི་སྐབས་སུ་དབྱངས་ཅན་གྱི་དགའ་རོགས་མགོ་ཁྲིད་དེ་ལའང་ཁ་པར་བརྒྱབ་ནས་སྨན་ཁང་དུ་སླེབས་འདུག། དབྱངས་ཅན་གྱིས་མིག་ཕྱེ་ཐུབ་པའི་སྐབས་སུ། མོ་རང་སྨན་ཁང་གི་ནད་ཁྲི་ཞིག་གི་སྟེང་དུ་ཉལ་འདུག་ལ། ཐོག་མའི་སྐབས་སུ་མོ་རང་གི་ཆུང་གྲོགས་བུ་མོ་དང་དགའ་རོགས་མགོ་ཁྲིད་གཉིས་པོ་ཉེ་འཁོར་དུ་ལངས་འདུག་རུང་། སྐབས་ཤིག་ནས་དགའ་རོགས་ཀྱིས་ཆུང་གྲོགས་བུ་མོ་དེ་ལ་ཤབ་ཤུབ་ཀྱི་སྐད་ཆ་ཞིག་བཤད་པ་དང་སྒོ་རུ་བུད་སོང་ཟེར།

    དེ་ནས་མོའི་ཆུང་དུས་ཀྱི་རྩེད་རོགས་བུ་མོ་དེ་མོའི་རྣ་རྩར་བཅར་ནས། དབྱངས་ཅན་ལགས། ཁྱེད་སད་སོང་ངམ། ད་ཧ་ཅང་ཡག་པོ་རེད། ཁྱེད་སད་སོང་བས་ང་དགའ་སྤྲོ་ཆེན་པོ་བྱུང་སོང་། ཡིན་ནའང་། དབྱངས་ཅན་ལགས། ང་ལ་བཤད་རྒྱུ་ཞིག་ཡོད། སྨན་པས་བཤད་ན། ཁྱེད་ཀྱི་ཁོག་པའི་ནང་དུ་སྦྲུམ་བུ་འཁོར་འདུག་ལ། ཁྱེད་ཀྱི་དགའ་རོགས་ཀྱིས་བཤད་ན། ཕྲུ་གུ་དེ་མེད་པ་མ་བཟོས་ན། ཁོ་རང་གི་ལས་དོན་ལ་གནོད་ཅིང་། ཁྱེད་ཀྱི་མདུན་ལམ་ལའང་མི་བཟང་བས། ངེས་པར་དུ་མེད་པ་བྱ་དགོས་ཟེར། ངས་ཀྱང་བལྟས་ན་མི་ངན་འདི་འདྲ་ཞིག་གི་ཕྲུ་གུ་ཞིག་ཡོད་པ་ལས་མེད་ན་དགའ་རྒྱུ་རེད་སྙམ་ཞེས་བཤད་བྱུང་ཟེར།

   

དབྱངས་ཅན་ལ་མཚོན་ན། ཁོག་པའི་ནང་གི་བུའང་མི་དབང་བར་མེད་པ་བྱེད་དགོས་ཟེར་བ་འདི་ནི་སྔར་གྱི་སྡུག་བསྔལ་ཡོད་ཚད་མཉམ་གཅིག་ཏུ་མགོ་ཐོག་ཏུ་ལྷུང་བ་ལས་ཀྱང་སྡུག་པོ་ཡོད་པས། ཡང་བསྐྱར། མགོ་བོ་ན་བ་དང་། སྐྱུག་མེར་ཅིག་བྱུང་བ་དང་མཉམ་དུ་དྲན་མེད་དུ་བརྒྱལ་སོང་འདུག་ཟེར། དེ་ལྟར་གཉིད་མ་སད་ཀྱིས་ཡང་བསྐྱར་ཕྱིར་སོས་དུས། ཕྱིར་ཉིན་གྱི་ཞོགས་པ་ནམ་གསལ་ལ་མི་གསལ་བའི་དུས་ཚོད་ཙམ་རེད་འདུག་ཅིང་། མོས་ནད་ཁྲིའི་སྟེང་ནས་མགོ་བཀྱག་དུས། མོའི་དགའ་རོགས་མགོ་ཁྲིད་དེ་ཟུར་གྱི་ཉལ་ཁྲི་གཞན་པ་ཞིག་གི་སྟེང་གཉིད་འདུག་ལ། སྔས་ཟུར་དུ་ཁོང་གི་རླངས་འཁོར་གྱི་ལྡེ་མིག་དེའང་བཞག་འདུག་ཟེར། ལམ་སང་སྨན་ཁང་ནས་ཕྱིར་ཐོན་ཅིང་། མགོ་ཁྲིད་ཀྱི་རླངས་འཁོར་བསྐོར་ནས་རྫོང་མཐའི་ལམ་ཆེན་ཕྱོགས་སུ་བང་གིས་བརྒྱུགས་སོང་བ་ཡིན་ཟེར། མ་གཞི་དབྱངས་ཅན་གྱིས་རླངས་འཁོར་དེ་ཙམ་ཡག་པོ་ཞིག་བསྐོར་ཤེས་ཀྱིན་མེད་ལ། དུས་རྒྱུན་རླངས་འཁོར་བསྐོར་ན་ཤིན་ཏུ་དལ་མོ་བྱས་ནས་འགྲོ་བཞིན་ཡོད་རུང་། དེའི་ཉིན་ནི་སྐར་ཆ་གཅིག་ཡིན་རུང་། འདི་འདྲའི་མི་ངན་རེའི་ཉེ་འཁོར་དང་། འདི་འདྲའི་སྤྱི་ཚོགས་ཤིག་གི་ཁོར་ཡུག་ཏུ་འདུག་འདོད་མེད་པ་ཞིག་ཏུ་གྱུར་བས། སྣུམ་སྒོ་ཡོངས་སུ་ཕྱེ་ཤིང་། བང་ཁ་ཡོངས་སུ་ཀློད་དེ་བརྒྱུགས་པ་ཡིན་ཟེར།

    རྗེས་ནས་དབྱངས་ཅན་གྱི་ཆུང་གྲོགས་དང་ཁྱིམ་མི་ཚོས་དབྱངས་ཅན་མཐོང་བའི་སྐབས་སུ། མོ་ནི་རྫོང་དེ་དང་རྫོང་གཞན་ཞིག་གི་བར་མཚམས་ཀྱི་གད་ཁ་ཞིག་ནས་ལྷུང་ཞིང་། རླངས་འཁོར་གྱི་སྣ་གདོང་ཡོངས་རྫོགས་ཆུའི་ནང་དུ་ནུབ་ཚར་འདུག་ལ། མོའི་ཁ་ནང་དང་རྣ་བའི་ནང་། མིག་གི་ནང་། ད་དུང་ཁ་འོག་སོགས་ཚང་མ་རུ་ཁྲག་རྡོལ་ནས་འདུག་ཀྱང་། སྐྱོབས་ཐག་བརྒྱབས་ཡོད་པས་མོ་རང་གི་ཚེ་སྲོག་ཤོར་མི་འདུག་རུང་། ཁོག་པའི་ནང་གི་ཟླ་ངོ་གཅིག་ལས་ཕྱིན་མེད་པའི་ཕྲུ་གུ་ཆུང་ཆུང་དེ་དེ་ལྟར་མེད་པར་ཆགས་སོང་ཟེར།

    སྤྱིར་སྨན་ཁང་ནས་དབྱངས་ཅན་གྱི་ཨ་མས་མོ་ལ་ནད་གཡོག་བཟང་པོ་བྱས་པས། དུས་ཡུན་གཟའ་འཁོར་གཉིས་ཙམ་ལ་སྡོད་བཅོས་བྱ་བའི་ནང་དུ། ལུས་ཁམས་ཉིན་རེ་ནས་ཉིན་རེས་ཇེ་དྭངས་ཡིན་རུང་། སེམས་ཁམས་ནི་སྔར་ལས་ལྡབ་འགྱུར་གྱིས་ཇེ་སྡུག་ནས་ཇེ་སྡུག་ཏུ་ཕྱིན་ལ། ཟ་མ་ཟ་སྐབས་དང་སྤྱོད་ཁང་དུ་འགྲོ་སྐབས་སྐད་ཆ་ཚིག་གཅིག་གཉིས་རེ་ཐོན་པ་ཙམ་ལས། གཞན་ཚིག་ཁ་ཚང་གཅིག་ཀྱང་བཤད་ཀྱིན་མི་འདུག་ལ། མི་དེའི་རྣམ་རིག་དང་གཏམ་སྤྱོད་གང་གི་ཐད་ནས་བལྟས་རུང་། སྔར་གྱི་ལྷ་མོ་དབྱངས་ཅན་མ་ཞེས་གཅེས་མིང་དུ་འབོད་སའི་མི་དེ་གཏན་ནས་མིན་པ་འདྲ་བོར་གྱུར་འདུག་ལ། ཉིན་རྟག་པར་ཅ་དངོས་རྣོན་པོ་དང་སེན་མོ་སོགས་ཡོད་ཚད་ཀྱིས། རང་གི་ཁ་ངོ་དང་ལག་སྐེ་སོགས་ལ་འབྲད་ཅིང་། རང་སྲོག་གཅོད་ཨེ་ཐུབ་ལྟ་བཞིན་འདུག དེའི་རྐྱེན་གྱིས་ཁྱིམ་མི་དག་གིས་ཆེད་དུ་སྤོས་ལྡན་ལ་ཁྲིད་ཡོང་བ་ཞིག་རེད་ལ། ང་ཚོ་ནི་རྫོང་སྒོ་གཅིག་གིས་ཡིན་པ་མ་ཟད། སྔོན་ཆད་སློབ་གྲྭའང་གཅིག་ནས་ཡིན་པས། སྤོས་ལྡན་དུ་སླེབས་དུས། ཁོང་ཚོས་དང་ཐོག་ང་ཡོད་སར་ཁྲིད་ནས་སླེབས་བྱུང་ལ། ངས་རོགས་རམ་བྱས་ནས་ཧྭ་ཞིས་སྐབས་བཅོས་ཁང་གཉིས་པའི་ཉེ་འཁོར་གྱི་སེམས་ཁམས་སྨན་པའི་དྲུང་དུ་ཕྱིན་ཅིང་དེ་ནས་བརྟག་བཅོས་བྱ་བའི་མགོ་བརྩམས་པ་ཡིན།

    དྲང་མོར་བཤད་ན། བརྟག་བཅོས་བྱེད་པ་ནི་དེ་འདྲའི་ཉོག་དྲ་ཅན་ཞིག་ཅི་ཡང་མ་རེད། ཁོང་ཚོས་འདྲི་རྨེད་ཀྱི་འདྲི་བྱང་ཞིག་སྐོང་དུ་བཅུག་སོང་ལ། དེའི་ཁར་ཁྲག་དང་གཅིན་པའི་རྒྱུན་བཤེར་ཞིག་དང་། མཆིན་པ་དང་མཁལ་མའི་བྱེད་ནུས་བརྟག་བཤེར་ཞིག ད་དུང་ཁྲག་ཤེད་དང་། སྙིང་གི་གློག་རླབས། ཀླད་པའི་གློག་རླབས་ཞེས་པ་ཡིན་ནམ་སྙམ་པའི་བརྟག་བཤེར་ཞིག་ཀྱང་བྱས་སོང་ལ། བརྟག་བཤེར་དེ་དག་གི་མཇུག་འབྲས་སླེབས་པ་ནས་དོགས་འཚེར་གྱི་ནད་ཚབས་ཆེན་ཅན་དུ་སླེབས་ཡོད་པར་བཤད་ལ། དེ་ནས་དགོང་མོ་གཉིད་ཁུག་པར་ཕན་པའི་སྨན་དང་། སེམས་ཁམས་ཀྱི་སྨན་བཅས་རིགས་གཉིས་སྤྲད་བྱུང་ལ། ད་དུང་གཟའ་འཁོར་རེར་བསྟུད་མར་ཐེངས་གཅིག་རེ་བྱས་པའི་ཕལ་ཆེར་ཟླ་གཉིས་ཙམ་གྱི་རིང་ལ་ཁོང་ཚོའི་སྨན་ཁང་དུ་སེམས་ཁམས་ཁྲིད་སྟོན་བྱེད་དུ་ཡོང་དགོས་ཚུལ་བཤད་པ་དང་། དེ་ནས་སྨན་བཅོས་བྱས་ཤིང་ཟླ་གཅིག་ཙམ་སོང་བའི་རྗེས་སུ། སྨན་བཅོས་བྱེད་པའི་ཞོར་ནས་ནད་པ་ཉམ་ཐག་ལ་རོགས་རམ་བྱ་བའི་རང་འདུན་པའི་ལས་ཀ་བསྒྲུབ་ན་བཟང་བར་བཤད་པས། མོ་རང་ང་ཚོའི་ལས་ཟུར་རང་འདུན་པར་གྱུར་བ་ཡིན་ལ། ངས་ནམ་ཡང་ནད་པ་གཞན་པ་ཚོར་དང་ཐོག་བློ་འདྲི་བྱས་ཤིང་། ཁོང་ཚོས་འཐད་པ་བྱུང་བ་ནས་བཟུང་། དབྱངས་ཅན་ལ་སེམས་གསོ་དང་རོགས་རམ། སྨན་ཁྲིད་བཅས་བྱ་རུ་བཅུག་པ་ཡིན།

   ཡིན་ནའང་། དབྱངས་ཅན་ལ་མཚོན་ན། སྡུག་བསྔལ་གཞན་ཞིག་ཡོད་པ་ནི། སྔར་ཅི་འདྲའི་དོན་རྐྱེན་མང་པོ་བྱུང་རུང་། ནམ་ཡང་ཐོག་མཐའ་བར་གསུམ་དུ་བུ་མོའི་རྩ་ནས་ཀ་ལངས་ལངས་བྱེད་མཁན་གྱི་མ་རྒན་གྱིས་ཀྱང་། ཆོས་ལྡན་བོད་ཀྱི་མི་ཞིག་ཡིན་པ་ནས་བཟུང་། ཆོས་དད་ཡོད་པས་དོགས་འཚེར་གྱི་ནད་ཅིག་བྱུང་དགོས་དོན་མེད་རུང་། ཁྱེད་ལ་ནི་ཆོས་དད་ཡག་པོ་ཞིག་མེད་པས་འདི་འདྲའི་ནད་ངན་ཅིག་བྱུང་སོང་བ་ཡིན་ཚོད་འདུག་ཅེས་ལེ་བདའ་དང་སྡུག་ཡུས་རྒྱུན་མི་འཆད་པར་འདོན་བཞིན་འདུག་ཟེར།

དེའི་སྐོར་ནས་ང་ཚོས་ཆེད་དུ་ཧྭ་ཞིས་ཀྱི་སྨན་པར་འདྲི་རྨེད་བྱས་ཚེ། དོགས་འཚེར་ནད་ཅེས་པ་དེ་ཆེས་རྒྱུན་ལྡན་གྱི་ནད་ཅིག་རེད། དེང་སང་འཛམ་བུ་གླིང་ལ་ཁྱབ་ཀྱིན་ཡོད་པ་རེད། དེ་བོད་པ་ཡིན་མིན་དང་འབྲེལ་བ་མེད་ལ། ཆོས་དད་ཡོད་མེད་དང་འབྲེལ་བ་མེད། དེང་སང་འཚོ་བའི་འགྲོས་ཇེ་མྱུར་དུ་གྱུར་བ་དང་། ལས་དོན་གྱི་གནོན་ཤུགས་ཆེ་བ། གཟའ་ཚང་གི་བརྩེ་སྐྱོང་ཆུང་བ་སོགས་རྒྱུ་རྐྱེན་མང་པོ་ཞིག་གིས། མིའི་ལུས་ཀྱི་རིམས་ཁེགས་ནུས་པ་ཇེ་ཞན་དུ་སོང་བ་དང་བསྟུན། བག་ལ་ཞ་བའི་འབྲུམ་ཐོར་ནད་དུག་རིགས་དྲུག་པ་སོགས་ཀྱིས་དབང་རྩར་སྐྱོན་ཕོག་པ་ཞིག་ཡིན་པས། དེང་སང་ནད་པ་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་ཡོད་རུང་། སྔ་མོ་ནས་ལུས་ཁམས་ལ་ནད་གཞི་ཐེབས་སུ་མི་འཇུག སེམས་ཁམས་ལ་ཁུར་བོ་ལྗིད་དུ་མི་འཇུག ཅི་ནུས་གང་ནུས་ཀྱིས་ལུས་རྩལ་རྒྱུན་འཁྱོངས་དང་། བདེ་ཐང་ཅན་གྱི་སྤྱི་ཚོགས་འབྲེལ་བ་སྒྲིག་འཛུགས་བྱས་ནས། གྲོགས་པོ་བཟང་པོར་སེམས་གཏམ་བཤད་པ་ལས། ནམ་ཡང་རྣམ་ཤེས་འཁྱམས་པོ་ལྟར་ཁེར་རྐྱང་དུ་སྡོད་པ་དང་ཁོག་པའི་ནང་གི་སྡུག་ཡུས་ཕྱི་རུ་མ་ཕུད་ན། ནད་དེ་སུ་ཡིན་རུང་འབྱུང་སྲིད། ཅེས་གསུངས་སོང་བས། ད་ལྟ་ནི་མོ་རང་གི་མ་རྒན་ཡང་སེམས་བདེ་མོར་གྱུར་ཡོད་ལ། སྐབས་རེ་ང་ཚོའི་རང་འདུན་པའི་ལས་ཀ་ལ་རྒྱུས་ལོན་ཅུང་ཟད་རེ་བྱུང་བ་དང་། མོ་རང་གི་བུ་མོའི་གཏམ་སྤྱོད་ཀུན་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་མཐོང་རྗེས། ཨ་ཧ་བོ། ད་ང་རང་ལོ་ལོན་སོང་བ་རེད་མ་གཏོགས། ང་ད་དུང་ལོ་ཆུང་ཙམ་ཡིན་ན། ངས་ཀྱང་ལས་ཀ་གཞན་པ་ཚང་མ་དོར་ནས་ཁྱེད་ཚོའི་ཞབས་ཞུ་ལྟེ་གནས་ནས་ནད་པ་ཉམ་ཐག་ཚོར་རོགས་རམ་བྱ་ངེས། འདི་ནི་ཅི་འདྲའི་རིན་ཐང་ཅན་གྱི་བྱ་བ་ཞིག་རེད་ཨང་ཞེས་ཤོད་ཀྱིན་འདུག

   བཤད་ནས་མཚམས་འདིར་སླེབས་སྐབས་ངས་གོང་དུ་དོགས་འཚེར་གྱི་ནད་རྟགས་དག་གསལ་བོར་ཞུས་མེད་པ་དང་། ནད་དེ་ལའང་སྨན་བཅོས་བྱ་རྒྱུ་ཡོད་མེད་སྐོར་ཞུ་རྒྱུ་བརྗེད་སོང་བ་འདྲ་སྟེ། དོགས་འཚེར་གྱི་ནད་ཅེས་པ་དེའི་ནད་རྟགས་ཆེས་མངོན་ལ་དོད་པོ་ནི་དེའི་མིང་གི་ནང་དུ་བསྟན་པ་ལྟར་དོགས་པ་དང་འཚེར་སྣང་གཉིས་ཡིན་ཏེ། མི་ཚེ་ཡི་སྙིང་བོ་མི་རྙེད་པའི་དོགས་པ་དང་། གཞན་གྱིས་བཟང་པོ་མི་བྱེད་སྙམ་པའི་དོགས་པ། ལས་ཀ་ལ་གྲུབ་འབྲས་མི་འདུག་སྙམ་པའི་དོགས་པ་སོགས་དང་། དེ་བཞིན་གཉིད་མི་ཁུག་པ་དང་། ཡི་ག་མེད་པ། ལུས་ཁམས་ལ་ཟུག་གཟེར་བྱུང་བ་སོགས་ཀྱིས་སྐྲག་པ་དང་འགྱོད་པ། སྐྱོ་བ། བག་འཁུམས་པ་སོགས་ཀྱི་ནད་རྟགས་བྱུང་བ་དེ་ཡིན།

   སྤྱིར་གནས་སྐབས་ཙམ་ལ་དེ་འདྲའི་སེམས་ཁམས་དང་ལུས་ཁམས་ཀྱི་འགྱུར་བ་ཡོད་ན། དེ་ནི་དོགས་འཚེར་གྱི་སེམས་ཁམས་བྱུང་བ་ཞེས་བཤད་པ་ལས། དོགས་འཚེར་གྱི་ནད་བྱུང་བར་ངོས་འཛིན་གྱིན་མེད་རུང་། གལ་ཏེ། བསྟུད་མར་གཟའ་འཁོར་གཉིས་ཙམ་མམ། ཐེངས་མང་པོར་འདི་འདྲའི་སེམས་ཁམས་དང་ལུས་ཁམས་ཀྱི་འགྱུར་བ་བྱུང་ན། དོགས་འཚེར་གྱི་ནད་ཡོད་པ་ཡིན་སྲིད་པས། སྔ་ཙམ་ནས་བརྟག་བཅོས་བྱ་དགོས། གལ་ཏེ། བརྟག་བཅོས་ཚད་ལྡན་ཡོང་བ་དང་། རང་ཉིད་ཀྱིས་ཀྱང་ཟས་སྤྱོད་དང་སེམས་ཁམས་སོགས་ནས་འགྱུར་བ་གཏོང་ཐུབ་ཅིང་། འགྱུར་བ་དེ་རྒྱུན་སྐྱོང་ཐུབ་ན། དོགས་འཚེར་ལ་སྨན་བཅོས་བྱ་རྒྱུ་ཡོད་ལ། སངས་བཅོས་ཀྱང་བྱ་ཐུབ་ཀྱིན་ཡོད་པ་ཤེས་དགོས་སོ། །

藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章