བོད་ཀྱི་དགེ་རྒན་ནི། ཤེས་བྱའི་འོད་སྣང་གིས་གཞན་གྱི་མུན་པ་སེལ་བ། མི་གཞི་མཛེས་སྡུག་གིས་གཞན་ལ་ཤུགས་རྐྱེན་སྤྲོད་ཐུབ་མཁན་ཞིག་ཡིན་དགོས།
བོད་ཀྱི་དགེ་རྒན་ནི། གནའ་བོའི་སྲོལ་རྒྱུན་ལ་བླང་དོར་མཁས་ཤིང་། དེང་རབས་རིག་གནས་ལ་མཁྱེན་རྒྱ་ཡངས་བ་ཞིག་ཡིན་དགོས།
བོད་ཀྱི་དགེ་རྒན་ནི། གཞན་ལ་ཕན་སེམས་ཀྱི་བསམ་པ་ཡོད་པ། སློབ་མ་ཐམས་ཅད་ལ་སྙོམས་པོར་གཟིགས་ཐུབ་མཁན་ཞིག་ཡིན་དགོས།
བོད་ཀྱི་དགེ་རྒན་ནི། རང་གི་མི་རིགས་ལ་དུང་ཞེན་ཡོད་པ། མི་རབས་ཕྱི་མ་ཚོའི་མིག་དཔེར་འོས་པ་ཞིག་ཡིན་དགོས།
བོད་ཀྱི་དགེ་རྒན་ནི། བྱ་བ་གང་ལའང་ངོས་ལྐོག་མེད་ཅིང་། རྟག་པར་སློབ་མའི་དོན་འབད་བརྩོན་རྒྱག་ཐུབ་མཁན་ཞིག་ཡིན་དགོས།
བོད་ཀྱི་དགེ་རྒན་ནི། ཆགས་སྡང་ཕྱོགས་རིས་ཀྱི་དྲི་མས་མ་གོས་ཤིང་། གནད་དོན་ཅི་ཞིག་འཕྲད་ཀྱང་གཞུང་དྲང་བ་ཞིག་ཡིན་དགོས།
བོད་ཀྱི་དགེ་རྒན་ནི། ཐོབ་དང་སྙན་གྲགས་ཀྱིས་རང་གཤིས་མི་བརྫད་ཅིང་། མི་གཞི་ཀུན་སྤྱོད་ཐད་རང་ཚུགས་ཡོད་པ་ཞིག་ཡིན་དགོས།
—— ཞེས་ཕྱི་ལོ་ ༢༠༢༤ ལོའི་ཟླ ༩ པའི་ཚེས་ ༡༠ ཉིན་གྱི་ཞོགས་པར་ཨ་ལོང་གིས་བྲིས།