༄༅༎བསྟན་སྲུང་ཆེན་པོའི་བཤགས་པ་མངའ་གསོལ་བཞུགས་སོ།

文摘   其他   2024-12-01 09:03   云南  

༄༅༎བསྟན་སྲུང་ཆེན་པོའི་བཤགས་པ་མངའ་གསོལ་ཕྲིན་བཅོལ་འདོད་འབྱུང་དཔག་བསམ་ལྗོན་པ་བཞུགས།

 ༄༅།།ལྷ་མཆོག་སྒྲ་བླའི་རྒྱལ་བོ་ལ་ཕྱག་འཚལ་ལོ། །བྲག་བཙན་བསྒྲུབ་པའི་གཤེན་པོ་ཡི། །གནས་དབེན་པར་ཚོགས་དང་བསྐང་རྫས་ཡོ་བྱད་ཚང་པར་བསགས་ནས། གནོང་འགྱོད་དྲེགས་པའི་སེམས་ཀྱིས་བཤགས་པ་འདི་ལྟར་གྱེར།  བསྭོ་བྱིན་རླབས་གཏེར་མཛོད་རྩ་བརྒྱུད་བླ་མ་དང་། །ཕྱི་ནང་གསང་བ་ཡང་གསང་ཞི་ཁྲིའི་ལྷ། །གནས་གསུམ་མཁའ་འགྲོ་གཏེར་བསྲུང་བཀའ་སྐྱོང་བཅས། །བརྩེ་དུང་དམ་ཚིག་དབང་གི་དགོངས་སུ་གསོལ། །བདག་གི་སྒོ་གསུམ་འཁྲུལ་པའི་དབང་གྱུར་ནས། །བཀའ་དྲིན་གསུམ་ལྡན་དཔོན་གསས་བླ་མ་ལ། །རྣམ་འདྲེན་རྒྱལ་བ་དངོས་སུ་མ་མཐོང་པར། །གསང་གསུམ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །བླ་མ་ཡི་དམ་དབྱེར་མེད་སྤྱན་སྔ་རུ། །ཐེག་པ་དགུ་དང་བྱེ་བྲག་གསང་སྔགས་ཀྱི། །རྩ་བ་ཡན་ལག་དམ་ཚིག་བགྲང་ཡས་དང་། །འགལ་འདས་ཉམས་རལ་གྱུར་བ་མཐོལ་ལོ་བཤགས། །རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་ལྷག་པའི་ལྷ། །བསྟན་སྲུང་བྲག་བཙན་ཆེན་པོ་འཁོར་དང་བཅས། །མཁྱེན་བརྩེ་ཡེ་ཤེས་གཟིགས་པ་མ་གཡོར་བར། །ཁྱུད་འཁོར་སྙན་གྱིས་བདག་ལ་གསན་དུ་གསོལ། །རྒྱུད་ལྡན་བླ་མའི་བཀའ་ཡི་འོ་སྐོལ་གཉིས། །ཐ་ཚིག་གཅིག་ཏུ་དབང་བསྐུར་དམ་ཚིགས་བསྲེ། །སྒོ་གསུམ་འབྲལ་མེད་བརྟེན་པར་དམ་བཅས་ནས། །དམ་ཚིག་ཚུལ་བཞིན་མ་སྲུངས་མཐོལ་ལོ་བཤགས། །ཚེ་འདིའི་བདེ་སྐྱིད་ཁོ་ན་དོན་གཉེར་ནས། །ཕྱི་ནང་གསང་བའི་དམ་རྫས་མ་ཚང་བར། །འདོད་པའི་དབང་གྱུར་ཐུགས་དམ་གནད་ནས་བསྐུལ། །མ་དག་ལས་སྦྱོར་བགྱིས་པ་མཐོལ་ལོ་བཤགས། །ཕྱག་རྒྱ་བཟླས་བརྗོད་ཏིང་འཛིན་མ་གསལ་ཞིང་། །བསྙེན་བསྒྲུབ་དཀའ་སྤྱད་ཁུར་དུ་མ་ཁྱེར་བར། །གཡེང་བའི་དབང་གྱུར་ལྟར་སྣང་ཙམ་བསྒྲུབ་ནས། །དོན་མེད་ཡུས་བརྡུང་ཡིད་ཆད་མཐོལ་ལོ་བཤགས། །ལྷ་ཁྱེད་སྔོན་གྱི་དམ་ཚིག་རྗེས་དགོང་ནས། །འཕྲིན་ལས་དཔག་བསམ་ཤིང་དང་ནོར་བུ་ལྟར། །གསོལ་བཏབ་རེ་བ་ཡིད་བཞིན་སྐོང་ཤེས་ཀྱང་། །ཆོག་མ་ཤེས་པའི་སྐུར་བཏབ་མཐོལ་ལོ་བཤགས། །དོན་གཉིས་བསྒྲུབ་པའི་མཐུན་རྐྱེན་བྱེད་པོ་རུ། །རྩེ་གཅིག་གདུགས་པའི་བསྙེན་བསྒྲུབ་ལྷུར་བླངས་ནས། །མཆོག་ཐུན་དངོས་གྲུབ་ཐོབ་པའི་རྟགས་མཐོང་ཚེ། །མ་གསང་ཁྱབ་བདལ་བསྒྲགས་པ་མཐོལ་ལོ་བཤགས། །ཕྱི་རྟེན་དམོད་དང་ནང་རྟེན་གསང་རྟེན་རྣམས། །གཞན་གྱི་མཐོང་རེག་སྲོག་སྔགས་གཏམ་དང་བསྲེ། །སྲིན་བྱའི་ཚང་བཤིག་བཙན་བྲག་དམར་པོའི་རྩར། །ཐབ་ཤོར་མི་གཙང་དོར་བ་མཐོལ་ལོ་བཤགས། །ལོ་ཟླ་དུས་ཀྱི་གསོལ་མཆོད་ཚད་ལས་འདས། །ལས་གྲུབ་གཏང་རེག་ཚུལ་བཞིན་མ་ཐེང་དང་། །དམ་ཉམས་ཟས་སྤྱོད་གོས་གྱོན་ཁ་ལག་འགྲེས། །ཕུད་ཉམས་ལྷག་མའི་ཉམས་གྲིབ་མཐོལ་ལོ་བཤགས། །མདོར་ན་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །ཕྱི་ནང་གསང་བའི་དམ་ཚིག་ཉམས་པ་གང་། །མི་འཆབ་གནོད་འགྱོད་ཞུམ་པའི་སེམས་དང་བཅས། །ལྟ་སྒོམ་སྤྱོད་འབྲས་དམ་ཚིག་ལྔ་ཡི་བཤགས། །ཀུན་རྟག་འཁྲུལ་པའི་དབང་གྱུར་ཉམས་ཆག་རྣམས། །གཞན་དབང་བསྐྱེད་རྫོགས་ཟབ་མོའི་ཡོངས་སྦྱངས་ནས། །ཡོངས་གྲུབ་འཁོར་འདས་མཉམ་སྦྱོར་ལྟ་བ་ཡིས། །དམིགས་མེད་སྤྲོས་བྲལ་ཆེན་པོའི་ཀློང་དུ་བཤགས། དེ་ལྟར་གནོད་འགྱོད་དྲེགས་པོའི་བཤགས་བྱས་ནས། །ཐུགས་དང་འགལ་པའི་ཉམས་གྲིབ་སོར་ཆུད་ནས། །དགྱེས་པའི་འཛུམ་ཞལ་དུང་དང་ཀུན་ཏ་ལྟར། །སྟོན་ལ་ཚངས་པའི་མཆོག་ཆེན་སྩལ་དུ་གསོལ། །ཞེས་གནོང་འགྱོད་དྲག་པོའི་སྒོ་ནས་བརྗོད་དེ་བཤགས་པ་བྱའོ། །དེ་ནས་མངའ་གསོལ་ཏེ། བསྭོ་བདེར་གཤེགས་ཀུན་གྱི་ཐུགས་རྗེས་རང་གཟུགས་གར། །སྲིད་གསུམ་དྲེགས་པའི་རྗེས་པོར་ཡོང་ཤར་པའི། །རྒྱལ་གཤེན་བཀའ་ཡི་སྲུང་མ་མཐུ་བོ་ཆེ། །ལྷ་མཆོག་སྒྲ་བླའི་རྒྱལ་བོ་འཁོར་བཅས་གསོན། །ལྷ་ཁྱོད་སྔོན་ཚེ་རྣམ་མཁྱེན་གཤེན་རབ་དང་། །གསང་འདུས་སྟག་ལྷའི་སྤྱན་སྔར་སྲོག་སྙིང་ཕུད། །བཀའ་རྟགས་འགྱུར་མེད་གཡུང་དྲུང་སྤྱི་བོར་བཀོད། །དྲེགས་པོའི་རྗེས་བོར་དབང་བསྐུར་མཐུ་སྟོབས་བྱིན། །བར་གྱི་བསྐལ་པ་སྟོང་རྒྱུང་དྲན་པ་དང་། །གཉན་ཆེན་ཀླུ་དགའ་བྲུ་ཞུ་སྤ་རྨེའུ་ལ། །རང་གཟུགས་གསལ་བསྟན་གསང་པའི་དམ་ཚིག་ཕུད། །རྒྱལ་བསྟན་སྲུང་བའི་གཙོ་བོར་དབང་བསྐུར་རོ། །ལྔ་བདོའི་ཐ་མར་འགྲོ་མགོན་ཆེན་པོ་དང་། །སྐྱབས་གནས་ཀུན་དངོས་རྩ་རྒྱུད་བླ་མ་ལ། །བསྟན་འགྲོའི་བདེ་སྐྱིད་སྤེལ་པར་ཁས་བླངས་ནས། །ཐུན་མོང་མིན་པའི་སྲུང་མར་མངའ་གསོལ་ལོ། །དེ་བཞིན་དེང་འདིར་རྒྱུད་འཛིན་སྒྲུབ་གཤེན་ངེས། །སྙིང་ནས་རྩེ་གཅིག་བསྙེན་ཞིང་གསོལ་འདེབས་ན། །མཆོག་ཐུན་དངོས་གྲུབ་མ་ལུས་ཀུན་སྩོལ་པའི། །རྩ་རྒྱུད་བླ་མའི་ངོ་བོར་མངའ་གསོལ་ལོ། །འབྱུང་དུག་ཕུང་པོ་ཁམས་དང་སྐྱེས་མཆེད་རྣམས། །ལྷར་སྣང་ཕྱག་རྒྱ་ཆེན་པོར་གནས་བསྒྱུར་ནས། །ངར་འཛིན་ཨ་འཐས་འཁྲུལ་བ་གཏན་བཅོམ་པའི། །ཡི་དམ་ལྷ་ཚོགས་ངོ་བོར་མངའ་གསོལ་ལོ། །སྤྲོས་བྲལ་ཁྱབ་བདལ་ཆེན་པོའི་ཡེ་ཤེས་དབྱིངས། །བདེ་སྟོང་དགའ་བཞིའི་ལམ་དང་ཡོངས་འབྲེལ་ནས། །རིག་སྟོང་རྗེན་པའི་རང་ངོར་མྱུར་མཇལ་པའི། །གནས་གསུམ་མཁའ་འགྲོའི་ངོ་བོར་མངའ་གསོལ་ལོ། །རྒྱལ་བའི་སྤྱན་སྔར་ཐ་ཚིག་དམ་མནོས་ནས། །བསྟན་པ་སྲུང་ཞིང་བསྟན་འཛིན་སྐྱོངས་པ་ཡི། །ཕྱི་དང་ནང་དང་གསང་བ་ཡང་གསང་གི །བསྟན་སྲུང་ཀུན་འདུས་ངོ་བོར་མངའ་གསོལ་ལོ། །ཕྱི་ནང་གསང་རྟེན་དམ་རྫས་ཀུན་བསགས་ནས། །བསྙེན་སྒྲུབ་མཆོད་དོ་འཕྲིན་ལས་ཉམས་བླང་ནས། །དྲན་པ་ཙམ་གྱི་གང་འདོད་རེ་བ་རྣམས། །མྱུར་སྐོང་དབང་གི་རྒྱལ་བོར་མངའ་གསོལ་ལོ། །རྒྱལ་བའི་བཀའ་བཞིན་ཐར་བ་དོན་གཉེར་ནས། །དབེན་པར་དོན་གཉིས་བསྒྲུབ་ལ་གཞོལ་བའི་ཚེ། །གཟུགས་ཅན་གཟུགས་མེད་འགལ་རྐྱེན་སྦྱོར་བྱེད་པའི། །བདུད་སྡེ་ཕྱེ་མར་འཐགས་པར་མངའ་གསོལ་ལོ། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རིང་དུ་འཚོ། །ཐུགས་བསྐྱེད་མཐའ་རྒྱས་ཞབས་པད་གཡུང་དྲུང་ཁྲིར། །རབ་བཀོད་ཁྲིམས་ལྡན་གྲྭ་སློབ་ཡོངས་འཕེལ་བའི། །བྱེད་པོ་གཅིག་པུར་སྙིང་ནས་མངའ་གསོལ་ལོ། །མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་པར། །འདུ་འབྲལ་མེད་པར་སྙིང་ནས་དམ་བཅས་ནས། །དུས་ཀུན་གཡེལ་མེད་བརྩེ་བའི་དགོངས་མཛོད་ལ། །ལུས་དང་གྲིབ་མར་འགྲོགས་ཤིག་ལྷག་པའི་ལྷ། །བདག་ཅག་དམ་ལྡན་བསྒྲུབ་པའི་གཤེན་བོན་ལ། །བསྒྲུབ་བསྒྲུབ་བརྟེན་པའི་སྲུང་མ་ཁྱོད་མིན་པ། །རེ་ས་གཞན་ན་མེད་པ་འདི་དགོངས་ལ། །གང་བཅོལ་འཕྲིན་ལས་མ་གཡེལ་ས་མ་ཡ། 

དེ་ནས་འཕྲིན་ལས་བཅོལ་སྟེ། བསྭོ་མཁྱེན་བརྩེ་མངའ་བདག་སྐྱོང་ཆེན་གསང་གསུམ་ཁམས།  །སྣང་སྲིད་དྲེགས་པའི་རལ་བའི་ཅོད་པན་རྩེར། ། ནོར་བུའི་རྒྱན་དུ་འཕོས་པ་ལྷག་པའི་ལྷ། །འཁོར་འདས་དབང་བསྒྱུར་ཆེན་པོ་བདག་ལ་དགོངས། །སྐྱེས་དགུའི་འདྲེན་མཆོག་རྣམ་འདྲེན་ཀུན་གྱི་དངོས། །བྱིན་རླབས་གཏེར་མཛོད་རྩ་རྒྱུད་བླ་མའི་བཀའ། །དབང་བསྐུར་དམ་བསྲེས་གཡུང་དྲུང་རྒྱ་ཡི་བཏབ། །ཚེ་རབས་འབྲལ་མེད་གྲོགས་པོར་བཀའ་བསྒོས་བཞིན། །གསང་བའི་བསྒྲུབ་ཁང་དབེན་པའི་གནས་མཆོག་ཏུ། །དམ་རྫས་བསྒྲུབ་རྟེན་བླ་རྡོ་སྲོག་འཁོར་བསགས། །འགྱུར་མེད་ཏིང་འཛིན་ལྕགས་ཀྱུའི་ཐུགས་དམ་བསྐུལ། །གསང་བའི་སྲོག་སྔགས་ཆུ་བོའི་རྒྱུན་བཞིན་བཟླས། །ལུས་སྲོག་འབེན་བཙུགས་དཀའ་བ་དང་བླངས་ནས།  །མཆོད་དོ་གདུང་བའི་དབྱངས་ཀྱི་ཁྱོད་འབོད་ན། །མ་གཡེལ་མ་གཡེལ་དགོངས་ཤིག་བྲག་བཙན་རྗེ། །འཕྲིན་ལས་སྒྲུབ་ཤིག་བསྟན་སྲུང་རྒྱ་མཚོའི་སྡེ། །སྤྱིར་ན་ལྔ་བདོའི་འགྲོ་ཀུན་མི་དགེ་སྤྱོད། །ཕན་བདེའི་དཔལ་ལྟར་རྒྱལ་བསྟན་དབུ་འཕང་དམའ། །མི་འདོད་ཉེས་ཚོགས་སྤྲིན་བཞིན་འཁྲུག་དུས་འདིར། །བདག་གི་བསྟན་འགྲོའི་དོན་དུ་ཁྱོད་བརྟེན་ན། །གང་གི་མཐུ་སྟོབས་ཡོངས་འདུས་ཆུ་འཛིན་ལྟོར། །རྣམ་བཞིའི་འཕྲིན་ལས་གྲུབ་ཆར་དལ་འབེབས་པས། །འགྲོ་རྒྱུད་དུག་གསུམ་ཐ་རྒོད་ཡོངས་བརླན་ནས། །དགེ་བཅུའི་ལོ་འབྲས་སྨིན་པའི་སྒོ་འཕར་ཕྱེས། །བྱེ་བྲག་གཤེན་བསྟན་ཉི་མ་ནུབ་ཏུ་ཕྱོགས། །རྒྱུད་འཛིན་མཁས་གྲུབ་གཤེན་བོན་ཉིན་སྐར་འདྲ། །བསྟན་ལ་གུས་ལྡན་མངའ་ཐང་འབྱོར་བ་དམན། །གཤེན་བསྟན་དབུ་འཕང་དམའ་བ་འདིར་དགོངས་ལ། །མཁས་བཙུན་བཟང་གསུམ་ཕུན་ཚོགས་ཚོགས་ཀྱི་དབུས། །ལུང་རྟོགས་བསྟན་པའི་རྒྱལ་མཚནམཚན་སྙན་ཅན། །བཤད་སྒྲུབ་ཡུ་བའི་ས་གསུམ་གསུམ་ཕྲགབསྐྱེད། །ནམ་ཡང་ནུབ་པའི་གོ་སྐབསསྐབས་མེད་མཛོད།  །ཞིང་འདིར་བཞུགས་པའི་དཔོན་གསས་བླ་མ་རྣམས། །རྣམ་དཀར་མཛད་བཟང་སྐུ་ཚེ་གོང་འཕེལ་ཞིང་། །འཕོ་འགྱུར་མེད་པར་གཡུང་དྲུང་ཁྲི་འཕང་རྩེར། །ཕན་བདེའི་རྩ་ལག་གཅིག་ཏུ་ཞབས་བརྟན་མཛོད། །གང་གི་གསང་གསུམ་བྱིན་རླབས་ས་བོན་རྒྱུན། །རྣམ་གསུམ་དད་ལྡན་ཞིང་སར་འཐོར་བ་ལས། །དོན་གཉིས་སྙེ་མའི་བཅུད་ཀྱི་ལེགས་བསྡམ་པའི། །སྐལ་ལྡན་སློབ་བུའི་འབྲས་བུ་གཡུར་ཟ་མཛོད། །མཁས་རློམ་གཞན་སྡེའི་ཕྱོགས་ཞེན་ཀུན་སློང་ཆུ། །བསྟན་ལ་མ་དད་ཕྱིར་ཕྱོགས་འབབ་པ་རྣམས། །འཕྲིན་ལས་རིག་བྱེད་ཟོ་ཆུན་འཁྲུལ་འཁོར་གྱིས། །ལེགས་བསྒྱུར་བསྟན་པའི་ཞིང་སར་འགྲིམ་པར་མཛོད། །ཟབ་བརླིང་དཔག་ཡས་གསུང་རབ་རྒྱ་མཚོ་ཆེར། །ཐོས་བསམ་བསྒོམ་པའི་གྲུར་ཞུགས་བརྩོན་འགྲུས་དར། ། ལེགས་སྨོན་འདོད་པའི་རླུང་གི་བསྐྱོད་པའི་བུ།  །སྐུ་གསུམ་ནོར་བུའི་གླིང་དུ་ཁྱོད་ཀྱི་སྦྱོར། །རྒྱ་ཆེན་བྱང་ཆུབ་སེམས་ཀྱི་རྒྱུད་བསྡམ་ནས། །དབེན་པར་དོན་གཉིས་བསྒྲུབ་པ་ལྷུར་ལེན་ཞིང་། །རིམ་གཉིས་ལ་གཞོལ་རིག་འཛིན་སྒྲུབ་གཤེན་རྣམས། །ཚེ་གཅིག་མཁའ་སྤྱོད་བསྒྲོད་པའི་ཐེམ་སྐས་ཚུག །ཡངས་པའི་རྒྱལ་ཁམས་ཁྱོན་ལ་དབང་བསྒྱུར་ཞིང་།  །བསྟན་དང་འགྲོ་ལ་ཕན་པའི་ལྷག་བསམ་ཅན། །རྒྱལ་བློན་འབངས་བཅས་མངའ་ཐང་རབ་རྒྱས་ཤིང་། །བདེ་སྐྱིད་དཔལ་ལ་རིང་དུ་སྤྱོད་པར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་བསྒྲུབ་པ་པོའི། །བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་ཀུན་སོལ་ལ། །མཐུན་རྐྱེན་ཀུན་སྦྱོར་རེ་བའི་ཤིང་རྟའི་ཁུར། །འདོད་དོན་ནོར་བུའི་ཡོངས་སུ་གང་བར་མཛོད། །སྔོན་བསགས་བསོད་ནམས་དུས་སྨིན་རྟེན་འབྲེལ་ལས། །མེ་ཏོག་ཕོག་པའི་བགོ་སྐལ་ལས་ཐོབ་པའི། །རེ་ལྟར་ཡུལ་གྱུར་སྐྱབས་མགོན་བླ་མ་རྗེ། །སྐུ་ཚེ་ཞབས་པད་བརྟན་པའི་འཕྲིན་ལས་མཛོད།  །དལ་འབྱོར་འཛིན་མར་ལྷག་བསམ་སྡོང་བོ་རྒྱས། །བསླབ་གསུམ་འདབ་མར་རིམ་གཉིས་ཟེའི་འབྲུ་སྨིན། །ཉམས་དང་རྟོགས་པའི་དྲི་བསུང་ལེགས་འཐུལ་པའི། །རྟེན་འབྲེལ་སྒོ་འཕར་དབྱེ་བ་ཁྱོད་ཀྱི་མཛོད། །མཐུ་བྱིན་ནུས་པའི་ཐུགས་རྗེ་གདུགས་དཀར་པོ། །རྣམ་མང་འགྲོ་ལ་ཕན་བདེའི་བསིལ་གྲིབ་ཅན། །ནམ་ཡང་མི་འགྱུར་གསེར་གྱི་ཡུ་བ་ཡི། །འདེགས་ཏེ་སྐྱེས་དགུའི་གཙུག་ན་འཁོར་པར་མཛོད།  །ཅི་མཛད་ལེགས་པའི་ལམ་བཟང་གཡས་ཕྱོགས་སུ། །འཁྱིལ་བའི་གྲགས་པ་དོན་ལྡན་བཀྲ་ཤིས་དུང་། །སྙན་འགྱུར་སྟོང་ལྡན་ཁམས་སུ་ལུས་ཅན་གྱི། །རྣ་བའི་ཨུད་དཔལ་དགོད་པ་ཁྱོད་ཀྱི་བུས། །བསྙེན་བསྒྲུབ་གསོལ་མཆོད་རྟ་བདུན་གྱིས་དྲངས་པའི། །དགྱེས་པའི་ཞལ་བཟང་མཁའ་ནོར་འོད་སྟོང་གི །མི་འདོད་ཉེས་ཚོགས་སྡུག་པའི་ཐུན་གསུམ་རྨག །བཅོམ་དང་ཆབས་ཅིག་དགའ་བདེའི་འོད་སྣང་སྤོར། །སྔོན་བསགས་བསོད་ནམས་ཆུ་གཏེར་ཕུང་བོ་འབུམ། །དལ་འབྱོར་གཞུང་བུར་ལེགས་པར་འཁྱིལ་པ་ལ། །ཚེ་བསོད་མངའ་ཐང་ནོར་བུའི་ཡོངས་སུ་གཏམས། །སྟོབས་འབྱོར་རླབས་ཕྲེང་ཕྱོགས་བརྒྱར་འཕྱོ་བར་མཛོད། །བླ་མ་དགེ་འདུན་འདུས་སྡེ་རྒྱལ་བློན་སྲས། །བཙུན་མོ་འབངས་དང་སྐྱེས་པ་ཕོ་མོ་སོགས། །རང་དབང་བརྟན་པ་ཀུན་ཁྲོལ་བདེ་སྐྱོང་གི །རྩ་འཁོར་དཀྲུག་སྟེ་བསྟན་ལ་གུས་པར་མཛོད། །གསེར་དངུལ་མུ་ཏིག་གཡུ་བྱུར་རིན་ཆེན་རིགས། །དར་ཟབ་གོས་ཕྲུག་འབྲུ་སྨན་ལོངས་སྤྱོད་རྫས། །གནག་རྟ་མཛོ་དྲེལ་འབྲི་ལུག་རྐང་འགྲོས་སོགས། །ཕྱྭ་གཡང་རྒྱ་མཚོར་འཁྱིལ་པ་ཁྱོད་ལ་རེགས། །སྟོབས་འབྱོར་མངའ་ཐང་དྲེགས་པའི་གོ་གྱོན་ཞིང་། །བོན་གཤེན་ཡོངས་ལ་སྡང་སེམས་མཚོན་ཆའི་ཆར། །སྒོ་གསུམ་ངན་སྦྱོར་ལ་ཞུགས་འབེབ་པའི་དགྲ། །གློ་སྙིང་སྲོག་རྩ་གློ་བུར་ཐང་ལ་བྱུང་། །ཐེག་དམན་སྒོར་ཞུགས་ཞི་བདེ་གཉེར་བ་དང་། །འདོད་པའི་དབང་སོགས་ཚེ་འདི་ཁོ་ནའི་ཆེད། །ཐུགས་དམ་བསྐུལ་ཞིང་འདོད་ཡོན་བཅོལ་བའི་ཚེ། །གང་འདོད་རེ་བ་ཡིད་བཞིན་སྐོང་བྱེད་ན། །བདག་ནི་སྔོན་བྱོན་རྒྱལ་བའི་རྗེས་སུ་ཞུགས། །བླ་མ་བདེར་གཤེགས་བཀའ་ལུང་དཔང་བཞགས་ནས། །བསྟན་འགྲོའི་དོན་ལས་བསམ་བྱ་གཞན་མེད་ན། །དོན་འབྲས་མྱུར་བར་སྩོལ་ཞིག་བསྟན་སྲུང་ཆེ། །མདོར་ན་སྐུ་གསུམ་གོ་འཕང་མ་ཐོབ་པར། །ལུས་དང་སྲོག་ལ་བབས་ཀྱང་ཁྱོད་བརྟེན་ན། །རེ་བ་སྐོང་ཞིག་ལྷག་པའི་ལྷ་ཆེན་པོ། །འདོད་ཡོན་བསྒྲུབ་ཤིག་དགོས་འདོད་འབྱུང་བའི་གཏེར། །མཐུན་རྐྱེན་བསྒྲུབ་པའི་བྱེད་པོ་ཁྱོད་མིན་པ། །རེ་ས་གཞན་ན་མེད་པ་འདི་དགོངས་ལ། །ལྷག་པའི་ལྷ་རུ་བཟང་པའི་དགོས་པ་བསྒྲུབས། །བསྙེན་བསྒྲུབ་མཆོད་བསྟོད་བགྱིས་པའི་དོན་འབྲས་སྩོལ། །དགྱེས་པའི་ཞལ་བཟང་སྟོན་ཀའི་ཟླ་ལྟར་སྟོན། །སྙན་པའི་གསུང་གི་དབུགས་བྱུང་གྲགས་པ་སྒྲོགས། །བརྩེ་བའི་ཐུགས་ཀྱི་མ་དོར་རྒྱུན་དུ་འགྲོགས། །ཡོན་ཏན་ནོར་བུ་དགོས་འདོད་ཆར་ལྟར་ཕོབས། །འཕྲིན་ལས་གང་འདོད་རེ་བ་སྐོང་བར་མཛོད། །ཉིན་མཚན་ཀུན་ཏུ་སྲུངས་ཤིང་སྐྱོང་བ་དང་། །སྡོངས་དང་གྲོགས་དང་མགོན་དང་དཔུང་གཉེན་ཀུན། །ཁྱེད་ལ་རེ་འོ་མ་གཡེལ་གསང་བའི་གྲོགས། །གཉེར་ཁ་དང་དུ་ལོངས་ཞིག་ཐ་ཚིག་ཅན། །བདག་ཀྱང་གསང་བའི་དམ་ཚིག་མི་འདོར་བར། །དུས་དང་རྣམ་པ་ཀུན་ཏུ་ཁྱེད་གསོལ་གྱིས། །ཁྱོད་ཀྱང་ཡལ་ཡོལ་བཏང་སྙོམས་མ་མཛད་པར། །འཕྲིན་ལས་ཐོགས་མེད་བསྒྲུབ་ཤིག་ས་མ་ཡ། །ཞེས་འདོད་པའི་དོན་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ན་ལས་ཀྱི་གཉེར་ཁ་བཅོལ་བའི་བྲག་བཙན་ཆེན་པོ་འཁོར་བཅས་ཀྱི་དགྱེས་པའི་ཉམས་དང་བཅས་ནས་བསྒྲུབས་པར་ཞལ་གྱི་བཞེས་པར་བསམ། །ཅེས་པའི་བཤགས་པ་མངའ་གསོལ་ཕྲིན་བཅོལ་དང་བཅས་པ་འདོད་འབྱུང་དཔག་བསམ་ལྗོན་པར་གྲགས་པ་འདི་ནི་ལས་བྱང་ཁ་སྐོང་དུ་ཞྭ་དཀར་བསྟན་པའི་རྗེས་འཇུག་གྱི་ན་བ་རྩེ་དབུས་ཆོས་རྗེས་སུ་འབོད་པའི་རང་འདོད་གཙོ་བོར་སྨྲས་སྟེ་སྦྱར་བ་འདིས་ཀྱང་འདོད་ཡོན་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག  དགེའོ། །བཀྲ་ཤིས་སོ། །བྲག་བཙན་ཆེན་པོའི་སྡོངས་གྲོགས་གཡེལ་མེད་མཛོད།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章