གཡུང་དྲུང་བོན་གྱི་བརྡ་དར་ཆེན་མོའི་བྱུང་ཁུངས་དང་མཚོན་དོན་སོགས་ཀུན་འབུམ་གོ་འབྱེད་དང་༧རྩ་བླ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསུང་འབུམ་སོགས་ལ་གཞི་བཅོལ་ཏེ་འཆད་ན། དེའང་རྩ་བའི་དར་ཆ་འདི་ན་གཡུང་དྲུང་བོན་གྱི་བརྡ་དར་ཆེན་མོའམ་སྲིད་པའི་བརྡ་དར་ཆེན་མོ་ཞེས་སུ་འབོད། ཁ་དོག་མས་ནས་ཡར་རིམ་བཞིན་སེར་པོ། ལྗང་ཁུ། དམར་པོ། དཀར་པོ། སྔོན་པོ་དང་། དཀྱིལ་དུ་གསེར་གྱི་གཡུང་དྲུང་ཆག་ཤིང་གིས་བརྒྱན་པ་ཞིག་ཡོད།
དེའང་ཀུན་འབུམ་ལས། དབུས་སུ་ཀུན་འབུམ་གོ་འབྱེད་སེར། ཤར་དུ་ཀུན་གྲོལ་དབྱིངས་ཕྱུག་ལྗང། ལྷོ་རུ་ཀུན་རིག་རྒྱས་པདམར། ནུབ་ཏུ་ཀུན་འདུལ་ཆེན་པོ་དཀར། བྱང་དུ་ཀུན་འཇོམས་རྒྱལ་པོ་སྔོ། ཞེས་གསུངས་པ་སེར་པོ་ས་དང་། ལྗང་ཁུ་རླུང་། དམར་པོ་མེ། དཀར་པོ་ནམ་མཁའ། སྔོན་པོ་ཆུ་སྟེ་ཕྱི་ལྟར་ན་འབྱུང་བ་ལྔ་དང་། ནང་ལྟར་རིགས་ལྔའི་ལྷ་ལྔ་ཡི་ཞིང་ཁམས་མཚོན། མ་ཚད་དར་ཚོན་སྣ་ལྔ་འདི་ཉིད་ཀུན་འབུམ་འབྱུང་བའི་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་སོགས་ཀྱི་རྟེན་ཡིན་པར་གསུངས་ཡོད།
དེའང་འབྱུང་བ་ལྔ་དེ་ཞིང་ཁམས་རིགས་ལྔའི་ལྷ་ལྔ་དང་སྦྱར་ན། དེ་བཞིན་རིགས་ཀྱི་ལྷ་ཀུན་འབུམ་ས་ལྷ་གཙོ་བོར་དབུས་སུ་བཟུང་སྟེ་ས་སེར་པོ་དང། དེ་ནས་ཤར་དུ་ཀུན་གྲོལ་རླུང་ལྷ་ལྗང་ཁུ། དེ་ནས་ལྷོ་རུ་ཀུན་རིག་མེ་ལྷ་དམར་པོ། དེ་ནས་ནུབ་ཏུ་ཀུན་འདུལ་ལྕགས་ལྷ་དཀར་པོ། དེ་ནས་བྱང་དུ་ཀུན་འཇོམས་ཆུ་ལྷ་སྔོན་པོ་བཅས་ཁ་དོག་གི་གོ་རིམ་བྱུང་སྟངས་ནི་ཕྱོགས་སྟོན་ལྟར་དབུས་ནས་ཤར་སོགས་བོན་སྐོར་རིམ་འགྲོས་བསྟན་པ་ཡིན།
དབུས་གཡུང་དྲུང་ཆག་ཤིང་ནི་སྲིད་པ་ཡེ་དབང་རིགས་ལྔའི་རྟེན་ཡིན་ཏེ། དེ་ཡང་གཡུང་དྲུང་གི་ར་བཞི་དབུས་ལྟེ་དང་ལྔས་སྲིད་པ་ཡེ་དབང་རིགས་ལྔའི་བསྟན་པ་རིན་པོ་ཆེ་རིག་པའི་གནས་ཆེན་ལྔ་མཚོན་པ་ཡིན། དེའང་རིག་པའི་གནས་བཟོ་རིགས་པ་ལ་ལྷ་ཡེ་སྲིད་སངས་པོ་འབུམ་ཁྲི།
གནས་སྒྲ་རིགས་པ་ལྷ་ཡེ་མཁྱེན་སྒྲ་བླའི་རྒྱལ་པོ། གནས་གསོ་བ་རིགས་པ་ལ་ལྷ་ཡེ་རྗེ་སྨན་ལྷའི་རྒྱལ་པོ། གནས་ཕྱི་རིགས་པ་ལྷ་ཡེ་དབང་ས་ཡི་རྒྱལ་པོ། གནས་ནང་རིགས་པ་ལ་ལྷ་ཡེ་དབང་མཐུ་སྟོབས་རྒྱལ་པོ་དང་ལྔའོ།།
དེ་ལྟ་བུའི་ཡོན་ཏན་དང་བྱིན་རླབས་ལྡན་པའི་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོ་འདི་འཆང་བ་དང་བཀུར་བ་སོགས་གནང་ན་དགེ་མཚན་བསམ་གྱིས་མི་ཁྱབ་པ་ཡོད་དེ། སྨྲ་སེང་དངོས་བྱོན་༧རྩ་བླ་ཡོངས་འཛིན་ཆེན་མོའི་ཞལ་ལས། ʼʼ དེ་ཡང་ཡིད་བཞིན་གྱི་ནོར་བུ་ལ་བྱི་དོར་དང་བཀུར་བསྟི་ཚུལ་བཞིན་བྱེད་དགོས་པ་ལྟར་ལྷ་ལྔའི་རྟེན་དང་བཀོད་པ་ལ་བཀུར་བསྟི་རིམ་འགྲོ་དགོས་པ་ལས། ལྷ་ཚོགས་ཀྱི་རྟེན་བརྡ་དར་ལ་བཀུར་བཟོས་དང། བྱི་དོར་ཟབ་ན་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་འཛོམས་པ་ཡང་རང་བཞིན་གྱིས་འབྱུང་ངོ།ʼʼ ཞེས་དང་། དེ་ཉིད་ལས། ʼʼརྒྱུ་མཚན་ཤེས་ཤིང་བདེ་བར་གཤེགས་པའི་གསུང་ལ་ཡིད་བརྟོན་ནས་བརྡ་ཡི་དར་ཁྲ་འདི་བཞིན་འཆང་བར་བྱས་ན་གོང་དུ་ཇི་ལྟར་བཤད་པའི་དོན། གནས་སྐབས་སུ་ཕྱི་འབྱུང་བའི་གེགས་རྩུབ། ནང་དབང་པོ་དང་ཕུང་ཁམས་སུ་འགལ་རྐྱེན། གསང་བ་ཡང་དག་པའི་དོན་རྟོགས་པས་སྒྲིབ་ཚོགས་ཞི་ཞིང། རིག་པའི་གནས་ཆེན་ལྔ་ལ་མཁྱེན་རབ་ཀྱི་ཡེ་ཤེས་གསལ་བར་འཆར་བའི་ཚུལ་བཅས། གཞུང་གི་ལུང་དྲངས་པ་ལས་ཤེས་པར་འགྱུར་རོ།ʼʼ ཞེས་གསུངས་པ་ལྟར་གཡུང་དྲུང་གི་བོན་སྒོར་ཞུགས་པའི་སྐྱེ་བོ་ཚོས་སྲིད་པའི་བོན་དར་འདི་ཉིད་བེད་སྤྱོད་གནང་དགོས་པ་ནི་སྐབས་སུ་བབ་འདུག་སྙམ་མོ།།