རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་གཞུང་བཞུགས།
༄༅། །འགྲོ་ལ་ཕན་མཛད་ཐུགས་རྗེའི་གཏེར། །ཕུལ་ཕྱིན་ཡོན་ཏན་རྫོགས་པའི་སྐུ། །ཀུན་གསལ་མཁྱེན་པའི་སྤྱན་མངའ་བ། །ཡང་དག་སྟོན་ལ་ཕྱག་འཚལ་ནས། །རང་དང་གཞན་ལ་ཕན་སླད་དུ། །མཁས་རྣམས་བཀའ་ལ་རབ་བརྟེན་ནས། །མ་རྟོགས་བློ་ཡི་མུན་སེལ་བ། །རྣམ་འབྱེད་གསལ་བའི་སྒྲོན་མེ་བཤད། །ལུང་རིག་སྨྲ་བའི་སེང་སྐད་ཅན། །མཁས་རྣམས་བསྐུལ་བར་མི་འོས་མོད། །ཤེས་འདོད་ལེགས་པའི་དོན་གཉེར་བ། །དད་མོས་བློ་ཡིས་འདིར་གསན་མཛོད། ཡུལ་ནི་བློས་ཡུལ་བྱ་རུང་ལ། །གཟུང་དང་ཞེན་དང་འཇུག་ཡུལ་གསུམ། །འཛིན་པ་ལ་ནི་སྣང་རུང་བ། །གཟུང་ཡུལ་ཉིད་ཡིན་དེ་ལའང་གསུམ། །རང་མཚན་དོན་སྤྱི་མེད་སྣང་ངོ༌། །རང་མཚན་ཐུན་མོང་མ་ཡིན་པའི། །རྣམ་པ་སྣང་རུང་སྣང་ཚུལ་དང༌། །མཐུན་པར་དོན་བྱེད་ནུས་པའོ། །བེམ་རིག་སྒོ་ནས་རྣམ་པ་གཉིས། །མང་པོའི་ག༽ཐུན་མོང་རྣམ་པ་སྣང་རུང་བ། །དོན་སྤྱི་ཉིད་ཡིན་དེ་ལ་གཉིས། །རང་མཚན་ཡོད་དང་མེད་པའོ། །འཛིན་པ་འཁྲུལ་ལ་གསལ་བར་སྣང༌། །མེད་པ་གསལ་སྣང་དབང་ཤེས་དང༌། །ཡིད་ཤེས་བསླད་ལ་གསལ་སྣང་གཉིས། །རྟོག་པས་ཞེན་རུང་ཞེན་ཡུལ་ལོ། །དངོས་དང་དངོས་མེད་སྒོ་ནས་གཉིས། །ཚད་མས་རྟོགས་བྱ་འཇུག་ཡུལ་ཡིན། །མངོན་དང་ལྐོག་ཏུ་གྱུར་པ་གཉིས། །མངོན་དང་རྗེས་དཔག་ཚད་མ་ཡིས། །རྟོགས་པར་བྱ་བ་དེ་གཉིས་ཡིན། །བརྗོད་བྱ་དང་ནི་རྗོད་བྱེད་ནི། །བརྡ་ལས་གོ་བྱ་གོ་བྱེད་ཡིན། །རྗོད་བྱེད་མིང་ཚིག་ཡི་གེ་གསུམ། །མིང་ལ་དངོས་བཏགས་རྣམ་པ་གཉིས། །དངོས་ལ་རྣམ་གཉིས་མིང་རིགས་སྒྲ། །བཏགས་པ་འདྲ་འབྲེལ་སྒོ་ནས་གཉིས། །འབྲེལ་བ་རྒྱུ་འབྲས་ཚོགས་པ་དང༌། །ཡ་གྱལ་རྣམས་ཀྱི་ཁྱད་པར་བཞི། །རིགས་མི་མཐུན་ལས་ལོག་ཙམ་སྤྱི། །བྱེ་བྲག་མི་མཐུན་ལས་ལོག་ཅིང༌། །རིགས་མཐུན་ནང་ལས་ལོག་པ་ཡོད། །ཡ་གྱལ་དུ་མ་འདུས་པས་སྤྱི། །འཚོགས་པའི་ཁ་ཡར་ཡ་གྱལ་ཡིན། །གཞན་ངེས་ལྟོས་གཞིར་གྱུར་པར་བྱ།ག༽ གཞི། །རང་ངེས་གཞན་ལ་ལྟོས་པར་བྱེད། །རིགས་ཀྱི་སྤྱི་ལྡོག་བྱེ་བྲག་ལྡོག །བྱེ་བྲག་གྲུབ་པས་སྤྱི་ཡང་འགྲུབ། །གྲངས་ཀྱི་སྤྱི་ལྡོག་སྒོས་མི་ལྡོག །ཡ་གྱལ་ཁེགས་པས་སྤྱི་དག་ནི། །ཁེགས་དང་མི་ཁེགས་ཆ་གཉིས་སྲིད། །ཚོགས་པ་གྲུབ་ན་ཡ་གྱལ་གྲུབ། །ཡ་གྱལ་གྲུབ་ན་ཚོགས་པ་ནི། །གྲུབ་དང་མ་གྲུབ་ཆ་གཉིས་སྲིད། །བྱ་བྱེད་ག༽ གཞི་ཁྱད་གཉིས་ལ་ཅི་རིགས་ཡོད། །གཞི་མཐུན་མི་སྲིད་ཐ་དད་བོན། །འགལ་བ་ཉིད་ཡིན་དེ་ལ་གཉིས། །ལྷན་ཅིག་མི་གནས་ཕན་ཚུན་སྤང༌། །དེ་ཡིན་དེ་མིན་ཁྱད་པར་གྱིས། །གཞི་མཐུན་མི་སྲིད་ཐ་དད་བོན། །ཕན་ཚུན་སྤང་འགལ་དེ་ལ་གཉིས། །དངོས་འགལ་དང་ནི་རྒྱུད་འགལ་ལོ། །དངོས་སུ་གཞི་མཐུན་མི་སྲིད་པའི། །ཐ་དད་བོན་ནི་དངོས་འགལ་ཡིན། །རྒྱུད་ནས་གཞི་མཐུན་མི་སྲིད་པའི། །ཐ་དད་བོན་ནི་རྒྱུད་འགལ་ལོ། །དངོས་འགལ་དག་གི་ཁྱད་པར་ཏུ། །བྱས་དང་མ་བྱས་རྣམ་པ་གཉིས། །མ་བྱས་པ་ལ་རྣམ་པ་གཉིས། །གསལ་དང་མི་གསལ་སྒོ་ནས་གཉིས། །ནུས་པ་མི་མཐུན་ཁྱད་པར་གྱིས། །རྒྱུན་ནི་འགྲོགས་སུ་མི་རུང་བ། །གཞི་མཐུན་མི་སྲིད་ཐ་དད་བོན། །དེ་ནི་ལྷན་ཅིག་མི་གནས་འགལ། །བེམ་རིག་གཉིས་ཀྱི་ཁྱད་པར་གཉིས། །བེམ་པོ་མེ་ཆུ་ལྟ་བུ་ལ། །ཤེས་པ་ཚད་དང་སྒྲོ་འདོགས་བཞིན། །འགྲོ་ལྡོག་ངེས་པ་ཐ་དད་བོན། །འབྲེལ་བ་ཉིད་ཡིན་དེ་ལ་གཉིས། །བདག་གཅིག་པ་དང་དེ་བྱུང་འབྲེལ། །རང་བཞིན་གཅིག་པ་འགྲོ་ལྡོག་ངེས། །ཐ་དད་བོན་ནི་བདག་གཅིག་འབྲེལ། །དངོས་དང་དངོས་མེད་སྒོ་ནས་གཉིས། །འགྲོ་ལྡོག་ངེས་པ་རྫས་ཐ་དད། །དེ་བྱུང་འབྲེལ་ཡིན་དེ་ལ་གཉིས། །ཕན་འདོགས་བྱེད་པ་རྒྱུ་ཉིད་ལ། །དངོས་དང་རྒྱུད་པའི་སྒོ་ནས་གཉིས། །བེམ་རིག་གཉིས་ཀྱི་ཁྱད་པར་གྱིས། །དབྱེ་བ་གཉིས་གཉིས་རྣམ་པ་བཞི། །ཕན་གདགས་བྱ་ནི་འབྲས་བུ་ལ། །དེ་ལ་དངོས་རྒྱུད་རྣམ་པ་གཉིས། །བེམ་རིག་གཉིས་ཀྱི་ཁྱད་པར་གྱིས། །དབྱེ་བ་དེ་ཡང་རྣམ་པ་བཞི། །སྤྱི་འཆར་དེ་མིན་སྤྱི་འཆར་ལ། །ལྟོས་དང་མི་ལྟོས་དགག་སྒྲུབ་ཡིན། །སྟོང་ཉིད་བུམ་མེད་དངོས་མེད་སོགས། །སྒྲུབ་པ་བཀག་པ་དགག་པ་ཡིན། །བུམ་མེད་དངོས་མེད་བཀག་ལ་སོགས། །དགག་པ་བཀག་རྣམས་སྒྲུབ་པ་ཡིན། །གཅིག་པ་བཀག་དང་ངོ་བོ་གཅིག །ལྡོག་པ་ཐ་དད་ཅི་རིགས་ཡོད། །རྫས་ལ་བརྟེན་པའི་སྒྲུབ་པ་དེ། །རང་དང་རང་ལ་བརྟེན་པའི་བོན། །བཀག་དང་ངོ་བོ་མི་གཅིག་ལ། །བཞན་དང་གཞན་ལ་བརྟེན་པའི་བོན། །བཀག་དང་ངོ་བོ་གཅིག་པ་ཡོད། །ལྡོག་པར་བརྟེན་པའི་སྒྲུབ་པ་དེ། །རང་དང་རང་ལ་བརྟེན་པ་དང༌། །གཞན་དང་གཞན་ལ་བརྟེན་པའི་བོན། །བཀག་དང་ངོ་བོ་གཅིག་པ་སྲིད། །དགག་པ་རྣམ་གཉིས་མེད་མ་ཡིན། ། མ་ཡིན་སྒྲུབ་བཀག་སྒྲུབ་པ་འཕེན། །རྫས་དང་ལྡོག་པའི་སྒོ་ནས་གཉིས། །མེད་དགག་སྒྲུབ་བཀག་སྒྲུབ་མི་འཕེན། །བྱ་དང་ཡོད་པ་བཀག་པ་གཉིས། །ཡོད་དང་ཡིན་པའི་སྒྲུབ་པ་གཉིས། །ཐ་དད་ལྡན་དང་ངོ་བོ་གཅིག །རང་ལྡོག་ལ་བརྟེན་ཡོད་སྒྲུབ་གསུམ། །རྫས་ལྡོག་སྒོ་ནས་ཡིན་སྒྲུབ་གཉིས། །ངོ་བོར་སྐྱེས་པ་རྫས་ཡིན་ལ། །རང་མིན་ལོག་ཙམ་ལྡོག་པའོ། །གཅིག་དང་ཐ་དད་སྒོ་ནས་ནི། །དབྱེ་བ་གཉིས་གཉིས་རྣམ་པ་བཞི། །དེ་མ་ཡིན་དང་རྫས་གཅིག་ལ། །མི་འདུ་བ་དང་འདུ་བའི་བོན། །རྫས་དང་ལྡོག་པར་བརྟེན་པའོ། །རྟག་དང་མི་རྟག་མཚན་ཉིད་ཀྱི། །ཐ་སྙད་བྱ་རུང་མི་རུང་བཞིན། །རང་ལྡོག་ཚད་མས་ངེས་པ་དག །རང་གི་རྣམ་འཇོག་ངེས་པ་ལ། །ལྟོས་པ་དང་ནི་མི་ལྟོས་པ། །རྫས་ཡོད་དང་ནི་བཏགས་ཡོད་ཡིན། །དོན་ནི་རྫས་ཡོད་ཐ་སྙད་བཏགས། །རྟེན་དུ་རུང་དང་རང་སྐྱ་ཐུབ། །དོན་བྱེད་ནུས་དང་སྒྲུབ་པས་འགྲུབ། །ཡིད་ཀྱིས་དམིགས་པའི་རྫས་ཡོད་ལྔ༌། །མཚོན་བྱ་མིང་དང་ཆ་ཤས་དང༌། །མ་ཡིན་མིང་དང་སྒྲོ་བཏགས་དང༌། །སྐབས་ལ་བཏགས་པའི་བཏགས་ཡོད་ལྔ༌། །མཚན་ཉིད་རྫས་ཡོད་ཁྱད་གསུམ་ཚང། །མ་ཚང་བ་ནི་ལྟར་སྣང་ཡིན། །མ་གྲུབ་གཞན་འགྱུར་མི་སྲིད་གསུམ། །མཚན་ཉིད་དག་ཏུ་བཀོད་པ་ལ། །མཚན་ཉིད་མ་ཡིན་གཞན་མཚན་ཉིད། །མཚན་གཞིར་མ་དམིགས་རྣམ་གསུམ་ཡིན། །དེ་དང་གཞན་གྱི་སྒོ་ནས་ནི། །དེ་དང་གཞན་གྱི་ཁྱད་པར་གྱིས། །རང་ལྡོག་རྫས་མེད་བཞི་རུ་བཤད། །མ་ཁྱབ་ཁྱབ་ཆེས་ཁྱབ་མཉམ་པའི། །དོན་ལྡོག་གཞན་འགྱུར་དེ་ཡང་གསུམ། །འགལ་དང་ཐ་དད་མེད་པ་དང༌། །དོན་ལྡོག་གཞན་འགྱུར་ཐ་སྙད་གདགས། །གཞན་དུ་མ་གྱུར་མི་སྲིད་པའོ། །མཚོན་བྱ་བཏགས་ཡོད་ཁྱད་གསུམ་ཚང༌། །མ་ཚང་པ་ནི་ལྟར་སྣང་ཡིན། །མ་གྲུབ་གཞན་འགྱུར་མི་སྲིད་གསུམ། །མཚོན་བྱ་ཉིད་དུ་བཟུང་བ་ལ། །མཚོན་བྱ་མ་ཡིན་གཞན་མཚོན་བྱ། །མཚན་གཞིར་མ་དམིགས་རྣམ་གསུམ་ཡིན། །དེ་དང་གཞན་གྱི་སྒོ་ནས་ནི། །དེ་དང་གཞན་གྱི་ཁྱད་པར་གྱིས། །ཐ་སྙད་མ་གྲུབ་རྣམ་པ་བཞི། །མ་ཁྱབ་ཁྱབ་ཆེས་ཁྱབ་མཉམ་པའི། །ཐ་སྙད་གཞན་འགྱུར་དེ་ཡང་གསུམ། །འགལ་དང་ཐ་དད་མེད་པ་དང༌། །དོན་ལྡོག་དང་ནི་ཐ་སྙད་དག །གཞན་དུ་མ་གྱུར་མི་སྲིད་པའོ། །མཚན་མཚོན་སྐྱོན་མེད་ཟུང་གཅིག་གིས། །རྟེན་བྱེད་པ་ནི་མཚན་གཞི་ལ། །དེ་མིན་མཚན་གཞི་ལྟར་སྣང་ཡིན། །དངོས་པོ་ཡོད་མེད་ལ་སོགས་པའི། །དེའི་རྣམ་འབྱེད་ཤེས་པར་མཛོད། །རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་ལས། །ཡུལ་བསྟན་པའི་ལེའུ་སྟེ་དང་པོའོ།། །།
གསལ་ཞིང་རིག་པ་ཤེས་པ་སྟེ། །ཟུང་བཞི་ཡ་བརྒྱད་འདི་ཡིས་བཤད། །སེམས་དང་སེམས་འབྱུང་རྣམ་པ་གཉིས། །དེ་བཞིན་རྟོག་དང་རྟོག་བྲལ་དང༌། །སྣང་འཇུག་དང་ནི་སེལ་པས་འཇུག །ཚད་མིན་དང་ནི་ཚད་མའོ། །དོན་ཙམ་འཛིན་རིག་གཙོ་བོ་སེམས། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་དང་ཉོན་མོངས་ཡིད། །ཀུན་གཞི་རྣམ་པར་ཤེས་པའོ། །ཁྱད་པར་འཛིན་རིག་འཁོར་སེམས་འབྱུང༌། །ཚོར་བ་འདུ་ཤེས་སེམས་པ་དང༌། །རེག་པ་ཡིད་བྱེད་ཀུན་འགྲོ་ལྔ། །འདུན་པ་མོས་པ་དྲན་པ་དང༌། །འཛིན་པ་ཤེས་རབ་ཡུལ་ངེས་ལྔ། །གསོ་བ་མ་ཆགས་མི་ལེན་ཅིང༌། །བདེན་སྨྲ་ཀུན་དགའ་ངག་ཞི་དང༌། །ཚིག་འཇམ་ལྷ་སེམས་བྱམས་དང་བདེན། །མི་འདའ་དགེ་བ་བཅུ་གཅིག་གོ། །ཆགས་སྡང་གཏི་མུག་ང་རྒྱལ་དང༌། །ཕྲག་དོག་མ་རིག་རྩ་ཉོན་དྲུག། །ལྟ་བ་ཐེ་ཚོམ་ཁོང་ཁྲོ་དང༌། །འཁོན་འཛིན་འཆབ་པ་ཀུན་བརྟགས་དང༌། །སེར་སྣ་སྒྱུ་གཡོ་རྒྱགས་དང་འཚེ། །ཁྲེལ་མེད་ནོན་རྨིས་རྒོད་མ་དད། །ལེ་ལོ་བག་མེད་བརྗེད་ངེས་དང༌། །གཡེང་འཁྲུལ་ཉེ་ཉོན་ཉི་ཤུའོ། །འགྱོད་གཉིད་རྟོག་དཔྱོད་གཞན་འགྱུར་བཞི། །རྟོག་པ་འདྲེས་རུང་འཛིན་བློ་ཡིན། །ངོ་བོ་ངེས་དང་མ་ངེས་དང༌། །ཡུལ་ནི་རང་མཚན་ཡོད་དང་མེད། །བདག་རྐྱེན་དོན་དང་བརྡ་ལས་བྱུང༌། །མ་འཁྲུལ་དོན་དང་ཁྱད་པར་ལ། །འཁྲུལ་པ་སྔ་ཕྱི་མིང་དོན་དང༌། །སྣང་བཏགས་འདྲ་བ་གཅིག་ཏུ་བསྲེ། །ཡང་ན་དོན་མཐུན་མི་མཐུན་གཉིས། །གསལ་བར་འཛིན་བློ་རྟོག་མེད་ཡིན། །དེ་ལ་འཁྲུལ་དང་མ་འཁྲུལ་གཉིས། །ཕྱིན་ཅི་ལོག་ཏུ་གསལ་འཛིན་བློ། །རྟོག་མེད་འཁྲུལ་པ་དེ་ལ་གཉིས། །དབང་ཤེས་འཁྲུལ་དང་ཡིད་ཤེས་བསླད། །དོན་དང་མཐུན་པར་གསལ་འཛིན་བློ། །རྟོག་མེད་མ་འཁྲུལ་དེ་ལ་བཞི། །དབང་ཡིད་རང་རིག་རྣལ་འབྱོར་རོ། །རྫས་ནི་ཧྲིལ་པོར་འཛིན་པའི་བློ། །སྣང་འཇུག་ཉིད་ཡིན་དེ་ལ་གཉིས། །དོན་ལ་མཐུན་དང་མི་མཐུན་ནོ། །ཆ་ཤས་ཕྱེ་ནས་འཛིན་པའི་བློ། །སེལ་འཇུག་དོན་མཐུན་མི་མཐུན་གཉིས། །བརྡ་དོན་ལ་བརྟེན་དོན་སྤྱི་འཆར། །དེ་ལ་ཕྱི་རོལ་དོན་དུ་ཞེན། །དེ་ནས་འཇུག་ཡུལ་རང་མཚན་ཐོབ། །སྒྲ་རྟོག་ཐམས་ཅད་གཞན་སེལ་ཡིན། །དེའི་དངོས་ཡུལ་རང་མཚན་མེད། །ཞེན་པའི་འཇུག་ཡུལ་རང་མཚན་སྲིད། །རིགས་པ་མཁྱེན་པ་རྣམས་ཀྱིས་བཞེད། །ཚད་མིན་མི་བསླུ་མ་ཡིན་བློ། །སྣང་ལ་མ་ངེས་བཅད་ཤེས་དང༌། །ཡིད་དཔྱོད་ལོག་ཤེས་ཐེ་ཚོམ་ལྔ། །གསལ་བར་སྣང་ཞིང་སྒྲོ་འདོགས་དང༌། །མི་འགལ་བ་རུ་འཇུག་པའི་བློ། །སྣང་ལ་མ་ངེས་དེ་ལ་གསུམ། །མངོན་དང་རྟོག་དང་རྟོག་མེད་འཁྲུལ། །སྔར་རྟོག་བྱེད་པ་མ་ཉམས་པའི། །རིགས་ལ་སྒྲོ་འདོགས་དང་འགལ་བར། །འཇུག་པའི་བློ་ནི་བཅད་ཤེས་སོ། །མངོན་དང་རྟོག་པ་བཅད་ཤེས་གཉིས། །རྟོག་པ་རྣམ་གཉིས་མངོན་སུམ་དང༌། །རྗེས་སུ་དཔག་པའི་རྗེས་སུ་སྐྱེ། །རྟགས་མྱོང་གང་ལའང་མི་ལྟོས་པར། །བདེན་པའི་ངེས་བློ་ཡིད་དཔྱོད་ཡིན། །རྒྱུ་མཚན་མེད་དང་ཕྱིན་ཅི་ལོག །མ་ངེས་པ་ཡི་ཡིད་དཔྱོད་གསུམ། །ལོག་ཤེས་དེ་མིན་དེར་འཛིན་བློ། །རྟོག་དང་རྟོག་མེད་ལོག་ཤེས་གཉིས། །གཅིག་ཏུ་མ་ངེས་ཞེན་བློ་ནི། །ཐེ་ཚོམ་ཉིད་ཡིན་དེ་ལ་གཉིས། །ཆ་མཉམ་པ་དང་ཤས་ཆེར་འཛིན། །ཤས་ཆེར་རྣམ་གཉིས་དོན་འགྱུར་དང༌། །དོན་མི་འགྱུར་གྱི་ཐེ་ཚོམ་མོ། །འཇུག་ཡུལ་སྔར་མ་རྟོགས་པ་ལ། །མི་བསླུ་སྒྲོ་འདོགས་དང་འགལ་བར། །འཇུག་པའི་བློ་ནི་ཚད་མ་ཡིན། །གང་དང་གང་ལ་གང་གིས་དང༌། །གང་ཚེ་ཇི་ལྟར་མི་བསླུ་ལྔ། །རང་རིག་བདག་གཅིག་གཞན་རིག་དང༌། །རྗེས་དཔག་དེ་བྱུང་འབྲེལ་བ་ཡིན། །མངོན་སུམ་དང་ནི་རྗེས་དཔག་གཉིས། །གཞལ་བྱ་གཉིས་ལ་ལྟོས་པའི་ཕྱིར། །ཚད་མ་དེ་ཡང་རྣམ་པ་གཉིས། །སྤྱི་རིགས་ཐ་དང་གཅིག་པ་སྲིད། །རྒྱུ་མཚན་སྟོབས་ཀྱིས་གྲངས་ངེས་སོ། །དེ་འོད་ལ་ནི་དེར་འཛིན་བློ། །མངོན་སུམ་ཡིན་ཞེས་ལ་ལས་འདོད། །དེའི་རང་མཚན་དེར་སྣང་འགྱུར། །དེ་མི་སྣང་བས་མངོན་སུམ་འགལ། །གུང་ལ་ཕྱེད་དུ་འཁྲུལ་བའི་ཚེ། །རྨི་ལམ་ཤེས་པ་ཕྱེད་རྣམས་ལ། །མངོན་སུམ་ཡིན་ན་ནམ་གུང་དུས། །ཕྱེད་རྣམས་རང་མཚན་ཅིས་མི་འགྲུབ། །གྲུབ་ན་སྔ་ཕྱི་གཅིག་སོགས་འགྱུར། །དབང་ཤེས་ཆ་གཉིས་འགལ་བས་ན། །སེར་འཛིན་དབྱིབས་ལ་མངོན་སུམ་མིན། །མདོག་འཛིན་མིག་ཤེས་རེག་བྱ་ལ། །མངོན་སུམ་ཡིན་ཞེས་ལ་ལས་སྨྲ། །རེག་བྱ་མིག་ཤེས་ཡུལ་མིན་པས། །དེ་ལ་མངོན་སུམ་ཇི་ལྟར་འགྱུར། །རྟོག་པ་ཡུལ་དུས་རྣམ་པ་ལ། །འཁྲུལ་ཡང་དབང་ཤེས་ཚད་མ་སྲིད། །རྟོག་པ་ཤེལ་གངས་ཁ་དོག་སོགས། །དེ་བཞིན་སྔ་ཕྱི་ཨུཌྤལ་དང༌། །ཐག་ཁྲར་སྦྲུལ་དུ་འཁྲུལ་པ་ལ། །དཀར་སྔོན་ཁྲར་འཛིན་མིག་ཤེས་བཞིན། །གལ་ཏེ་སེར་འཛིན་དབང་ཤེས་ཀྱང༌། །དབྱིབས་ལ་མངོན་སུམ་མཚུངས་ཤེ་ན། །དབང་ཤེས་དོན་ལ་འཁྲུལ་མ་འཁྲུལ། །ཆ་གཉིས་དག་ཏུ་འགལ་བའི་ཕྱིར། །དེ་ཡི་རྩོད་པས་འདིར་མི་གནོད། །དེ་འོད་ལ་ནི་དེར་རྟོགས་བློ། །རྗེས་དཔག་མིན་ན་རྗེས་དཔག་དཀའ། །རྟགས་དང་བསྒྲུབ་བྱར་འཁྲུལ་བའི་བློ། །ཚུལ་གསུམ་མེད་པས་རྗེས་དཔག་མིན། །གཞན་ཡང་དེ་བཞིན་ལེགས་རྟོགས་མཛོད། །རྣམ་པ་སྣང་ནས་རྟོགས་པ་དངོས། །དེ་ཡི་རྣམ་པ་སྣང་སྟོབས་ཀྱིས། །གཞན་རིག་པ་ནི་ཤུགས་རྟོགས་ཡིན། །རྟོག་བྲལ་བློ་ཡི་རྣམ་པ་དག །སྣང་ནས་སྒྲོ་འདོགས་གཅོད་པ་དང༌། །དེ་ཡི་རྣམ་པར་སྣང་སྟོབས་ཀྱིས། །གཞན་ལ་སྒྲོ་འདོགས་གཅོད་པར་མངོན། །ཚུལ་གསུམ་རྟགས་ལས་དེ་བཞིན་རྗེས། །འབྲས་བུ་ཐ་དད་དངོས་རྟོགས་པས། །རྒྱུ་ནུས་ཐ་དད་ཡོད་རྟོགས་ཤུགས། །སྔོན་པོ་དངོས་སུ་རྟོགས་པ་ན། །སྔོན་པོ་འཇལ་བྱེད་ཤུགས་རྟོགས་མངོན། །སྣང་སྟོང་འཚོགས་དོན་དངོས་རྟོགས་པས། །སྣང་དང་བོན་ཉིད་ཤུགས་རྟོགས་རྗེས། །རང་རིག་གིས་ནི་སྔོན་འཛིན་དག །སྔོན་པོ་འཇལ་བྱེད་དངོས་རྟོགས་པས། །ཡུལ་རྣམ་སྔོན་པོར་ཤུགས་ལས་རྟོགས། །མངོན་སུམ་སྔོ་ལ་སེར་ཁེགས་པས། །ཐ་དད་སྔོ་ལ་སེར་པོར་ཁེགས། །སྔོ་ལ་སེར་ཁེགས་གསེར་མདོག་བཞིན། །སྔོ་ལ་སེར་ཁེགས་ཨུཌྤལ་ལ། །གསེར་གྱི་སེར་པོ་ཁེགས་པ་བཞིན། །རྗེས་དཔག་དངོས་ལ་བདེན་ཁེགས་པས། །མ་མཐོང་དངོས་ལ་བདེན་དངོས་ཁེགས། །དངོས་ལ་བདེན་ཁེགས་གང་ཟག་བཞིན། །དངོས་ལ་བདེན་ཁེགས་ཤེས་དངོས་ལ། །གང་ཟག་བདག་ནི་ཁེགས་བཞིན་ནོ། །རང་གི་སྟོབས་ཀྱིས་ངེས་པ་དང༌། །དེ་ཡི་མ་ངེས་གཞན་སྟོབས་ཀྱིས། །ངེས་དགོས་ཤེས་པ་ཡང་དག་ནི། །རང་ངེས་གཞན་ངེས་ཚད་མའོ། །དོན་བྱེད་སྣང་དང་གོམས་ཅན་གྱིས། །དོན་རིག་གཉིས་དང་རང་རིག་དང༌། །རྗེས་དཔག་རྣམས་ནི་རང་ལས་ངེས། །དང་པོ་བ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་གྱི་གཞན་རིགས་རྣམས། །གཞན་ལས་ངེས་ཀྱི་ཚད་མའོ། །སྣང་བ་རང་དང་བདེན་པ་གཞན། །སྤྱི་ནི་རང་དང་ཁྱད་པར་གཞན། །སྣང་བ་གཞན་ལ་ངེས་དགོས་ཡོད། །ངེས་པའི་སྟོབས་ཀྱིས་སྒྲོ་འདོགས་སེལ། །སྒྲོ་འདོགས་ཚད་མས་གནོད་པའི་བློ། །མ་རྟོགས་ལོག་རྟོག་ཐེ་ཚོམ་སོགས། །ངོ་བོ་གཅིག་པ་གནོད་བྱ་དང༌། །གནོད་བྱེད་མ་ཡིན་རལ་གྲི་བཞིན། །ཐ་དད་དེ་བཞིན་སངས་རྒྱས་དང༌། །སོ་སྐྱེའི་བློ་དང་ཡེ་ཤེས་བཞིན། །ཕུང་གསུམ་ཡིན་པར་འདིར་མི་སྲིད། །རྒྱུན་གཅིག་ལྡོག་པ་ཐ་དད་པས། །ཐ་དད་འབྱུང་བས་སྐྱོན་ལས་གྲོལ། །དུས་གཅིག་རྟོག་གཉིས་གཅིག་ཆར་འཇུག། །ཐ་དད་འཕྲད་མིན་གནོད་བྱེད་མིན། །རྒྱུ་དང་ངོ་བོ་དང་པོ་འཕྲད། །གཉིས་པར་ནུས་མེད་གསུུམ་པ་ལ། །སྐྱེ་འགག་མཉམ་པས་དེའི་སྐྱོན་མེད། །ཡུལ་གཅིག་བདེན་རྫུན་མཚུངས་པ་དང༌། །ཐ་དད་འཕྲད་མིན་གནོད་བྱེད་མིན། །ཕྱི་དང་ནང་གི་སྣང་མུན་བཞིན། །ཞེན་ཡུལ་གཅིག་ལ་ཞེན་སྟངས་འགལ། །ཞེན་སྟངས་དོན་མཐུན་མི་མཐུན་ཡིན། །སྒྲ་རྟག་མི་རྟག་འཛིན་བློ་བཞིན། །མཐུན་པས་མི་མཐུན་སེལ་བའི་ཕྱིར། །དེ་ཡི་རྩོད་པས་འདིར་མི་གནོད། །གཅིག་དོན་གཅིག་ལ་མི་འཇུག་ཅིང༌། །གཅིག་དོན་གཅིག་དང་མི་འགལ་ལ། །གཅིག་དོན་གཅིག་གིས་མི་འགོག་གོ། །རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་ལས། །ཡུལ་ཅན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།
མངོན་དང་མངོན་སུམ་ཚད་མ་ཡིས། །རྟོགས་པར་བྱ་བ་དེའི་ཡུལ་ཡིན། །རྟོག་བྲལ་མ་འཁྲུལ་བློ་དང་ནི། །དེ་ཉིད་གཞལ་བྱར་མི་བསླུ་བ། །མངོན་དང་མངོན་སུམ་ཚད་མའོ། །དབང་ཡིད་རང་རིག་རྣལ་འབྱོར་བཞི། །རང་ལ་ཡུལ་གྱི་རྣམ་པ་དག །ཤར་ནས་ཡུལ་འཛིན་ནུས་པ་དང༌། །དེ་ཉིད་ཤེས་པས་ཡུལ་འཛིན་ནུས། །བསྐྱེད་པའི་རྡུལ་ཕྲན་དྭངས་དང་ཡིད། །དབང་དང་དབང་གཟུགས་ཡིད་དབང་ཡིན། །བདག་རྐྱེན་དབང་པོ་གཟུགས་ཅན་ལ། །བརྟེན་ནས་དངོས་སུ་སྐྱེས་པ་ཡི། །རིག་དང་རྟོག་བྲལ་མ་འཁྲུལ་རིག །དེ་ཉིད་གཞལ་བྱར་མི་བསླུ་བ། །དབང་ཤེས་དང་ནི་དབང་མངོན་དང༌། །དབང་པོ་མངོན་སུམ་ཚད་མའོ། །མིག་དང་རྣ་བ་སྣ་ལྕེ་ལུས། །སྒོ་ནས་གསུམ་གསུམ་ཉིད་དུ་དབྱེ། །བདག་རྐྱེན་ཡིད་ཀྱི་དབང་པོ་ལ། །བརྟེན་ནས་དངོས་སུ་སྐྱེས་པ་ཡི། །རིག་དང་རྟོག་བྲལ་མ་འཁྲུལ་རིག །དེ་ཉིད་གཞལ་བྱར་མི་བསླུ་བ། །ཡིད་ཤེས་དང་ནི་ཡིད་མངོན་དང༌། །ཡིད་ཀྱི་མངོན་སུམ་ཚད་མའོ། །གཟུགས་སྒྲ་དྲི་རོ་རེག་བྱ་བོན། །སྒོ་ནས་གསུམ་གསུམ་ཉིད་དུ་དབྱེ། །རང་གི་ཤེས་པས་སྣང་སྟོབས་ཀྱིས། །རིག་དང་རྟོག་བྲལ་མ་འཁྲུལ་རིག །དེ་ཉིད་གཞལ་བྱར་མི་བསླུ་བ། །རང་རིག་ཤེས་དང་རང་རིག་མངོན། །རང་རིག་མངོན་སུམ་ཚད་མ་ཡིན། །རྟོག་དང་རྟོག་མེད་མྱོང་བ་ཡི། །སྒོ་ནས་གསུམ་གསུམ་ཉིད་དུ་དབྱེ། །བདག་རྐྱེན་ཏིང་འཛིན་ཡང་དག་ལ། །བརྟེན་ནས་དངོས་སུ་སྐྱེས་པ་ཡི། །རིག་དང་རྟོག་བྲལ་མ་འཁྲུལ་རིག །དེ་ཉིད་གཞལ་བྱར་མི་བསླུ་བ། །རྣལ་འབྱོར་ཤེས་དང་རྣལ་འབྱོར་མངོན། །རྣལ་འབྱོར་མངོན་སུམ་ཚད་མ་ཡིན།ག༽ མའོ། །ཡུལ་དང་རྟེན་གྱི་ཁྱད་པར་གྱིས། །ཇི་ལྟ་བ་དང་ཇི་སྙེད་མཁྱེན། །ལམ་དང་ཕུལ་ཕྱིན་ཡེ་ཤེས་འབྱེད། །ཡུལ་ཤེས་རྟེན་གྱི་སྒོ་ནས་ནི། །དོན་དམ་རྟོགས་དང་རྣལ་འབྱོར་གྱི། །མངོན་སུམ་ཞེས་སུ་ཐ་སྙད་གདགས། །དངོས་སོགས་གཞལ་བྱ་གང་དག་ལ། །འཇལ་བྱེད་ཀྱིས་གཞལ་ཚད་མ་ལ། །དེ་དོན་རྟོགས་པ་འབྲས་བུའོ། །བདེ་སོགས་གཞལ་བྱ་བདེ་སོགས་ལ། །སྒྲོ་འདོགས་ཆོད་པ་ཚད་མ་ལ། །བདེ་སོགས་རིག་པའི་རང་རིག་འབྲས། །རྗེས་དཔག་རྗེས་དཔག་ཚད་མ་ཡིས། །རྟོགས་པར་བྱ་བ་དེའི་ཡུལ་ཡིན། །འཚོགས་དོན་གྲུབ་བསལ་མེད་པ་གང༌། །དཔག་འདོད་ཡུལ་དུ་བྱས་པ་དང༌། །ཚུལ་གསུམ་ཚང་པའི་གོ་བྱར་བཟུང༌། །རིམ་པ་བཞིན་དུ་བསྒྲུབ་བྱ་དང༌། །ཡང་དག་རྟགས་ཀྱི་བསྒྲུབ་བྱའོ། །གཉིས་ཀ་དངོས་དང་དངོས་མེད་དང༌། །དངོས་དང་དངོས་མེད་ཚོགས་པ་ཡི། །སྒོ་ནས་དབྱེ་བ་རྣམ་པ་བཞི། །བོན་ཅན་བསྒྲུབ་བྱ་གྲུབ་བསལ་མེད། །བསྒྲུབ་བྱའི་བོན་གྱི་དཔག་གཞིར་བཟུང༌། །ཤེས་འདོད་རྩོད་གཞི་མཐུན་དཔེ་དང༌། །མི་མཐུན་དཔེ་དང་གྲགས་པ་དང༌། །བཏགས་པའི་བོན་ཅན་རྣམ་པ་དྲུག །རྗེས་སུ་དཔག་བྱ་བཏགས་པ་གང༌། །རྟགས་ཀྱི་གོ་བྱར་བཟུང་བ་བོན། །དགག་སྒྲུབ་སོགས་ཀྱིས་རྣམ་པས་ག༽ པར་དབྱེ། །རྟགས་དང་ཤེས་འདོད་རྗེས་དཔག་དང༌། །ཕྱི་རྒོལ་ལ་ནི་བཀོད་པ་ལ།ག༽ ལས། །བསྒྲུབ་བྱ་ཕྱོགས་དང་གཞལ་བྱ་དང༌། །དམ་བཅའ་ཞེས་སུ་ཐ་སྙད་གདགས། །ཚུལ་གསུམ་རྟགས་ལས་བསྒྲུབ་བྱ་རྟོགས། །དེ་ཉིད་འཇུག་ཡུལ་མི་བསླུ་པ། །རྗེས་དཔག་རྗེས་དཔག་ཚད་མའོ། །རྗེས་དཔག་སྒྲ་ནི་ཚོགས་དོན་ལ། །དངོས་དང་ཡ་གྱལ་གཉིས་ལ་བཏགས། །དང་པོའི་ལྟོས་གཞི་བོན་ཅན་ལ། །མཐུན་ཕྱོགས་དང་ནི་མི་མཐུན་ཕྱོགས། །རྗེས་སུ་འགྲོ་ལྡོག་ལྟོས་པའི་གཞི། །བསྒྲུབ་བྱ་ཇི་ལྟར་བསྒྲུབ་པར་ལྟར། །བསྒྲུབ་བྱའི་བོན་གྱིས་མི་སྟོང་དང༌། །སྟོང་པ་མཐུན་ཕྱོགས་མི་མཐུན་ཕྱོགས། །ཇི་ལྟར་བཀོད་བཞིན་ངེས་རུང་ངམ། །དངོས་སུ་ངེས་པ་ཕྱོགས་ཀྱི་བོན། །ཇི་ལྟར་བཀོད་བཞིན་མཐུན་དཔེ་ལ། །ཡོད་པར་ངེས་པ་རྗེས་འགྲོ་ཡིན། །རྟགས་ནི་མཐུན་ཕྱོགས་ཁོ་ན་ལ། །ཡོད་པར་ངེས་པ་རྗེས་ཁྱབ་བོ། །མི་མཐུན་དཔེ་ལ་མི་འཇུག་ཅིང༌། །མི་མཐུན་ཕྱོགས་ལ་འཇུག་མི་སྲིད། །ལྡོག་དང་ལྡོག་ཁྱབ་དེ་བཞིན་ཤེས། །འགལ་འབྲེལ་ངེས་པས་དགག་སྒྲུབ་འགྲུབ། །རྫས་ལྡོག་ཁ་ཚོན་ཆོད་མ་ཆོད། །སོགས་ཀྱིས་རྩོད་པས་འདིར་མི་གནོད། །བསྒྲུབ་བྱ་སྒྲུབ་ལ་ཚུལ་གསུམ་ཚང༌། །གཏན་ཚིགས་རྟགས་ཡིན་དེ་ལ་གཉིས། །དགག་པ་དང་ནི་སྒྲུབ་པའི་རྟགས། །དངོས་འབྲེལ་ངེས་པ་ལ་བརྟེན་ནས། །བསྒྲུབ་བྱ་སྒྲུབ་ལ་ཚུལ་གསུམ་ཚང༌། །གཏན་ཚིགས་དེ་ནི་སྒྲུབ་པའི་རྟགས། །རང་བཞིན་འབྲས་བུ་རྣམ་པ་གཉིས། །བདག་གཅིག་འབྲེལ་བ་ལ་བརྟེན་ནས། །བསྒྲུབ་བྱ་སྒྲུབ་ལ་ཚུལ་གསུམ་ཚང། །རང་བཞིན་རྟགས་ཡིན་དེ་ལ་གཉིས། །དོན་སྒྲུབ་དང་ནི་ཐ་སྙད་སྒྲུབ། །དེ་བཞིན་དེ་བྱུང་འབྲས་བུའི་རྟགས། །རང་ལྡོག་སྔོན་སོང་ཁྱད་པར་དང༌། །བྱེད་པ་སྒྲུབ་པའི་འབྲས་རྟགས་བཞི། །དགག་བྱ་འགོག་ལ་ཚུལ་གསུམ་ཚང། །དགག་པའི་རྟགས་ཡིན་དེ་ལ་གཉིས། །འབྲེལ་ཡུལ་མ་དམིགས་འགལ་ཟླར་དམིགས། །འབྲེལ་ཡུལ་བཀག་ནས་འབྲེལ་པོ་ཉིད། །འགོག་པར་བྱེད་ལ་ཚུལ་གསུམ་ཚང༌། །མ་དམིགས་རང་བཞིན་རྒྱུ་དང་ནི། །ཁྱབ་བྱེད་དངོས་འབྲས་མ་དམིགས་བཞི། །འགལ་ཟླ་དམིགས་པ་ལ་བརྟེན་ནས། །དགག་བྱ་འགོག་ལ་ཚུལ་གསུམ་ཚང༌། །འགལ་དམིགས་ཕན་ཚུན་སྤངས་པ་དང༌། །ལྷན་ཅིག་མི་གནས་བརྟེན་པ་གཉིས། །ཕན་ཚུན་སྤངས་ལ་ལྟོས་བཅས་དང༌། །ངེས་དངོས་སོགས་སུ་རྣམ་པར་དབྱེ། །མེ་དང་ཙན་དན་མེ་དང་ནི། །དེ་བཞིན་དུ་བ་དྲག་འཕྱུར་དང༌། །མེ་རྒྱུ་ནུས་པ་ཐོགས་མེད་ཀྱིས། །གྲང་རེག་བ་རེག་སྤུ་ལོང་བྱེད། །ནུས་པ་ཐོགས་མེད་འགོག་པ་བཞིན། །བཅུ་གཉིས་དང་ནི་བཅུ་དྲུག་བཤད། །བསྒྲུབ་བྱ་སྒྲུབ་པར་མི་ནུས་པའི། །གཏན་ཚིགས་འགོད་པ་ལྟར་སྣང་ཡིན། །འགལ་དང་མ་ངེས་མ་གྲུབ་གསུམ། །ཕྱིན་ཅི་ལོག་ཏུ་ངེས་པ་ཡི། །གཏན་ཚིགས་འགོད་པ་འགལ་བའི་རྟགས། །རང་བཞིན་དང་ནི་འབྲས་བུ་ག༽ རྣམ་པ་གཉིས། །རྣལ་ལྡོག་གང་ཡང་མ་ངེས་པའི། །དེ་བཞིན་དེ་ནི་མ་ངེས་རྟགས། །ཐུན་མོང་ཐུན་མོང་མ་ཡིན་གཉིས། །ཐུན་མོང་དངོས་དང་ལྷག་ལྡན་ནོ། །ཡང་དག་དང་ནི་འགལ་བ་ཡི། །སྒོ་ནས་ལྷག་ལྡན་དེ་ཡང་གཉིས། །བཀོད་བཞིན་མ་དམིགས་མ་གྲུབ་རྟགས། །ངོ་བོ་མེད་དང་མཐུན་པར་མེད། །དེ་བཞིན་ཤེས་འདོད་ཐེ་ཚོམ་དང༌། །ཐ་དད་མེད་སོགས་རྣམ་པར་དབྱེ། །མ་རྟོག་ལོག་རྟོག་ཐེ་ཚོམ་དང༌། །རྗེས་དཔག་ཚད་མ་བསྐྱེད་པར་འགྱུར། །རྒོལ་བ་རང་གིས་རྟོགས་པའི་དོན། །གཞན་ལ་སྟོན་པར་བྱེད་པ་ཡི། །ངག་ནི་གཞན་དོན་རྗེས་དཔག་གོ། །སྒྲུབ་བྱེད་སུན་འབྱིན་ཤན་འབྱེད་པ། །བརྗོད་པ་གཙོ་བོར་ཁས་ལེན་པ། །རྒོལ་དང་ཕྱི་རྒོལ་དཔང་པོའོ། །རྒོལ་བའི་ངག་ལ་རྣམ་པ་གསུམ། །དམ་བཅའ་སྒྲུབ་བྱེད་སྐྱོན་སྤང་དག །ཕྱི་རྒོལ་དྲི་དང་སུན་འབྱིན་བརྗོད། །དཔང་པོས་བཟློས་དང་ཤན་ཡང་འབྱེད། །སྒྲུབ་དང་སུན་འབྱིན་ཤན་འབྱེད་པ། །ལྟར་སྣང་བརྗོད་པ་ཚར་གཅོད་གནས། །སྒྲུབ་འགོད་འདོད་པ་སྒྲུབ་ནུས་པའི། །ཚིག་ནི་སྒྲུབ་ངག་དངོས་པོ་དང༌། །དངོས་མེད་སོགས་ཀྱི་སྒོ་ནས་དབྱེ། །མི་ནུས་ཚིག་ནི་ལྟར་སྣང་ངོ། །དོན་བློ་སྒྲ་ཡི་ཁྱད་པར་གསུམ། །འདོད་པ་འགོག་བྱེད་འགོག་ནུས་པའི། །ཚིག་ནི་སུན་འབྱིན་ཉིད་ཡིན་ཏེ། །དོན་དང་བརྗོད་ཚུལ་སྒོ་ནས་གཉིས། །མི་ནུས་པ་ནི་ལྟར་སྣང་ངོ༌། །དེ་ཡི་དབྱེ་བ་འདིར་མི་སྤྲོ། །སྐྱོན་བརྗོད་ངག་ནི་བཟློག་མི་ནུས། །ཐལ་འགྱུར་ཉིད་ཡིན་དེ་ལ་བདུན། །གཞན་ཡང་སྒྲུབ་བྱེད་འཕེན་པ་དང༌། །མི་འཕེན་པ་ཡི་རྣམ་དབྱེ་བཤད། །བཟློག་པར་ནུས་ན་ལྟར་སྣང་ངོ༌། །དེ་ལྟར་རྣམ་པ་བདུན་དུ་བཤད། །དམ་བཅའ་ལ་གནོད་སེལ་བྱེད་ཀྱི། །བློས་གྲུབ་པ་ནི་བསལ་བ་ཡིན། །ལུང་རིག་ཚད་མ་ཁས་བླང་ངོ༌། །རྟགས་ཁྱབ་བསལ་བའི་ཁྱད་པར་གྱི། །ཐལ་འགྱུར་ལན་ནི་རྣམ་པ་གསུམ། །ལན་གྱིས་བཟློག་པར་མ་ནུས་ན། །སྨད་དང་ཁོང་འཁྲོ་བྱེད་པ་བླུན། །བསྟོད་དང་རྗེས་འབྲང་དམ་པའི་ལུགས། །ལོག་རྟོག་སྒྲོ་འདོགས་བཟློག་པ་དང༌། །བསྔགས་པ་ཁོང་དུ་ཚུད་པ་ལ། །ཚར་གཅོད་པ་དང་རྗེས་འཛིན་འཇུག །རྩོད་པའི་དགོས་པ་དེ་ཉིད་ཡིས། །དགག་སྒྲུབ་ཚུལ་ལ་མཁས་པ་ཡིན། །སྐྱེ་བུ་དེ་ནི་བསྟོད་འོས་ཏེ། །བདེ་ཆེན་ལམ་སྟོན་སངས་རྒྱས་ཀྱི། །བསྟན་པ་འདི་ཡིས་འཛིན་པ་ཡིན། །རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་ལས། །མངོན་སུམ་དང་རྗེས་དཔག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།
རང་ལ་རང་གིས་གསལ་འདེབས་ཤིང༌། །རང་བས་དམན་ལ་ཕན་སྙམ་ནས། །སྒོ་གསུམ་རྣམ་དག་སྦྱོར་བ་ཡིས། །བློ་མིག་འབྱེད་པའི་ཚུལ་འདི་སྦྱར། །རྣམ་རྟོག་བློ་ཡི་དབང་བཙན་གྱིས། །འགལ་དང་ནོར་བ་ཇི་སྲིད་པ། །རྟོག་བྲལ་ཡེ་ཤེས་མཛོད་འཛིན་པའི། །བརྩེ་ལྡན་མཁས་ལ་བཟོད་པར་གསོལ། །འདི་སྦྱར་ལས་བྱུང་དགེ་བ་དེས། །མཁའ་ཁྱབ་འགྲོ་བ་ཇི་སྙེད་ཀྱིས། །ཤེས་བྱའི་དཀྱིལ་འཁོར་མཐའ་ཡས་པ། །ཐམས་ཅད་གཟིགས་པ་ཉིད་ཐོབ་ཤོག །གསལ་བྱེད་འདི་ཡང་རྒྱལ་བ་ཡི། །བསྟན་པ་ཇི་སྲིད་གནས་བར་དུ། །ཉི་མའི་ཟེར་བཞིན་ཡོངས་ཁྱབ་ནས། །འགྲོ་བའི་བློ་མིག་འབྱེད་པར་ཤོག །རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་རྫོགས་སོ། །རིག་པའི་ཚུལ་འདི་ནི། རིག་ལྡན་རྣམས་ལ་ཕན་པའི་ཕྱིར་རིག་པ་སྨྲ་ཞིང་སྡེ་སྣོད་རབ་ཏུ་འཛིན་པའི་བློ་ལྡན། གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་ཞེས་བྱ་བ་ཡིས། དཔལ་ལྡན་མཁར་སྣའི་དགོན་དུ་སྦྱར་བ། །དགེའོ། །བཀྲ་ཤིས་སོ།། །།