ངས་ཉེ་ལམ་ཆ་རྐྱེན་འདི་དག་ཚང་བའི་ཆུང་མ་ཞིག་འཚོལ་གྱིན་ཡོད།

文化   2024-08-30 22:34   四川  
ངག་སྙིང་གཏམ་དང་འགྲོགས་ཤིང་སེམས་ཁྱོ་ག་དང་འགྲོགས་པའི་ཆུང་མ་ཞིག་དགོས།

ལུས་བོད་གོས་དང་འགྲོགས་ཤིང་ཁ་བོད་ལྕེ་དང་ལྡན་པའི་ཆུང་མ་ཞིག་དགོས།


རྒྱ་ཡིག་དང་དབྱིན་ཡིག་གང་ཡང་མ་ཤེས་ནའང་བོད་ཡིག་གི་སྦྱོར་ཀློག་དག་མར་ཀློག་ཐུབ་པའི་ཆུང་མ་ཞིག་དགོས།


མི་རིགས་དང་རྒྱལ་ཁབ་ལ་ཞབས་འདེགས་ཅི་ཡང་མ་འགྲུབ་ནའང་རང་གི་ཁྱིམ་ཚང་དང་བུ་ཕྲུག་ལ་འགན་ཁུར་བའི་ཆུང་མ་དགོས།


གསར་གཏོད་དང་ནང་འདྲེན་གང་ཡང་མི་ནུས་ནའང་རོང་འབྲོག་གཉིས་ཀྱི་ལས་ཀར་བྱང་ཆུབ་པའི་ཆུང་མ་ཞིག་དགོས།


འགྲོ་ཀུན་སྙིང་རྗེས་སྐྱོང་མཁན་ཞིག་མིན་ཡང་རུ་སྡེ་དང་ཁྱིམ་མཚེས་ལ་མཐུན་སྒྲིལ་དང་བསྟུན་ཤེས་ཡོད་པའི་ཆུང་མ་ཞིག་དགོས།


རྣམ་དཔྱོད་ཀྱི་གློག་ཞགས་འཁྱུག་མཁན་ཞིག་མིན་ཡང་ཡབ་མེས་ཀྱི་འདས་པོ་ཚོའི་མཚང་མི་འབྱིན་པའི་ཆུང་མ་ཞིག་དགོས།


རིག་གཞུང་དང་བསམ་བློ་འཆད་པའི་སྨྲ་ལྕེ་མེད་ཀྱང་མཛའ་མཐུན་དང་སྤུན་ཟླའི་བར་ལ་དབྱེན་དཀྲུག་མི་བྱེད་པའི་ཆུང་མ་ཞིག་དགོས།


ཕྱི་ནང་གི་གྲུབ་མཐར་དགག་སྒྲུབ་མ་ཤེས་ཀྱང་མཆོག་གསུམ་གྱི་ལྷ་ལ་དད་ཞེན་གཙང་མ་ཡོད་པའི་ཆུང་མ་ཞིག་དགོས།


དཔེ་ཀློག་དང་དཔེ་བལྟས་ཁོ་ནས་མི་ཚེ་སྐྱེལ་མཁན་ཞིག་མིན་ཡང་རིག་གཞུང་གི་དཔེ་དེབ་མཐོང་ན་སུན་སྣང་མི་སྐྱེ་བའི་ཆུང་མ་ཞིག་དགོས།


ཡ་རབས་དང་གཞུང་དྲང་ཁོ་ནས་འཚོ་བ་ཞིག་མིན་ཡང་ནོར་འཁྲུལ་དང་སྟེས་དབང་ལ་གཟོད་སྒོམ་དང་གུ་ཡངས་ཐུབ་པའི་ཆུང་མ་ཞིག་དགོས།

དེ་དང་དེ་བཞིན་དུ་རིགས་ཀྱི་རྒན་པ་དང་ཕ་མར་སྲིད་ཞུ་སྒྲུབ་ཤེས་པའི་ཆུང་མ་ཞིག་དགོས།


མདོར་ན་བོད་དག་མ་ཞིག་གམ་ཡང་ན་ཁྲེལ་དང་ངོ་ཚ་ལྡན་པའི་བུད་མེད་གནལ་མ་ཞིག་ཡིན་དགོས།


རྩོམ་པ་པོ། ཡུལ་ཤུལ་ཚེ་རིང་།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章