སངས་རྒྱས་ཀྱི་བཀའ་དང་འགལ་བའི་ང་ཚོ་བོད་ཀྱི་བླ་སྤྲུལ་ཚོའི་བྱ་སྤྱོད།

文化   2024-09-09 22:17   西藏  
སངས་རྒྱས་ཀྱི་བཀའ་དང་འགལ་བའི་བོད་ཀྱི་བླ་སྤྲུལ་གྲྭ་བཙུན་ཚོའི་བྱ་སྤྱོད།


རྩོམ་པ་པོ། ལྷ་སད་སྨྲ་ཕོད།


   དེང་གི་དུས་འདིར་བོད་ཀྱི་དགོན་སྡེ་སྤྱིའི་བྱ་སྤྱོད་དང་བྱེ་བྲག་བླ་སྤྲུལ་གྲྭ་བཙུན་ཚོའི་བྱ་སྤྱོད་འགའ་ནི་ཏག་ཏག་སངས་རྒྱས་ཀྱི་བཀའ་ལ་སྣང་མེད་དང་རྒྱབ་འགལ་དུ་སོང་འདུག་པས་དེ་དག་མང་ཚོགས་ཀྱི་སྣང་ངོར་དད་ཡུལ་ཡིན་ན་ཡང་། ཤེེས་ཡོན་པ་དག་གིས་མཐོང་ཚེ། ཁོ་ཚོས་བོད་ཀྱི་བླ་སྤྲུལ་གྲྭ་བཙུན་དག་ལ་ཞེ་ལོག་སྲིད་པའི་ཚོད་ལས་མི་གདའ། ད་དུང་སངས་རྒྱས་ཀྱི་བཀའི་རྒྱབ་ཏུ་ལངས་ནས་ཁོ་ཚོའི་བྱ་སྤྱོད་ལ་ངོ་རྒོལ་ཡང་བགྱི་སྲིད་པའི་ཉེན་ཁ་ཡང་སྣང་ངོ་། ། སྐབས་དེར་“གང་ཟག་ལ་མ་རྟོན་ཆོས་ལ་རྟོན་”ཟེར་བ་བཞིན་བོད་ཀྱི་བླ་སྤྲུལ་གྲྭ་བཙུན་ཚོ་ལ་དད་པ་དག་སྣང་བགྱི་མཁན་ཞིག་ཕལ་ཆེར་ཡོད་དཀའ། 


   དེས་ན་ཤེས་ཡོན་གྱི་མི་སྣ་ཤ་མོང་རྡོལ་རྡོལ་གྱི་དུས་རབས་འདིར་སངས་རྒྱས་ཀྱི་བཀའ་ལ་ཡིད་ཆེས་བགྱི་མཁན་ཇེ་མང་ནས་ཇེ་མང་དང་། དེ་དང་རྒྱབ་འགལ་དུ་སོང་བའི་བོད་ཀྱི་བླ་སྤྲུལ་གྲྭ་བཙུན་ཚོའི་བྱ་སྤྱོད་ལ་ཡིད་ཆེས་བགྱི་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཕྱིར་དེ་ནི་དགའ་འོས་པའི་བྱ་བ་ཞིག་དང་སངས་རྒྱས་ཀྱི་བསྟན་པ་ཡང་དག་པ་ཞིག་བོད་དུ་དར་བཞིན་ཡོད་པའི་རྟགས་རེད་མོད། འོན་ཀྱང་ད་དུང་སངས་རྒྱས་ཀྱི་བཀའ་དང་འགལ་བའི་བོད་ཀྱི་གྲྭ་བཙུན་ཚོའི་བྱ་སྤྱོད་ལ་དད་པ་དང་དག་སྣང་བགྱི་མཁན་སྔར་བཞིན་གནས་ཡོད་པ་དང་། ཁོ་ཚོས་དེ་དག་སངས་རྒྱས་ཀྱི་བཀའ་དང་འགལ་ཡོད་མེད་ད་དུང་རྟོགས་ཐུབ་མེད། ངས་སངས་རྒྱས་ཀྱི་བཀའ་དང་འགལ་འདུག་ཟེར་བ་འདི་ཡང་གཞན་གྱིས་བཤད་ཚུལ་ཙམ་དང་ཟེར་སྒྲོས་ཙམ་མིན་པར་དེང་སང་དངོས་ཡོད་གནས་ཚུལ་དུ་མཐོང་རྒྱུ་ཡོད་པ་ཞིག་རེད། ངོ་མ་ཁོ་ཚོའི་བྱ་སྤྱོད་དེ་དག་ལ་བསམ་ན་ཡིད་སྐྱོ་དགོས་པ་དང་བློ་ཕམ་དགོས་པ་ཞིག་རེད། བོད་ཀྱི་བླ་སྤྲུལ་གྲྭ་བཙུན་ཚོ་མཐོང་མི་འདོད་མཁན་དག་རྒྱུ་མཚན་མེད་པ་དང་ཆོས་ལུགས་ལ་ཡེ་ནས་མི་དགའ་བས་ལར་ནས་མ་རེད་འདོད། ཁོ་ཚོའི་བྱ་སྤྱོད་ངན་པ་དེ་དག་གིས་བཟོས་པ་རེད། སྤྱིར་ནང་པ་སངས་རྒྱས་པ་ནི་འཚེ་མེད་སྙིང་རྗེ་སྨྲ་བའི་རིང་ལུགས་དང་། གཞན་ལ་གནོད་པ་སྤངས་པ། སེམས་ཅན་ཀུན་རང་གི་མ་མ་བྱས་པ་གཅིག་ཀྱང་མེད་པར་སྨྲ་བའི་ཆོས་ལུགས་ཤིག་རེད། རང་གི་མ་ཤ་ཟ་མཁན་ནི་ནང་པའི་དགག་བྱར་གྱུར་ཡོད། ནང་པའི་རྗེས་སུ་འཇུག་པའི་རབ་ཏུ་བྱུང་བ་ཞིག་ཡིན་ནས་བཟུང་ངེས་པར་དུ་གཞི་ཚུལ་ཁྲིམས་རྣམ་པར་དག་པའི་སྒོ་ནས་འདུལ་བ་དང་བསྟུན་རྒྱུ་ནི་རྩ་དོན་ཡིན་ལ། གལ་ཏེ་དེ་དང་འགལ་ཚེ་སྡོམ་པ་ཤོར་བ་རེད། གོ་བདེ་ཙམ་བཤད་ན་རང་གི་དམ་བཅའ་ཤོར་བ་རེད། དེ་ལས་ལྡོག་སྟེ་ལྐོག་ལ་སྡོམ་པ་རུལ་ཡང་གྲྭ་ཆས་གྱོན་ཏེ་དཀོར་ཟས་ཟ་བཞིན་བསྡད་ན་སངས་རྒྱས་ཀྱི་བཀའ་དང་འགལ་བར་མ་ཟད། ལས་རྒྱུ་འབྲས་ལ་བརྩི་སྲུང་མ་བྱས་པ་དང་། ལས་རྒྱུ་འབྲས་ལ་རྒྱབ་གཏོད་བྱས་པ་རེད། ཁོ་རང་ནང་པ་སངས་རྒྱས་པའི་ཆོས་པ་ཡིན་པ་ཁས་ལེན་ཐབས་བྲལ་བ་རེད། འདི་དག་བོད་ཀྱི་བླ་སྤྲུལ་གྲྭ་བཙུན་ནང་དུ་ཉུང་ཉུང་མ་རེད། གལ་ཏེ་འདིའི་རིགས་ཆེད་དུ་ཞིབ་འཇུག་ཅིག་བྱས་ཏེ་ཁྱབ་བསྒྲགས་བྱེེད་ན་ངོ་མ་ལྟད་མོ་ཡོད་རེད་འདོད། ཧ་ཧ་ཧ།


   རང་རེའི་བོད་ཀྱི་ལོ་རྒྱུས་ཐོག་ལ་བླ་སྤྲུལ་གྲྭ་བཙུན་ཁ་ཤས་ཀྱིས་སངས་རྒྱས་ཀྱི་བཀའ་དང་འགལ་བའི་ནག་ཉེས་ཚད་མེད་ཅིག་བསགས་ཡོད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། དཔེར་ན་ལྷ་ལུང་དཔལ་རྡོར་གྱིས་བོད་རྒྱལ་འུ་དམ་བཙན་པོ་བཀྲོངས་པ་དང་། བླ་སྤྲུལ་གྲྭ་བཙུན་ཁ་ཤས་ཀྱིས་སྲིད་དོན་གྱི་ཆེད་དུ་ས་དགེ་བཀའ་རྙིང་གི་གྲུབ་མཐའི་བར་ལ་དམག་ཚབ་ཆེན་བརྒྱབས་ནས་གྲྭ་པ་མང་པོ་ཞིག་འཆི་ལམ་དུ་ཤོར་བ་ལྟ་བུ་ནི་སངས་རྒྱས་ཀྱི་བཀའ་དང་འགལ་ཞིང་སངས་རྒྱས་ཀྱི་བསྟན་པ་ལ་གཟུགས་མེད་ཀྱི་རྨ་ཆེན་པོ་ཞིག་ཀྱང་བཟོས་ཡོད་པ་རེད། དེ་མིན་དེང་དུས་སུ་ཡང་བླ་སྤྲུལ་གྲྭ་བཙུན་ཚོས་སངས་རྒྱས་ཀྱི་བཀའ་དང་འགལ་བའི་བྱ་སྤྱོད་མང་པོ་ཞིག་མཐོང་རྒྱུ་འདུག འདི་ནི་ངས་རྟོག་བཟོ་དང་རྫུན་བཟོ་གང་ཡང་མིན་པར་ངའི་རོགས་པ་གྲྭ་པ་ཞིག་གིས་དངོས་སུ་ང་ལ་བཤད་པ་ཞིག་ཡིན། ཁོས་ཅི་ཡང་མ་གསང་པར་ང་ལ་འདི་ལྟར་བཤད་བྱུང་།


   ཁོ་རང་བཤད་གྲྭ་ག་གེ་མོ་རུ་སློབ་གཉེར་བགྱི་སྐབས་ཁོ་དང་ཁོའི་རོགས་པ་གྲྭ་པ་འགའ་མཉམ་དུ་དགོང་མོར་སྐྱ་ཆས་སྤྲད་དེ་བཤད་གྲྭའི་གྱང་མཆོངས་ནས་ཕྱི་རུ་གང་སར་འཁྱམས་མྱོང་ཟེར། དགོང་མོར་མང་ཆེ་བ་ནང་མ་KTVདང་སྒྲོམ་སྟེགས་སྤོ་ལོ་台球རྩེ་ས་དང་དྲྭ་ཁང་网吧བཅས་ལ་འགྲོ་གི་ཡོད་ཟེར། དགའ་རོགས་ཡོད་པ་དག་གིས་དགའ་རོགས་མཉམ་དུ་ཁྲིད་པ་དང་། ད་དུང་ཨ་རག་ཀྱང་འཐུངས་མྱོང་ཡོད་ཟེར། ཞོགས་པར་བཤད་གྲྭ་རུ་བསླེབས་རྗེས་གྲྭ་ཆས་གྱོན་ནས་བསྡད་ན་སུས་ཀྱང་ཧ་གོ་གི་མ་རེད་ཟེར། དེ་ཡང་ཐེངས་རེ་གཉིས་ཙམ་མིན་པར་ཁོ་རང་བཤད་གྲྭ་དེར་བསྡད་པའི་རིང་ལ་རོགས་པ་ཁོ་ཚོ་དང་མཉམ་དུ་རྒྱུན་གཏན་དེ་ལྟར་བྱས་ནས་བསྡད་ཀྱི་ཡོད་ཟེར། དེ་ཐོས་མ་དག་ང་རང་ཧང་སང་བྱུང་། མ་ཟད་ཁོ་རང་གཅིག་པུར་མིན་པར་བཤད་གྲྭ་དེའི་གྲྭ་པ་མང་ཆེ་བ་དེ་ལྟར་ཡིན་པ་ཤུགས་ལས་རྟོགས་ཀྱི་འདུག  ངས་དགག་པ་རེ་ཟུང་བརྒྱབ་ཚེ་ཁོ་ཚོས་ང་ལ་སངས་རྒྱས་བསྟན་པའི་ཞབས་འདྲེན་དང་ལྟ་ལོག་པ་ཞེས་ཞྭ་མོ་གཡོགས་ཏེ་ང་ལ་བདེན་པ་ཡོད་ཀྱང་ཁ་གྲག་ཏུ་བཅུག་གི་མི་འདུག དེ་ནི་ང་རང་ཆོས་ལུགས་ཀྱི་ཁོར་ཡུག་ཅིག་ཏུ་ཡོད་པས་ཡིན་ན་ཆོག ད་དུང་དགོན་སྡེའི་བླ་སྤྲུལ་གྲྭ་བཙུན་ཚོས་སེམས་ཅན་གྱི་ཤ་ཁྲག་ཟ་བ་ལ་རང་གི་མ་ལྟར་བསམ་རྒྱུ་ཕར་ཙམ་བཞག་ནས་སྙིང་རྗེ་ཙམ་ཡང་མི་སྐྱེ་བར་ཤ་ཁྲག་ལ་དགའ་ཞིང་ཤ་ཁྲག་ལ་རོལ་བཞིན་པ་འདི་རེད།


   རྒྱུན་གཏན་སེམས་ཅན་ཐམས་ཅད་རང་གི་མ་ཡིན་རབས་དང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་རྒྱུན་དུ་འདོན་མོད། སེམས་ཅན་གྱི་ཤ་ཁྲག་ཟོས་ན་འདོན་པ་དེ་ཚོ་སྐྱག་རྫུན་རང་རེད། འདི་ནི་སངས་རྒྱས་ཀྱི་བཀའ་དང་འགལ་ཞིང་ནང་ཆོས་ཀྱི་ལུགས་དང་རྩ་བ་ནས་མཐུན་ཐབས་མེད་པས་སངས་རྒྱས་དང་ནང་ཆོས་ཀྱི་ལྟ་བ་ལས་ཡོངས་སུ་ལོག་པ་རེད། འདི་དག་ལ་ལྟ་ལོག་ཅེས་བོས་ཀྱང་ཆོག་འདུག ད་དུང་སྙིང་རྗེ་དགོས་པ་དང་ཡིད་སྐྱོ་དགོས་པ་ཞིག་ནི། དགོན་པའི་འགོ་ཁྲིད་ཚོས་ཤ་མི་ཟ་མཁན་གྱི་གྲྭ་བཙུན་དག་ཆེད་དུ་ཤ་ལས་དང་དམར་ལས་ལས་སུ་བཅུག་པ་འདི་རེད། འདི་ཡང་གཞན་པ་ལས་སུ་བཅུག་པ་མཐོང་མྱོང་ཡོད་པ་མ་ཟད་རང་ཉིད་ཀྱང་ལས་སུ་བཅུག་མྱོང་། འདི་ནི་གྲྭ་བཙུན་རྣམས་ཀྱི་ལས་ཀ་ཞིག་ཡེ་ནས་མ་རེད།  དགེ་འདུན་པ་ལ་སེམས་ཅན་གྱི་སྲོག་གཅོད་དུ་བཅུག་པ་དང་གཅིག་པ་རེད། འདི་དག་ཏག་ཏག་སངས་རྒྱས་ཀྱི་བཀའ་དང་འགལ་བ་ཕྱིན་ཡོད། སངས་རྒྱས་ཀྱི་བཀའ་དང་མཐུན་ཟེར་ན་སུས་ཡིད་ཆེས་སྲིད། ནང་ཆོས་ཀྱི་ལུགས་དང་མཐུན་ཟེར་ན་སུས་ཁས་ལེན་སྲིད། ནང་པ་ཙམ་མིན་པར་འཛམ་གླིང་ཡོངས་དཀར་ཟས་རིང་ལུགས་འགྱུར་བཞིན་པའི་དུས་འདིར། བོད་ཀྱི་དགོན་སྡེ་དང་བླ་སྤྲུལ་གྲྭ་བཙུན་དག་ནི་འཛམ་གླིང་ཡོངས་ཀྱིས་ངོ་རྒོལ་བྱེད་ས་ཞིག་ཏུ་འགྱུར་བ་ལ་ཐེ་ཚོམ་གང་ཡང་མི་འདུག 


   བོད་ཀྱི་བླ་སྤྲུལ་གྲྭ་བཙུན་མང་ཆེ་བ་བཤད་གྲྭ་དང་སློབ་སྦྱོང་གི་མཐུན་རྐྱེན་མ་ཚང་བས་སྐྲ་བྲེག་ལུས་རྗེས་བ་ཙམ་ལས་སངས་རྒྱས་ཀྱི་བཀའ་ངོ་མ་དེ་མི་ཤེས་ལ་ཉམས་ལེན་ཡང་མི་ཐོབ། བཤད་གྲྭ་དང་སློབ་སྦྱོང་གི་མཐུན་རྐྱེན་ཚང་བ་དག་གིས་ཅུང་ཤེས་ན་ཡང་། རང་རྒྱུད་འགྱུར་རྒྱུ་དང་། འདུལ་རྒྱུ། སྙིང་རྗེ་སྐྱེ་ཐབས་དང་བདག་མེད་རྟོགས་ཐབས་ལ་མི་འབད་པར་རྒྱུན་གཏན་ལག་པ་ན་ན་རྩོད་པ་རྒྱག་གི་ཡོད་པ་རེད། དེ་ཙམ་གྱིས་ཁོ་ཚོ་ལ་དད་པ་བྱ་དགོས་དོན་ཅི་ཡང་མི་འདུག ཁོ་ཚོ་ལ་དད་པ་བྱས་ན་དགེ་མི་དགེ་གང་ཡིན་ཐེ་ཚོམ་རེད་འདུག སངས་རྒྱས་ཀྱི་བཀའ་དང་འགལ་བ་ཞིག་ལ་དད་པ་བྱ་དགོས་ན་ཕྱི་རོལ་པ་ལ་དད་པ་བྱས་པ་དང་ཁྱད་པར་གང་ཡོད། སྤྱིར་དད་པ་ལ་དད་ལུགས་ཡོད་པ་ལས་མཐོ་མཐོ་རྫིག་རྫིག་དང་དམར་དམར་གྱོན་ཚད་ལ་དད་པ་བྱ་མི་རུང་བ་ནི་ནང་པའི་མཁས་པ་མང་པོས་གསུངས་ཚར་བ་རེད། ཡིིད་བཞིན་མཛོད་སྨད་ཆའི་ནང་དུ་“དང་པོ་བརྟག་ནས་ཆོས་དང་བླ་མ་བཟུང་”ཞེས་གསུངས་ཡོད་པ་ལས་དང་པོ་མ་བརྟག་ཆོས་དང་བླ་མ་བཟུང་ཞེས་གསུངས་མེད་པ་འདི་ང་ཚོས་ཤེེས་དགོས་པའི་གནས་ལུགས་ཤིག་རེད། འདི་ནི་དཔང་རྟགས་ཤིག་ཀྱང་རེད་དོ།།


   དེང་སང་བོད་ཡུལ་བླ་སྤྲུལ་གྱིས་གང་ཡོད། གལ་ཏེ་བླ་སྤྲུལ་ཁོ་ནས་ཆེན་པོ་ཞིག་འཇོན་གྱི་ཡོད་ན་བོད་མི་རིགས་འདི་ཨ་རི་ལས་སྔོོན་མ་ནས་བརྒལ་ཚར་ཡོད། བླ་སྤྲུལ་མང་བས་བོད་ལ་ཅི་ཡང་འཇོན་མེད་པ་ད་ལྟའི་ང་ཚོའི་གནས་བབ་འདི་ལ་ལྟོས་དང་། བོད་འདི་རྨོངས་དད་ཆེ་བ། རིག་གནས་མེད་པ། ཡིག་རྨོངས་མང་བ། མཐོང་རྒྱ་ཆུང་བ། དཔལ་འབྱོར་མེད་པ། བསམ་བློ་མེད་པ། སློབ་གསོ་མེད་པ་འདི་རེད། བོད་ཀྱི་བླ་སྤྲུལ་མང་ཆེ་བ་ནི་བུད་མེད་ལ་དགའ་བ། ཁྱིམ་ཚང་གི་ཕྲུ་གུའི་ཨ་ཕར་གྱུར་པ། རླངས་འཁོར་རྫིག་པོ་ལ་མགོ་འཁོར་བ། བུད་མེད་གཞན་དག་ལ་ལོག་གཡེམ་བགྱི་རྒྱུར་དགའ་བ་བཅས་གང་ལྟར་རྒྱ་ཡི་ཕྱུག་བདག་དེ་ཚོ་དང་ཁྱད་པར་གང་ཡང་མི་འདུག སངས་རྒྱས་བསྟན་པ་ལ་འགན་མི་ཁུར། རང་དགོན་ལ་ལྷག་བསམ་མེད། རྒྱུ་ནོར་ཡོད་ན་བཤད་གྲྭ་དང་སྒྲུབ་གྲྭ་བསྐྲུན་རྒྱུར་མི་གཏོང་བར་བུད་མེད་དང་རླངས་འཁོར་སྟེང་དུ་བཏང་བ་འདི་རེད། དགོན་པར་ཤེས་ཡོན་ཅན་རེ་ཟུང་ཡོད་པ་དེ་དག་རྒྱང་འབུད་གཏོང་གང་ཐུབ་དང་། ཐོས་བསམ་ལ་བཀག་རྡོ་བཟོ་ཅི་ཐུབ། རང་དགོན་པ་དང་གྲྭ་བཙུན་གྱི་མདུན་ལམ་ལ་བསམ་བློ་མི་གཏོང་བ། རང་ཉིད་སྐྱིད་པོ་རྒྱག་པོ་ཁོ་ནར་བྱས་ནས་འདུག་མཁན་གྱི་བླ་སྤྲུལ་ཚོའི་མདོག་འདི་རེད། བསྟན་པ་ལ་ཅི་ཡང་མི་ཕན་པའི་བླ་སྤྲུལ་འདི་དག་སངས་རྒྱས་བསྟན་པའི་ཞབས་འདྲེན་དང་བསྟན་བཤིག་ངོ་མ་དེ་ཆགས་འདུག ཁོ་ཚོའི་བྱ་སྤྱོད་འདི་དག་སངས་རྒྱས་ཀྱི་བཀའ་དང་ནམ་ཡང་མཐུན་ཐབས་མེད། དེ་བས་ལས་རྒྱུ་འབྲས་དང་ནམ་ཡང་མཐུན་ཐབས་མེད། སངས་རྒྱས་ཀྱི་བསྟན་པ་ལ་ནག་ཐིག་བཟོ་མཁན་གྱི་ཉེས་ཅན་གཏེ་པོ་ངོ་མ་དེ་བོད་ཀྱི་བླ་སྤྲུལ་གྲྭ་བཙུན་བསམ་བློའི་ཆུ་ཚད་དམན་ཞིང་ཐོས་བསམ་སྒོམ་གསུམ་མེད་པ་འདི་དག་རེད། ང་རང་སངས་རྒྱས་ཀྱི་རྗེས་འཇུག་ཅིག་དང་ཁོང་གི་བཀའ་ལ་སློབ་སྦྱོང་བྱེེད་མཁན་ཞིག་ཡིན་པའི་མིང་ནས། ཁོང་གི་བཀའ་དང་འགལ་བའི་བོད་ཀྱི་བླ་སྤྲུལ་གྲྭ་བཙུན་ཚོའི་བྱ་སྤྱོད་འདི་དག་ཐད་བརྗོད་བྱས་པ་ཙམ་ལས། ནང་ཆོས་ལ་མི་དགའ་བ་དང་མི་དད་པས་བྲིས་པ་ནི་མི་ཡིན་ནོ། །


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章