མི་སྐྱོབ་པ་གཙོ་བོར་འཛིན་དགོས་སམ་ཆོས་སྐྱོབ་པ་གཙོ་བོར་འཛིན་དགོས།
དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ།
ཆོས་པ་སྟེ། མི་སྐྱོབ་པ་གཙོ་བོར་འཛིན་དགོས་སམ། ཆོས་སྐྱོབ་པ་གཙོ་བོར་འཛིན་དགོས་ཞེ་ན། རང་འདུན་པ་ཞིག་ཡིན་ནས་བཟུང་། མི་སྐྱོབ་པ་གཙོ་བོར་འཛིན་དགོས་པར་འདོད་བཞིན་ཡོད་ལ། མི་སྐྱོབ་པའི་ཆེད་དུ་རབ་བྱུང་བའི་ཁོར་ཡུག་ནས་གློ་གཅོང་གི་ནད་ཡམས་སྔོན་འགོག་བྱེད་ཐབས་དང་། དཀར་ཟས་དཀར་རྐྱང་གི་གཟབ་བྱའི་སྐོར་དང་། ཇོ་མོའི་ལུས་ཀྱི་སྐུལ་རྩིའི་ཆུ་ཚད་སྙོམ་སྒྲིག་གི་སྐོར་སོགས་ཅི་བཞིན་དུ་དྲིལ་སྒྲོག་བྱ་དགོས་པར་འདོད་བཞིན་ཡོད་དེ།
༡ གློ་གཅོང་གི་ཚབས་ཆེན་རང་བཞིན་དང་། སྔ་འགོག་དང་སྔ་བརྟག སྔ་བཅོས་བཅས་བྱ་དགོས་པའི་སྐོར་དང་། སྨན་བཅོས་བྱེད་སྐབས་ཀྱང་སྨན་པའི་ངག་བཞིན་དུ་སྨན་བཅོས་མ་བྱས་ན། སྨན་དྲེད་དུ་འགྱུར་བའི་ཉེན་ཁ་ཡོད་པ་དང་། དེའི་སྐབས་སུ་ནི་སྨན་དྲེད་རང་བཞིན་གྱི་གློ་གཅོང་ཁྱབ་མཆེད་བྱེད་ཉེན་ཡོད་ལ། གལ་ཏེ། སློབ་གྲྭ་འམ་དགོན་པ་གང་རུང་ཞིག་གི་ནང་དུ་སྨན་དྲེད་རང་བཞིན་གྱི་གློ་གཅོང་ནད་པ་མང་པོ་ཞིག་དུས་གཅིག་ཏུ་བྱུང་ན་སློབ་གྲྭ་དེའམ་དགོན་པ་དེའི་སྒོ་རྒྱག་པའི་ཉེན་ཁའང་ཡོད་པའི་སྐོར་སོགས་ཅི་བཞིན་དུ་བཤད་ཅིང་དྲིལ་སྒྲོག་བྱ་དགོས།
༢ སྤྱིར་ཟས་རིགས་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཕུན་སུམ་ཚོགས་པོའི་ཟས་རིགས་ཉོ་ཐུབ་པའི་ཁོར་ཡུག་ཅིག་ནས་དཀར་ཟས་དཀར་རྐྱང་རོལ་ན་ཅི་ཡང་སྐྱོན་མེད་ལ། སྐྱོན་མེད་པས་མ་ཚད། ལུས་སེམས་བདེ་ཐང་གི་ཐད་ནས་དགེ་མཚན་མང་པོ་ཞིག་ཡོད་པ་ཚན་རིག་པས་བསྒྲུབ་ཚར་བ་ཞིག་ཡིན་རུང་། ཟས་རིགས་སྣ་གཅིག་གམ་སྣ་ཉུང་ཡིན་པའི་ཁོར་ཡུག་ནས་ཡུན་རིང་ལ་དཀར་ཟས་རོལ་ན། ནམ་རྒྱུན་འཚོ་རྩི་དང་འཚོ་བཅུད། འབྱུང་རྒྱུ་ཕྲ་མོ་སོགས་ཀྱིས་འདང་བཞིན་ཡོད་མེད་བརྟག་རྒྱུ་གལ་ཆེ་ལ། ལྷག་པར་དུ་སྨན་པ་སོགས་ཀྱིས་འཚོ་རྩི་ཁ་པའི་སྡེ་ཡི་༦པ་དང་༡༢པ་དང་། ཨོ་མེ་ག་༣པ་སོགས་ཀྱིས་ཁ་གསབ་བྱ་དགོས་པར་བཤད་ན། དུས་ཐོག་ཏུ་ཁ་གསབ་བྱ་དགོས་ཤིང་། རྣམ་གསུམ་དག་པའི་ཤ་སོགས་ཟ་སྐབས་ཀྱང་ཡག་པོ་མ་བཙོས་པར་ཟོས་ན། ཐུམ་འབུ་སོགས་ནད་སྲིན་གྱིས་འཚེ་ཉེན་དེ་ལས་ཆེན་པོ་ཡོད་པའི་སྐོར་ཡང་ཅི་བཞིན་དུ་སྒྲོག་དགོས།
༣ དེ་བཞིན་དུ་ཇོ་མོ་དང་སློབ་མ་བུད་མེད་སོགས་ཡུན་རིང་ལ་སྡོམ་པ་བཀག་དགོས་པའི་ཁོར་ཡུག་ནས་བུད་མེད་ཁག་ཅིག་ལ་ལུས་ཀྱི་སྐུལ་རྩིའི་ཆུ་ཚད་སྙོམ་སྒྲིག་མ་ཡོང་བའི་རྐྱེན་གྱིས་བསྐྱེད་པའི་སེམས་ཁམས་མི་བདེ་བ་དང་། བརྒྱལ་གཟེར་བྱུང་བ་དང་། མོ་ནད་འདྲ་ལ་མོ་ནད་ཀྱང་མ་ཡིན་པའི་ནད་རྟགས་འབྱུང་བའང་རྒྱུན་ལྡན་ཡིན་པས། དེ་དག་ལ་སྔ་མོ་ནས་བརྟག་བཤེར་ནན་མོ་བྱ་དགོས་ལ། དགོས་གལ་བྱུང་ན། སྦྲུམ་རྩི་སོགས་སྐུལ་རྩི་ཡིས་སྨན་བཅོས་བྱ་དགོས་པ་ཡོད་ན། ངེས་པར་དུས་ཐོག་ཏུ་སྨན་བཅོས་བྱ་དགོས་པར་འདོད་བཞིན་ཡོད།
མདོར་ན། ད་ལྟའི་ཁོ་བོ་ཤེས་ཚོད་ལྟར་ན། གོང་གི་གནད་དོན་གསུམ་པོ་དེ་སྔ་བརྟག་སྔ་བཅོས་བྱས་ན། བཅོས་རྒྱུ་མེད་པ་གཅིག་ཀྱང་མི་འདུག་ལ། སྔ་མོ་ནས་དོ་སྣང་མ་བྱས་ན་ནི། ནམ་ཞིག་ཆོས་སྐྱོབ་བམ་ཆོས་པ་སྐྱོབ། ཆོས་པ་སྐྱོབ་བམ་དགོན་པ་སྐྱོབ་ཅེས་སེམས་ཁུར་ཞིག་མི་བྱེད་ཐབས་མེད་དུ་མི་འགྱུར་བའི་ངེས་པའང་མེད་པར་འདོད་བཞིན་ཡོད་དོ།།
ཞེས་རང་འདུན་པ་ཆོས་དཔལ་བཟང་པོས།
2025ལོའི་ཟླ་1པོའི་ཚེས་10ཉིན།