​རྩོམ་གསར། འབྲོག་ཐང་གི་སློབ་གྲྭ་ཞིག་ཏུ་བསྐྱོད་པའི་ཟིན་བྲིས།

文化   2024-08-12 20:08   北京  
འབྲོག་ཐང་གི་སློབ་གྲྭ་ཞིག་ཏུ་བསྐྱོད་པའི་ཟིན་བྲིས།

རྩོམ་པ་པོ། ལྡོང་རོང་བསོད་ཐར།

 དགུན་གནང་བྱས་ཏེ་ཉིན་གཉིས་སོང་རྗེས་ང་རང་ཕ་ཡུལ་ལ་འབྱོར་བ་དང་།  ཕ་ཡུལ་གྱི་ཕ་མ་མིང་སྲིང་ཚོ་དང་ཉིན་བཞི་ཙམ་གྱི་རིང་ལ་དྲོ་དྲོ་རུག་རུག་བྱས་ཏེ་བསྡད་པ་ཡིན།  དེ་རྗེས་ལམ་ཐག་ལེའུ་དབར་སུམ་ཅུ་ལྷག་ཙམ་ཡོད་པའི་འབྲོག་ཐོག་ཅིག་ན་ང་དང་རོགས་པ་འགའ་ཞིག་འགྲོ་དགོས་བྱུང་།  སྐབས་དེར་ལམ་བར་ནས་ཁ་བ་འབབ་དྲགས་པ་དང་། ལྷགས་རླུང་གི་ངར་ཤུགས་ཀྱིས་རླངས་འཁོར་ནང་གི་རོགས་པ་ཚོ་ཡང་འདར་སིག་སིག་བྱེད་ཀྱིན་འདུག  དེ་ལྟར་ས་དྲོ་ཞིག་ནས་གློ་བུར་དུ་གྲང་ངར་ཆེ་ས་ཞིག་ལ་སླེབས་པ་ནི་དགོད་ཤོར་མོ་རང་འདུག་སྟེ། ཉིན་འགར་སྣབས་ཆུ་ལུག་པ་དང་། མཆུ་པགས་གས་པ།  ངོ་མདོག་སྐྱ་སྐྱ་ཆགས་པ། སྔ་དྲོ་དང་ཕྱི་དྲོ་རྟག་པར་གྲང་ཤུམ་དང་ཁོག་འདར་བྱེད་པ། མཐའ་ན་ཉིན་འགར་ཟ་མ་ཡང་ཞུ་མ་ཐུབ་པ་སོགས་ཀྱིས་དཀའ་ངལ་དང་ངོ་ཚ་མི་ཉུང་བ་ཞིག་མྱོང་དགོས་བྱུང་མོད།  དེ་ལྟ་ན་ཡང་ང་ཚོའི་དམིགས་ཡུལ་ཉག་ཅིག་ནི་རང་གིས་ཅུང་ཙམ་ཤེས་པའི་བརྡ་སྤྲོད་དང་སྙན་ངག ལོ་རྒྱུས་སོགས་ང་ཚོ་དང་ཆེས་ཐག་ཉེ་བའི་བྱིས་པ་དག་ལ་ལེགས་སྐྱེས་ཤིག་གི་ཚབ་ཏུ་ཕུལ་ཐུབ་སོང་ན་སྙམ་པའི་བསམ་བློ་ཅན་ཤ་སྟག་ཡིན་པས། ཟླ་བ་གཅིག་དང་ཉིན་ཉི་ཤུ་རྩ་གཉིས་ཀྱི་རིང་ལ་འབྲོག་ཐང་ཞིག་ཏུ་ལུས་འཁྱག་ཀྱང་སེམས་མ་འཁྱག་པར་བྱས་ཏེ་བསྡད་པ་ཡིན།

 གོ་རིམ་དེའི་ཁྲོད་ནས་ང་ཚོས་ལོ་ཆུང་ཚོའི་རྒྱུད་ན་མར་ལྟར་ཞེན་པའི་བཟང་ཆ་མང་བོ་མཐོང་སོང་ལ། དུ་དྲེག་བཞིན་ནག་པའི་ངན་གོམས་ཀྱང་མང་བོ་རིག་སོང་།  ང་ཚོ་ཕྱིར་རང་ཁྱིམ་དུ་ལོག་སྐབས་བཟང་ཆ་རྣམས་རེ་ཞིག་སྦས་དོན་ལྟ་བུ་བྱས་ཏེ། སློབ་གཙོ་དང་དགེ་རྒན་རྣམ་པ། དའང་སློབ་མ་དང་ཁྱིམ་བདག་ཚོའི་སྔོན་ནས་སྐྱོན་གྱི་རྣམ་གྲངས་ཤིག་ཁ་བ་བཞིན་སྙན་ལམ་དུ་འཁྱག་ཏིག་གེ་མི་འབབ་ཁག་མེད་དུ་བྱུང་། དའང་ཁོང་ཅག་ལ་ཁ་མཚར་བྱས་ནས་གཅིག་བྱས་ན་ཐོག་མ་ང་རང་ཚོ་སློབ་གྲྭ་འདིར་འབྱོར་སྐབས་ཁ་བ་མཐུག་པོ་ཞིག་གིས་བསུ་མ་བྱས་པ་བདེན་ལ། ད་སྐབས་ང་ཚོ་ཕྱིར་ལོག་པའི་ཚེ་ན་ཡང་དེའི་ཚབ་ཏུ་སྐད་ཆའི་ཁ་བ་འགའ་རྣ་ལམ་དུ་འཁྱག་སིབ་སིབ་ཏུ་མ་འབབ་རང་འབབ་རེད་ཅེས་ཞུས་པ་རེད།   མ་གཞི་སློབ་གྲྭ་དེར་འབྱོར་སྐབས། ང་ལ་བརྡ་སྤྲོད་སོགས་ཀྱི་དགེ་རྒན་ལས་གཞན་སློབ་གཙོ་ཟུར་བ་ཞིག་གི་འགན་ཡང་སྟེར་སོང་བས། ངས་ཀྱང་ནུས་ཚོད་ཀྱིས་སློབ་ཁྲིད་བཀོད་སྒྲིག་དང་སྒྲིག་ལམ། འཛིན་གྲྭ་གོང་འོག་སོགས་ཉིན་གསུམ་ལ་དབྱེ་ཞིབ་བྱས་བྱས་ཏེ་མཐར་དགེ་རྒན་རྣམ་པ་དང་གྲོས་བསྡུར་ལེགས་པོ་བྱས་རྗེས། ང་ཚོ་འདུག་ཡུན་ཟླ་བ་གཅིག་གི་རིང་ལ་བོད་ཡིག་གི་སྦྱོང་ཚན་དེ་དག་ཇེ་མང་དུ་གཏོང་རྒྱུ་དང་དེའི་སྐོར་གྱི་ཤེས་བྱ་ལ་འབད་བརྩོན་བྱ་རྒྱུ་གྲོས་ཆོད་བྱུང་། དེ་ལྟར་བྱས་ནས་སྙན་ངག་དང་། བརྡ་སྤྲོད། ཀློག་འདོན།  རྨང་གཞི། ཡིག་གཟུགས་བཅས་ཕྱོགས་ཡོང་ནས་ང་ཚོ་བོད་ཡིག་དགེ་རྒན་བཞི་ལྷག་ཅིག་གིས་ཅི་ནུས་ཀྱིས་སྲི་ཞུ་བསྒྲུབ་རྒྱུ་དང་དུ་བླངས། ཐོག་མ་ང་རང་འཛིན་གྲྭ་གོང་མའི་དགེ་རྒན་བསྐོ་བཞག་བྱས་པ་དང་། ཕལ་ཆེར་སྙན་ངག་དང་བརྡ་སྤྲོད་ཙམ་ལས་གཞན་འགན་ཁུར་ཡང་ཉུང་མོད།   ཉིན་འགའི་རྗེས་ནས་ང་ལ་སེམས་མི་བདེ་བའི་གནས་ཚུལ་ཞིག་འཕྲད་ཡོད་པ་ནི། འཛིན་གྲྭ་སོ་སོའི་སློབ་མ་འགའ་ཞིག་གིས་རྣམ་ཀུན་ཡི་གེ་ཀློག་པའི་ཚེ་ན་སྒྲ་མ་དག་པ་དང་དོན་མི་གསལ་བའི་སྐྱོན་ངན་ཞིག་ཉིན་རྒྱུན་མཐོང་བས། དེ་དག་མ་བཟོད་པར་ངས་ཆེད་དུ་ཀློག་འདོན་ལ་མི་མཁས་པའི་འཛིན་གྲྭ་གཉིས་ཟུར་དུ་འཛུགས་དགོས་བྱུང་བ་དང་། ལས་ཀ་དེ་ང་རང་གིས་བཙལ་བ་ཡིན་པས་དགེ་རྒན་ཡང་རང་ཁེར་མོ་མི་བྱེད་ཐབས་མེད་དུ་བྱུང་། དེ་ནས་གོང་མ་ལ་སུམ་རྟགས་དག་གསུམ་གྱི་རྩ་བ་བློ་འཛིན་དང་ཀློག་འདོན་ཟུང་འབྲེལ་བྱས་པ་དང་། འོག་མ་དག་ལ་བཀའ་ཐང་དང་དག་ཡིག་མཁས་པར་དགའ་སྐྱེད་ཀྱི་རྩ་བ་སོགས་གཞི་བཟུང་ནས་བསླབ་པ་ཡིན།

 གཅིག གོ་རིམ་དེ་བརྒྱུད་ནས་ཀློག་འདོན་གྱི་སྐྱོན་ཆ་སྐོར་ཞིག་འདི་ལྟར་ཟིན་བྲིས་སུ་འདེབས་དགོས་བྱུང་སྟེ། རྒྱུ་མཚན་ཡང་། ད་སྐབས་སྐྱོན་ཆ་འདིའི་རིགས་ང་རང་ཡོད་སའི་ཁོར་ཡུག་ཙམ་མིན་པར་ཉེ་འཁོར་གྱི་གྲོང་ཁྱེར་དང་གྲོང་ཆུང་མང་བོ་ཞིག་ལ་དེ་མཚུངས་སུ་ཡོད་པ་དོགས་ཕྱིན། “གོ་བའི་བུ་ལ་བརྡ་དང་།  རི་སྐྱང་སྔོན་མོ་ལ་ཀི །”ཞེས་པའི་ཚུལ་དུ་བཤད་ན། གཟའ་འཁོར་གཅིག་ཙམ་བརྒྱུད་རྗེས་སློབ་གྲོགས་མང་ཤོས་ཀྱིས་ལོག་ཡིག་(ཊ་ཋ་ཌ་ཎ་ཥ)་ལྔ་དང་མཐུག་ཡིག་(གྷ་ཛྷ་དྷ་ཌྷ་བྷ་ཀྵ)དྲུག་བཅས་ཀློག་སྟངས་ཤེས་ཀྱིན་མི་འདུག་པས།  ང་ཚོས་ལྟ་ཀློག་བྱེད་བཞིན་པའི་བཀའ་ཐང་དང་རྩ་བ་དག་ལས་དཔེར་ན། དྷི། ཨཀྵ། ཁ་ཊམ་ལྟ་བུ་འདོན་དགོས་པའི་ཚེ་ན་ངག་ལྐུགས་པ་འགྱུར་བ་དང་།  དེ་མཚུངས་སུ་རྒྱུན་མཐོང་ལྟ་བུ་བེེ་རོ་ཙཱ་ན་ལྟ་བུ་ཡང་“འབེ་”སྒྲ་མི་ཐོན་པ་“བེ་”ཞེས་ཀློག་པ་དང་།  ལ་ལས་ཁྱོན་ནས་མི་ཤེས་པའི་ཚད་ཀྱང་འདུག་པས། སྣང་བ་ཞིག་ལ་སྔགས་བཀླག་ཐབས་ཀྱང་རྒྱས་པ་ཞིག་ཁྲིད་ཐབས་མ་བྱུང་ཡང་ཕྲན་བུ་རེ་ནི་ཅིས་ཀྱང་དགོས་ངེས་འདུག་གོ་སྙམ་བྱུང་ལ།  ལྷག་དོན་ལོ་ཙཱ་བ་བེེ་རོ་ཙཱ་ན་དང་། གསར་གཏོད་པ་སམ་བྷོ་ཊ། ལྷ་ལྕམ་མཎྡཱ་ར་བ།   ཤཱཀྱའི་རིགས།   ནགས་ཀྱི་སེངྒེ།  མགོ་བདེ་ཌ་རུ། ཆུ་རྩ་རཏྣ།  ཞོ་ཤ་ཙིཏྟ་ཀ ཀརྨ་ཀམ་ཚང་སོགས་མི་ཤེས་པའི་སྐྱོན་དེས་སྔ་བྱུང་གི་བསྟན་བཅོས་བཟོ་གསོ་སྙན་ངག་སོགས་དང་།  ཆུང་ས་(གཏམ་རྒྱུད་གསེར་ཐང་)ལྟ་བུ་སྐོར་ཞིག་ལ་ལྟ་འདོད་ཀྱང་ཡི་གེ་མི་ཆོད་པའི་སྐྱོན་དུ་འབབ་པ་འདུག་པས།  དེའང་གསོ་རིག་རྒྱུད་བཞི་ལས།  རྒྱུ་ནི་འབྲི་ཀློག་མཐའ་རུ་ཕྱིན་པར་བསླབ།  །ཆོད་དང་མི་ཆོད་དེ་ལ་བརྟེན་པར་སྣང་། །།ཞེས་པའི་གནད་ཀྱང་འདི་འདྲ་བ་ལ་གོ་བ་ཨེ་ཡིན་བསམ་བྱུང་།

 གཉིས། མིང་གཞི་སྐོར་ནས་“དབང་ཆེན”་ལྟ་བུ་སྟེ། སློབ་མ་མང་ཚོད་ཀྱིས་འདོན་དུས་དབང་ལ་“ད་འབའ་ང་ཞག་འབང་”ཞེས་པའི་སྒྲ་ཐོན་པ་དང་།  དེ་བཞིན་དབྱིན་ལ་སོགས་པ་ནོར་བ་རྒྱུན་འབྱམས་སུ་སོང་སྟབས།  མིང་གཞི་བ་ཡིག་ཝ་ཡིག་གི་སྒྲ་ཟུར་བ་མ་ཐོན་པའི་རྒྱུ་རྐྱེན་དེ་ལས།  དཔེར་ན། དབེན་གནས་དང་།  དབང་བསྐུར་བ།  དབྱངས་ཅན་མ།  དབྱང་དབུགས། དབྱུང་། དབྱིན། དབུལ་ལ་སོགས་ཁྱོན་ནས་སྒྲ་ནོར་བ་ལ་བརྟེན་ནས་དོན་ཡང་ལོག་པར་རྟོགས་པའི་སྐྱོན་ཇི་སྙེད་འབྱུང་མུས་སུ་འདུག་པས།  སྐབས་དེར་སློབ་མའི་ཐོག་ལ་ཁོང་ཁྲོ་ཡང་མེ་ལྟར་འབར་ཡོང་མོད།  དེ་བས་ཀྱང་ཞེ་མུག་ས་ཞིག་ནི་ཐོག་མའི་རྨང་གཞི་འཇོག་མཁན་གྱི་དགེ་རྒན་རེ་འགའ་ལ་ཅིས་ཀྱང་ཡིད་ཕམ་པོ་རང་འདུག་སྟེ།  རྒྱུ་མཚན་ཡང་།  “བེད་མེད་ལས་ཐོག་ལ་གནོད་གཡག་རོ་ཙམ་”ཟེར་བ་འདི་ལོས་ཡིན་དྲན་ཡོང་། དེ་བས་ཁོང་ཅག་ལ་གོ་སླ་བ་དང་བཅས་ཏེ། སྔོན་འཇུག་ད་ཡིག་ཡིན་པར་མིང་གཞི་བ་ཡིག་ཡིན་པ་ཅན་གང་ཞིག་ལ། ཝ་སྒྲའི་མཚན་ཉིད་ཟུར་བ་ཞིག་སྦྱར་དགོས་པའི་གསལ་འདེབས་བྱས་པ་དང་། དེ་ལས་གཞན་དུ་གྱུར་བའི་སྔོན་འཇུག་འ་ལྟ་བུའི་མིང་གཞི་བ་ཡིག་ལ་སྒྲ་ཐད་ཀར་བརྗོད་དགོས་པར་ཆེད་ཞུས་བྱས་པ་ཡིན་ལ།  འདིའི་སྐོར་གྱི་རྒྱུ་མཚན་གསལ་བོ་མེད་ཀྱང་། བརྗོད་བདེའམ་སྔོན་འཇུག་ད་ཡིག་གི་སྒྲ་ཤུགས་དྲག་པའི་དབང་གིས་མིང་གཞི་བ་ཡིག་ཀྱང་འགྱུར་བའི་སྣང་ཚུལ་ཞིག་འདུག་སྟེ། དཔེར་ན་“དབང་”ཞེས་པའི་ཚེ་ན་ཝའི་སྒྲ་ཟུར་ལྟ་བུ་ཞིག་མ་བཏོན་མི་ཆོག་པ་བདེན་རུང་། “བང་”ལྟ་བུ་བརྗོད་པའི་ཚེ་ན་སྒྲ་མི་འགྱུར་བ་འདི་སྔོན་འཇུག་གི་དབང་གིས་ངེས་ཤིང་། ལར་བ་ཡིག་གི་སྒྲ་འདི་ནི་ཨ་མདོ་དང་ཁམས་པ་ལྟ་བུ་ཡུལ་ལུང་རེ་རེ་ན་འདོན་སྟངས་གཅིག་གྱུར་མ་ངེས་པ་ཞིག་འདུག

 གསུམ། ཕྲད་ཀྱི་སྐོར་ནས་ཀྱང་གནད་དོན་རེ་འགའ་མཐོང་སྟེ།  དེའི་ནང་ནས་འབྲེལ་སྒྲའི་“འི་”ཡིག་སྦྱོར་ཀློག་འདི་ཉིད་མང་ཆེ་ལ།  མང་ཤོས་ཀྱིས་ཀློག་སྟངས་ནི་མིང་གཞི་དང་ཁ་ཕྲལ་ནས་འདོན་པ་དེ་རེད། དཔེར་ན་“པའི་”ཞེས་པ་ལྟ་བུ་ཐོག་མ་པ་ཞེས་སྒྲ་གཅོད་མཚམས་བྱས་ཏེ་ད་གཟོད་འ་ལ་གི་གུ་ཞེས་སྒྲ་ཕྲལ་ནས་འདོན་མཁན་འདུག་པས། དེ་བས་མའི་དང་པའི། སའི་དང་བའི་སོགས་མང་ཤོས་དེ་མཚུངས་སུ་སྒྲ་ཕྲལ་ནས་འདོན་སྟངས་དེས། མིང་ཚིག་ཉི་མའི་གཉེན་ཞེས་པ་ལྟ་བུར། “ཉི་མ་འི་གཉེན་”ཞེས་སྒྲ་བཞི་འབྱུང་བའི་སྐྱོན་འདུག་ཕྱིན། གཞན་དག་འགྲོ་བའི་མགོན་དང་། ཨ་མའི་བུ།  སྡོད་སའི་གནས། འབྲོག་པའི་ནོར། རོང་བའི་ཞིང་། དྲན་པའི་མི་སོགས་འདོན་ཚེ་གཅོད་མཚམས་ཀྱིས་སྒྲ་ལོག་ལས་དོན་ཤུགས་ཀྱིས་ལོག་པར་འགྱུར་བ་ངེས་་ཤིང་། ལར་སྔགས་ཀློག་པའི་ཚེ་ན་ཡང་གཅོད་མཚམས་ཉམས་པའི་རྐྱེན་བྱས་ཏེ་དོན་ལོག་པ་རང་རེ་ལ་ཤིན་ཏུ་མང་སྟེ། དཔེར་ན་“ཏེཥནྩཡོ་ནི་རོ་དྷ་”ཞེས་བཀླག་པའི་ཚེ་ན་ཡང་དག་གཅོད་མཚམས་ནི་“ཏེ་ཥནྩ་ཡོ”ཞེས་བཅད་ནས་དེའི་འཕྲོ་“ནི་རོ་དྷ་”ཞེས་འདོན་ཚེ་རྒྱུད་ལ་འགག་པ་གང་ཡིན་པ་ཞེས་པའི་དོན་ལེགས་པ་འབྱུང་མོད། དེང་སྐབས་གྲྭ་ས་སོགས་ནས་འདོན་ཚུལ་ནི་“ཏེཥནྩ་”ཞེས་བཅད་ནས་“ཡོ་ནི་རོ་དྷ་”ཞེས་འདོན་པ་ནི་ནོར་བ་ཡིན་པ་མ་ཟད། དེའི་དོན་ནི་མོ་རྟགས་འགག་པ་གང་ཡིན་པ་ཞེས་འབྱུང་བས་དགོད་ཁ་ལས་མི་འདུག་པས། དེའི་ཕྱིར་ཡིག་རིགས་གང་ཡིན་ཡང་གཅོད་མཚམས་ནོར་བ་ལས་འདོན་མི་བདེ་ཁར་གོ་བའང་འཛོལ་བར་བྱེད་པའི་སྐྱོན་བབས་པ་སྣང་བས།  འདི་ཡང་ཐོག་མའི་ཀློག་འདོན་བསླབ་མཁན་གྱིས་འགན་མ་བཞེས་པའི་སྐྱོན་ཙམ་ལས།  དེ་དཀའ་བ་སོགས་ཀྱི་གནད་ཆེ་བོ་མི་འདུག་པར། བསྡོམས་དེད་སྐབས་སུ་རྗེས་འཇུག་“ས་”ཡིག་སྦྱར་བའི་སྒྲ་ཙམ་ཐོན་ན་ཕལ་ཆེར་གནད་དོན་སེལ་ཐུབ་པ་འདོད།

 བཞི། རྗེས་འཇུག་གི་སྐོར་ནས་ཆེས་སྒྲ་མི་གསལ་བ་ནི་ར་སྒྲ་དང་ལ་སྒྲ།  མ་སྒྲ་དང་བ་སྒྲ་སོགས་མང་བོ་འདུག་སྟེ། དཔེར་ན། བཀག་ཅེས་པའི་སྒྲ་དང་བཀབ་ཅེས་པའི་སྒྲ་གཉི་ག་ཁྱད་མེད་པར“ཀབ་”ཀྱི་སྒྲ་ཙམ་འདོན་པ་དང་།  དམ་དང་དན་གཉིས་“དན་”རང་འདོན་པ།  འགྲན་དང་དྲན་གཉིས་“དྲན་”རང་འདོན་པ་སོགས་ཤིན་ཏུ་ཡིད་མི་ཆེས་པའི་གནས་བབས་འདི་འདྲ་ཡང་མཐོང་རྒྱུ་འདུག་ལ། དེ་བས་ར་སྒྲ་ལྕེ་རྩེ་དང་ཉེ་བར་འབྱིན་པ་དང་། མ་སྒྲ་མཆུ་བཙུམ་པ་སོགས་གང་ལ་ཅི་ནུས་ཀྱིས་གསལ་ཁ་དོད་པ་བྱེད་རྒྱུ་དང་། དེའང་ས་སྐྱ་བསོད་ནམས་རྩེ་མོས། “བ་མས་ཕུལ་ལ་ཐོག་མར་ནི། །མཆུ་བཙུམ་པ་ལ་ཁྱད་པར་སྣ། །”ཞེས་པའི་ཚེ་ན། རྗེས་འཇུག་བསྡུ་བ་ལ་སྒྲ་གསལ་བ་ལོས་གལ་ཆེ་སྟེ། མཐའ་ན་སྔོན་འཇུག་གི་དབང་གིས་ཀློག་པའི་ཚེ་ན་མཆུ་བཙུམ་དགོས་པ་སོགས་བསྟན་ཏེ། དཔེར་ན། “བཀྲ་”ཞེས་པའི་ཚེ་མཆུ་བཙུམ་པ་ཅན་ཡིན་ཡང་ང་ཚོའི་ས་ཕྱོགས་ཀྱིས་“བཀྲ་”ཞེས་ངག་ནས་བརྗོད་པའི་ཚེ་ན། སོ་དབར་ནས་དབྱུང་བ་ཁོ་ན་མ་གཏོགས་བཙུམ་པ་ནི་ཉིན་མོའི་སྐར་མ་བཞིན་སྣང་བས། བྱིངས་ན་སྒྲ་དག་པ་གལ་ཆེ་བ་རྟགས་འཇུག་སོགས་ལས་ཤེས་གསལ་ལྟར་མུ་ནས་འདི་ལྟར་ལྷག་ཚེ། འཆད་ཁྲིད་དང་།  གྱེར་འདོན། སྒྲོག་འདོན་སོགས་བྱེད་པའི་སྐབས་ན་མི་རབས་ཕྱི་མ་སྐོར་ཅིག་ལྕེ་ཆད་པའི་ངང་ཚུལ་རང་མི་འགྲོ་བའི་ངེས་པར་མི་འདུག་ཕྱིན། མི་གསལ་བ་དང་། མ་དག་པ། སྒྲ་ཉམས་པ་སོགས་ཀྱི་སྐྱོན་མང་དུ་འབབ་པར་དོ་སྣང་བྱེད་དགོས་ཤིང་།  ས་སྐྱ་བསོད་ནམས་རྩེ་མོས། “ངག་གིས་དེ་ལྟར་མ་ཤེས་ན། །ཡིད་ཀྱི་ཤེས་པས་ཅི་ཞིག་ཕན། །”ཞེས་གསུངས་པ་བཞིན་ནོ།།

 ལྔ། ཅུང་རྒྱུན་མཐོང་མ་ཡིན་པའི་ཡི་གེ་སྐོར་ཞིག་ཀྱང་སློབ་ཆུང་དང་འབྲིང་གཉེར་རིམ་པའི་སློབ་མས་འདོན་མ་ཤེས་པའི་གནས་ཚུལ་ཡང་འཕྲད་དེ། དཔེར་ན་བགྱི་དང་། འགྱིག སྤྱིན། ཧྲུལ། ལྗིན། རྦད། སྦེད་ལྟ་བུ་སྐོར་ཞིག་མཐོང་བ་སོགས་ཉུང་དྲགས་པ་ཡིན་པ་འདྲ་སྟེ།  འཕྲལ་དུ་འདོན་མི་ཐུབ་པ་དང་།  འདོན་ན་ཡང་སྒྲ་མི་དག་པ།  ཐེ་ཚོམ་གྱི་གནས་སུ་གྱར་བ་སོགས་ཀྱིས་དོགས་མི་བདེ་བའི་བསམ་པ་ཡང་ཡང་སྐྱེས་པ་དང་།  འདི་ལ་བལྟས་ན་རང་ཅག་གི་བྱིས་པ་ཚོས། རང་སྐད་དང་ཉེ་བའི་དཔེ་ཆ་དང་།  འདོན་ཆ།  དག་ཡིག་སོགས་གཟིགས་རྒྱ་དང་མཁྱེན་རྒྱ་ཆུང་བའི་ངང་ཚུལ་ཞིག་ཤུགས་ཀྱིས་རྟོགས་ནུས་ཤིང་། ད་ལྟའི་གནས་བབས་སོགས་ལས་དེ་བས་ཀྱང་བེད་སྤྱོད་ཀྱི་བསམ་བློ་ཤིན་ཏུ་ཉག་ཕྲ་བའི་ལྟས་ཤིག་ཀྱང་མཐོང་ཕྱིན། དཔེ་ཀློག་དང་འབྲེལ་ནས་དཔེ་ཆ་མང་ཙམ་འོས་སྦྱོར་བྱེད་པ་དང་། དེའི་སྐོར་གྱི་ཐ་སྙད་གསོག་བསྡུ་ལ་ཤུགས་རྒྱག་རྒྱུ་གལ་ཆེ་བ་འདོད་ཅིང་། ལར་ལོ་རབས་བརྒྱད་ཅུ་པའི་ནང་ནས་བྱུང་བའི་བོད་ཀྱི་རྩོམ་པ་པོ་དང་། རིག་གནས་པ་སོགས་ཀྱི་རྨང་གཞི་འཇོག་སྟངས་ཀྱང་སློབ་གྲྭའི་ཀློག་འདོན་གྱི་གོ་རིམ་བརྒྱུད། ཞོར་དུ་རང་ངོས་ནས་(གེ་སར་གྱི་སྒྲུང་དང་། མི་ལའི་རྣམ་མགུར། བྱ་སྤྲེའུ་གཏམ་རྒྱུད།  མི་རོ་རྩེ་སྒྲུང་)སོགས་ཀློག་པ་ཤིན་ཏུ་མཉེས་པའི་དབང་གིས་ཀློག་འདོན་དང་། གོ་བ་ལེན་སྟངས།  ཐ་སྙད་ཀྱི་གསོག་འཇོག སྐད་ཆའི་འགྲོས་སོགས་ཆུང་ནས་སྐྱེས་སྟོབས་ཆེ་བ་ཞིག་ད་ནས་ཕྱིར་རྟོག་རེ་བྱས་ན་མཐོང་ཡོང་གིན་འདུག་མོད། འོན་ཀྱང་ད་ལྟ་དེ་འདྲ་ཞིག་མ་ཡིན་པའི་ཚོར་བ་ཞིག་ཡང་ནས་ཡང་དུ་སྐྱེ་བཞིན་འདུག

 དྲུག དགོད་ཤོར་བ་ཞིག་ནི་གཏམ་དཔེ་ལ། “མགོ་མ་ཚོས་གོང་ལ་ལྕེ་བསྙབ་”ཅེས་པ་བཞིན་དགེ་རྒན་རེ་འགས།  སྤྱིར་ཡིན་ན་གསལ་བྱེད་ཀ་ཁ་ནས་འགོ་བཙུགས་ཏེ། རིམ་བཞིན་དབྱངས་དང་།  མགོ་འདོགས་བརྩེགས་གསུམ།  སྔོན་རྗེས་མིང་གསུམ།  སྔགས་ཡིག་སོགས་འབྲུ་དེད་ནས་རྨང་གཞི་གཏིང་ཚུགས་པར་བྱེད་དགོས་པ་དང་།  དེའང་ལོ་ངོ་གསུམ་དང་བཞི་ཙམ་སྦྱོང་བ་ལྷོད་མེད་བྱས་ཚེ་བསྡོམས་དེད་རང་བཞིན་ཤུགས་ཀྱིས་འབྱུང་བ་ཡིན་ཏེ།  དེའི་ཚེ་ན་དཔེ་ཆ་འདྲ་མིན་གང་ཞིག་ཀློག་ཀྱང་“ཡིག་རྐང་”ངམ་“ཡིག་རྩལ་”ཕུལ་དུ་ཕྱིན་པ་སོན་ཡོད་སྟབས། སྒྲ་མི་གསལ་བ་དང་འདོན་ནོར་འབྱུང་བ།  ཐང་ལྷོད་བྱེད་པའི་སྐྱོན་སོགས་ཕལ་ཆེར་མི་འབྱུང་བ་སྔོན་གནས་ཀྱི་དགེ་རྒན་ཉམས་མྱོང་ཅན་དག་གིས་གསུངས་པ་ཐོས་ན་ཡང་།  དེང་སྐབས་ཀླད་སྟོངས་སྐོར་ཞིག་གིས་སློབ་མ་ཚོས་འབྲུ་དེད་ཡག་པོ་མ་འཁྱོང་ཁར།   རྡོ་ཆག་བཙན་བསྒྲིགས་ལྟ་བུ་བསྡོམས་དེད་བྱེད་དུ་བཅུག་པ་དང་།  དེའང་མེ་ཏོག་དང་།  གངས་རི།   འབྲོག་ཕྲུག  རོང་མོ་ལྟ་བུ་དག་ཨུ་ཚུགས་ཀྱིས་བློ་རུ་འཛིན་ཐབས་བྱེད་པའི་ཁྲིད་ཐབས་ཀྱི་རྣམ་པར་འདི་ནི།  ཤ་རློན་མ་ཚོས་པ་ཁྱུར་མིད་བྱེད་དུ་བཅུག་པ་དང་འདྲ་ལ་དེའི་མཇུག་འབྲས་ཁོང་ནད་ཀུན་གྱི་རྒྱུ་མ་ཞུ་བ་གསོག་པ་ལྟར་ཡིན་པས།  གོ་རིམ་དོན་དང་ལྡན་པར་བྱ་རྒྱུ་ཅིས་ཀྱང་རྒན་མིང་འཛིན་པ་རྣམས་ཀྱིས་ཉམས་འཇོག་རེ་གནང་དགོས་པ་ལས།  འདི་ལྟར་བྱས་ཚེ།  “རྒྱུད་ལས་མུན་ཁུང་འབེན་ལ་བརྡེག་པ་འདྲ། །”ཞེས་པའི་སྣང་ཚུལ་ཙམ་དུ་ཟད་པས།  ཐོག་མའི་གོ་རིམ་འདི་ཞིབ་ཏུ་མ་ཡོང་ཚེ། རྗེས་སུ་སློབ་གཉེར་བ་དག་གིས་ཡི་གེ་རེ་འདོན་པའི་དུས་ན། རྒྱ་གླིང་འབུད་པ་ལྟ་བུ་མ་ཡིན་པ་ཁྱི་ཟུག་པ་ནང་བཞིན་འགྱུར་བ་དང་།  རྐྱང་ཤེས་འགྲོས་ལྟར་མ་ཡིན་པ་འཐེང་པོ་འགྲོ་བ་ནང་བཞིན་འགྱུར་ངེས་རེད།

 བདུན། གཞན་ད་དུང་བྲིས་གཟུགས་ཀྱི་བྲིས་ཁ་མི་ཤེས་པ་དང་།  འབྲི་བའི་ཚེ་ན་ཤད་མི་འབྲི་བའི་གོམས་གཤིས་ཤིག་ཀྱང་མཐོང་བ་བདེན་ལ།  འདི་དག་ཞིབ་ཅིང་ཕྲ་བ་ཕྱིས་སུ་དཔྱད་རྩོམ་རེ་ནས་མཇལ་འཕྲད་ཐུབ་ན་བསམ་པ་དང་།  ལྷག་དོན་སློབ་ཆུང་ལ་ཀློག་འདོན་དང་འབྲིང་རིམ་ཚོ་ལ་བརྡ་དག་གི་ཆ་འདི་ཤིན་ཏུ་གལ་ཆེ་བ་ཕྲན་གྱི་“བསེ་ཚང་ཚང་གི་ཀ་རྩོམ་《བསླབ་པར་བྱ་བའི་གཏམ་》ཞེས་པའི་གལ་གནད་སྐོར་ཅུང་ཙམ་གླེང་བ་”ཞེས་པའི་ནང་དུ་ཅུང་བྲིས་ཡོད་པ་དེ་རུ་གསལ་བ་དང་།གཅིག་བྱས་ན་ཁོ་བོས་བྲིས་པའི་གནས་ཚུལ་འདི་དག་གང་ཟག་རེ་འགར་ཡིད་མི་ཆེས་པའི་དོགས་པ་ཡང་འཕྲད་སྲིད་ཀྱང་། ཁྱེད་ཅག་གིས་དལ་མོ་ཉམས་ཞིབ་བྱོས་དང་ཕྱིས་སུ་དེ་བས་ཀྱང་ཇེ་མང་དང་གནས་ཚུལ་ཛ་དྲག་ཏུ་འགྲོ་བ་གདོན་མི་ཟ་བ་འདུག་སྟེ།  གཅིག་ན། དགེ་རྒན་གྱི་ངོས་ཐད་ནས་སྒྲ་མི་དག་པའི་ཁ་དིག་ཅན་མང་དུ་འབྱུང་མུས་སུ་ཡོད་པ་དང་།  གཉིས་ན། རྒྱུན་མཐོང་གི་དཔེ་ཆ་དང་སྦྱོང་དེབ་རེ་འགའ་ལས་མིང་ཚིག་སླ་བ་ཡ་ཅན་(མིག)དང་། ཆ་ཅན་(ལག་པ)ལྟ་བུ་རེ་འགའ་ལས་མཐོང་རྒྱུ་ཉུང་བ་དང་། གསུམ་ན། རང་ཉིད་ཀྱི་མིང་བརྡ་སོགས་ཁ་བརྡ་དང་དཔེ་ལྟ་ཁྲོད་ནས་ཉམས་དམའ་བ་དང་བཀོལ་སྤྱོད་ཁྱབ་ཆུང་དུ་འགྲོ་བཞིན་པ་བཅས། གནད་དོན་འདི་དག་ཁོ་བོས་བསམ་ན་གནས་སྐབས་མེ་སྟག་ཙམ་ལས་མི་མཐོང་ན་ཡང་།  ཉེན་འགོག་གི་འདུ་ཤེས་མཐོ་འདེགས་སུ་གཏོང་མ་ཐུབ་ཚེ་སྒྲ་ཡི་སྦྱོར་བའི་གསལ་དག་གི་ཟླ་བ་འདི་ཉིད་རེ་ཞིག་སྤྲིན་རིམ་གྱིས་བསྒྲིབ་པར་ཐག་མི་རིང་ཞིང་། “ཀྲུང་ཧྭ་རིག་གནས་ཀྱི་བང་མཛོད་བརྟན་སྲུང་གི་ཆེད་དང་། མི་རིགས་རིག་གནས་ཀྱི་དཔལ་ཡོན་ཆེད་དུ་”ཅིས་ཀྱང་བསམ་གཞིག་བྱེད་འོས་ལ་ཞེས་ཞུ་ན་འདོད་པ་ཡིན་ལ། དེ་ལྟར་ཟླ་བ་གཅིག་གི་མཐོང་ཐོས་ཙམ་ལས་མ་འདས་པས།  གཞི་རྒྱ་ཆེ་བའི་ཞིབ་འཇུག་དང་ལྷག་བསམ་མཚོན་མི་ཐུབ་ན་ཡང་། དགེ་རྒན་དང་།  སློབ་མ།  ཁྱིམ་བདག་ཚང་མས་དོ་སྣང་བྱེད་འོས་པའི་གནད་འགའ་ཞིག་ཅིས་ཀྱང་འདུག་པས།  གྱི་ན་བས་ཟིན་བྲིས་འདི་ཉིད་དག་བཅོས་དང་ཁ་སྐོང་བྱས་ཏེ་སླད་མ་བསམ་ཤེས་ཅན་རེ་ལ་སྐུལ་ལྕག་རེ་ཐེབས་ན་བསམ་པ་དང་བཅས་བྲིས་ཤིང་།  དགུན་གནང་གི་ཟླ་བ་དེའི་ནང་དོན་འབྲས་ཆེ་ཞིག་མ་སྨིན་ན་ཡང་།  ངས་ཁོང་ཅག་གི་ནོར་བ་དང་ཁ་སྐོང་གི་རི་མོ་དེ་དག་གསལ་བོ་ཞིག་བྲིས་རྗེས།  ཕྱི་དྲོ་ཞིག་ལ་འདྲུལ་འཐེན་རྙིང་གོག་གཅིག་གི་ནང་དུ་མལ་གོས་དང་དཔེ་ཆ་སོགས་བཞག་ནས་སྤྲོ་སེམས་དང་བཅས་ཕྱིར་ཁྱིམ་དུ་ལོག་ཅིང་། ཉིན་གསུམ་གྱི་རྗེས་ནས་དར་མདོ་ལ་ཆས་པ་ཡིན།

2023 /11 /22ཉིན་མཇུག་གྲུབ།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章