བོན་གྱི་སྙིང་པོ་རྣམ་གསུམ། 苯教三大真言

文摘   2024-11-22 09:01   青海  

བོན་གྱི་སྙིང་པོ་རྣམ་གསུམ། 

   苯教三大真言 (音频)



         ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། 

 阿嗡吽阿阿嘎萨雷哦阿永嗡德

      ཨ་བོན་སྐུའི་སྙིང་པོ་དང༌། ཨཱོྃ་རྫོགས་སྐུའི་སྙིང་པོ། ཧཱུྃ་སྤྲུལ་སྐུའི་སྙིང་པོ་སྟེ་སྔགས་ཀྱི་དབུ་འདྲེན་དུ་བྱུང་བའོ། །ཨཱ་རིང་ནི་ངོ་བོ་གཡོ་མེད་གནས་ལུགས་གཞི་ཡི་སྙིང་པོ་དང༌། ཨ་ཐུང་ནི་རང་བཞིན་སྐྱེ་མེད་གཞི་རྩལ་དོན་གྱི་སྙིང་པོ། དཀར་ནི་དབྱིངས་ཀ་དག་དྲི་བྲལ་དང་ཡེ་ཤེས་བག་ཆགས་སྐྱོན་བྲལ་ཏེ་དབྱིངས་ཤེས་དབྱེར་མེད་ཀྱི་སྙིང་པོ། སལེ་ཤེས་རབ་ཁྱད་པར་ཅན་ལ་མཚན་མ་གཉིས་འཛིན་བྲལ་བའི་སྙིང་པོ། འོད་ནི་རྣམ་རྟོག་གི་དྲི་མ་ཐམས་ཅད་མི་རྟོག་པའི་ཡེ་ཤེས་ཀྱི་ངང་དུ་རང་སར་གྲོལ་བའི་སྙིང་པོ། ཨ་ནི་སྡུད་ཡུལ་དབྱིངས་ཀྱི་ངོ་བོ་སྟེ་མཐའ་བྲལ་སྟོང་ཉིད་ཀྱི་སྙིང་པོ། ཡང་ནི་སྡུད་བྱེད་ཡེ་ཤེས་ཀྱི་རླུང་སྟེ་རྟོགས་པ་མཐར་ཐུག་གི་སྙིང་པོ། ཨཱོྃ་ནི་སྤངས་རྟོགས་ཕུན་ཚོགས་ཀྱི་སྐུ་ལྔ་དང་ཡེ་ཤེས་ལྔ་ཡི་སྙིང་པོ། འདུ་ནི་བོན་ཐམས་ཅད་ཀྱི་གནས་ལུགས་ཐིག་ལེ་ཉག་གཅིག་གི་དོན།ཨཱ་ཨ་ཨ་གསུམ་ནི་གནས་ལུགས་ཀྱི་དོན་སྟོན་པས་གནས་པ་གཞིའི་ཡི་གེ་གསུམ། དཀར་སལེ་འོད་གསུམ་ནི་རྟོགས་པའི་ཉམས་ལེན་སྟོན་པས་རྟོགས་པ་ལམ་གྱི་ཡི་གེ་གསུམ། ཡང་ཨཱོྃ་འདུ་གསུམ་ནི་མཐར་ཐུག་དོན་གྱི་ངོ་བོ་སྟོན་པས་མཐར་ཕྱིན་འབྲས་བུའི་ཡི་གེ་གསུམ་བཅས་སོ། །




           ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།

      嗡玛智牟也萨列德

      ཨཱོྃ་ནི་ཐབས་ཀྱི་ཆ་ནས་རྒྱལ་བ་སྟོན་པའི་ས་བོན་སྐུ་ལྔ་ཡེ་ཤེས་ལྔ་ཡི་དོན་ཚང་སྟེ། ཨ་ནི་བོན་སྐུ་དང་སྟོང་ཉིད་ཡེ་ཤེས། ན་རོ་རྫོགས་སྐུ་དང་མེ་ལོང་ཡེ་ཤེས། ཟླ་ཚེས་སྤྲུལ་སྐུ་དང་སོར་རྟོགས་ཡེ་ཤེས། མ་ཐིག་ངོ་བོ་ཉིད་སྐུ་དང་མཉམ་ཉིད་ཡེ་ཤེས། འ་ཆུང་མངོན་པར་བྱང་ཆུབ་ཀྱི་སྐུ་དང་བྱ་གྲུབ་ཡེ་ཤེས། མ་ནི་ཤེས་རབ་ཀྱི་ཆ་ནས་ཡུམ་ཆེན་ཐུགས་རྗེ་བྱམས་མའི་ས་བོན། ཏྲི་ནི་དམྱལ་བའི་འདུལ་གཤེན་མུ་ཆོ་ལྡེམ་དྲུག་གི་ས་བོན། མུ་ནི་ཡི་དྭགས་འདུལ་གཤེན་གསང་བ་ངང་རིང་གི་ས་བོན། ཡེ་ནི་བྱོལ་སོང་གི་འདུལ་གཤེན་ཏི་སངས་རང་ཞིའི་ས་བོན། ས་ནི་མིའི་འདུལ་གཤེན་གྲ་བྱིན་དོན་སྤུངས་ཀྱི་ས་བོན། ལེ་ནི་ལྷ་མིན་གྱི་འདུལ་གཤེན་ལྕེ་རྒྱལ་པར་ཏིའི་ས་བོན། འདུ་ནི་ལྷ་ཡི་འདུལ་གཤེན་ཏེ་གཤེན་གཙུག་ཕུད་ཀྱི་ས་བོན་བཅས་སོ། །




 ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཱཧཱ།

阿嘎尔阿咩德智色呐波协协玛玛嗦哈

      ཨ་དཀར་ཨ་རྨད་བཞི་ནི་སྦྱོང་བྱེད་བདེར་གཤེགས་གཙོ་བཞིའི་སྙིང་པོ་སྟེ། ཨ་ནི་དབྱིངས་ཀྱི་ཡུམ་ཆེན་ས་ཏྲིག་ཨེར་སངས་ཀྱི་སྙིང་པོ། དཀར་ནི་ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་སྙིང་པོ། ཨ་ནི་ཐབས་ཀྱི་མཆོག་སྲིད་པ་སངས་པོ་འབུམ་ཁྲིའི་སྙིང་པོ། རྨད་ནི་ཤེས་རབ་ཀྱི་ཕུལ་སྟོན་པ་གཤེན་རབ་མི་བོའི་སྙིང་པོ་བཅས་དང༌། དུ་ཏྲི་སུ་དང་ནག་པོ་བཞི་ནི་སྦྱང་བྱ་རིགས་དྲུག་གི་ས་བོན་ཏེ། དུ་ནི་དམྱལ་བ་སྡེ་བཞིའི་ས་བོན། ཏྲི་ནི་ཡི་དྭགས་སྡེ་གསུམ་གྱི་ས་བོན། སུ་ནི་བྱོལ་སོང་སྡེ་གསུམ་གྱི་ས་བོན། ནག་པོ་ནི་མཐོ་རིས་གསུམ་གྱི་ས་བོན་ཏེ། མི་རིགས་བཅུ་གཉིས་དང་ལྷ་མིན་སོ་གསུམ་ལྷ་རིགས་ཉེར་བདུན་བཅས་ཀྱི་ས་བོན་ནོ། ། ཞི་ཞི་མལ་མལ་བཞི་སྦྱངས་པའི་ཡོན་ཏན་གྱི་ཡིག་འབྲུ་བཞི་སྟེ། ལས་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པའི་དོན། སྭཱཧཱ་ནི་ནད་གདོན་བར་ཆོད་དང་དགྲ་བགེགས་ལོག་རྟོག་འཇོམས་པའི་སྙིང་པོ་སྟེ་སྦྱང་སྦྱོང་བྱེད་དབྱེར་མེད་ཀྱི་ཡི་གེ་མཐར་རྒྱན་དུ་བཞག་པའོ། །


苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章