སློབ་གསོ། སྐུ་ཞབས་ཞོགས་དུང་གི་སློབ་གསོའི་མན་ངག་ཁག་དགུ། ཚན་བཀོད།

文化   2024-09-05 20:21   四川  

 སློབ་གསོ་ཁག་དང་པོ། ཉི་མ་སྒྲ་གཅན་གྱིས་བཟུང་། རི་གཡོམ། ས་གཡོས། འབྲོང་ཙག་གིས་བསྡམས། སྟག་མུ་གེས་མནར། སེམས་ཅན་གློ་བུར་ནད་ཡམས་ཀྱིས་ཁྱེར་བ་རྣམས་རྒྱུ་རྐྱེན་ཁྱད་པར་བའི་དབང་གིས་ཡིན་པར་ཤེས་བཞིན་དུ། ལས་དབང་ཞེས་པའི་སྟོབས་ཤུགས་ལ་ཡིད་ཆེས་རྙེད་པ་ནི་ཞིབ་ཏུ་བསམ་ན་འཁོས་ཆུང་དག་གི་སེམས་ཀྱི་སྟོང་ཆ་སྐོང་ཕྱིར་རེད།


 སློབ་གསོ་ཁག་གཉིས་པ། ཁོ་བོ་འཇིག་རྟེན་དུ་འཚོ་བ་ནི་བདག་གི་ཆེད་དུ་འཚོ་བ་ལས་བདག་མེད་ཀྱི་ཆེད་དུ་འཚོ་བ་མིན། ཁོ་བོ་རྟེན་འཇིག་རྟེན་དུ་འཚོ་བ་ནི་རང་གི་ལུས་སེམས་ཀྱི་ཆེད་དུ་འཚོ་བ་ལས། རྣམ་ཤེས་ཀྱི་ཆེད་དུ་འཚོ་བ་མིན། ཁོ་བོ་འཇིག་རྟེན་དུ་འཚོ་བ་ནི་མི་བུ་རང་ཉིད་ཀྱི་ཆེད་དུ་འཚོ་བ་ལས། ལྷ་དང་འདྲེ་ཡི་ཆེད་དུ་འཚོ་བ་མིན།


   སློབ་གསོ་ཁག་གསུམ་པ། སྣོད་བཅུད་གཉིས་ཀྱིས་གྲུབ་པའི་འཇིག་རྟེན་འདི་ཇི་འདྲའི་ཕུན་སུམ་ཚོགས་པ་ཞིག་དང་། འཚོ་གནས་ཀྱི་ཕྱིར་དུ་མངོན་པར་རྒྱུག་པའི་མི་ཚེ་འདི་ཇི་འདྲའི་མཚར་སྡུག་ལྡན་པ་ཞིག་རེད་ཨང་།


   སློབ་གསོ་ཁག་བཞི་པ། འུ་ཚོ་ནི་འཚོ་གནས་པའམ་འཇིག་རྟེན་པ་ཡིན་ཕྱིར་འཚོ་གནས་ཀྱི་རིག་པ་མཁོ། འཇིག་རྟེན་འདིར་མི་གཙོ་བོ་ཡིན་ཕྱིར་མིའི་འཚོ་གནས་ཀྱི་རིག་པ་དགོས།


   སློབ་གསོ་ཁག་ལྔ་པ། ཐོག་མཐའ་ཀུན་ཏུ་ཡིད་ལ་ངེས་དགོས་པ་ནི། རིག་གནས་གང་ཞིག་འཚོ་གནས་དང་འཕེལ་རྒྱས་ལ་ཕན་པ་ཡིན་ན་བསླབ་པར་བྱ་བ་ཉིད་དང་། རིག་གནས་གང་ཞིག་འཚོ་གནས་དང་འཕེལ་རྒྱས་ལ་མི་ཕན་པ་ཡིན་ན་བསླབས་ཀྱང་དགོས་པ་མེད་པ་ཉིད་དོ།།


   སློབ་གསོ་ཁག་དྲུག་པ། མི་སུ་ཞིག་སངས་རྒྱས་སྟོན་པའི་ཆོས་ལ་ཤེས་ནས་དད་མཁན་ཞིག་ཡིན་ན།རང་བཟོ་བྱས་པའི་སྤྲུལ་སྐུའི་ལམ་ལུགས་ལ་ཡིད་ཆེས་སྐྱེ་རྒྱུ་དཀའ་མོ་རེད། རྒྱུ་མཚན་ནི། ཆོས་པའི་རྣམ་ཤེས་བཙལ་ནས་སྤྲུལ་སྐུ་ཡིན་ཞེས་སྐྱབས་འཆའ་དགོས་པ་ནི་ཆོས་གཞུང་གང་དུ་ཡང་གཏན་ལ་མ་ཕབ་པས་སོ།།


   སློབ་གསོ་ཁག་བདུན་པ། བླ་སྤྲུལ་ཀྱི་ཡང་སྲིད་འཚོལ་བའི་ལམ་ལུགས་ཀྱི་རྒྱུན་མ་ཆད་བར་དུ་བོད་མི་རྣམས་ཀྱི་བསམ་བློའི་འཆིང་རྒྱུ་སྔར་བཞིན་བཀྲོལ་བ་མེད་ཅིང་། ནམ་ཞིག་ལམ་ལུགས་དེ་རྒྱུན་རྩ་བ་ནས་ཆད་པའི་ཉིན་མོ་ནི་བོད་མིའི་རེ་བའི་མྱུ་གུ་འབུས་པའི་ཉིན་མོ་རེད་ཅེས་བཤད་ཆོག་པ་ཡིན།


   སློབ་གསོ་ཁག་བརྒྱད་པ། མི་རིགས་ཤིག་གི་རིག་གནས་བླ་སྲོག་གྲུབ་རྐྱེན་ལ་འུ་ཚོས་མཐོ་ས་ནས་ལྟ་དགོས། ཆེ་ས་ནས་བསམ་དགོས། ཆུ་སྣ་མང་པོ་འདུས་པས་གཙང་པོ་ཆགས་པ་རེད། བསམ་བློ་སྣ་ཚོགས་འདྲེས་པས་ད་བཟོད་གསོན་ཤུགས་ཅན་གྱི་རིག་གནས་སྙིང་སྟོབས་བྱུང་བ་རེད།


   སློབ་གསོ་ཁག་དགུ་པ། ཇི་སྲིད་ཡ་ཐོག་ཤེས་རིག་བབ་ཆགས་མ་དོར་བ་དེ་སྲིད་དུ་འཇིག་རྟེན་པའི་བདག་གི་ལང་ཚོ་རྒྱས་མི་ཐུབ་ཅིང་། ཇི་སྲིད་འཇིག་རྟེན་པའི་བདག་གི་ལང་ཚོ་མ་རྒྱས་པ་དེ་སྲིད་དུ་ཤེས་རིག་གསར་པའི་མྱུ་གུ་ཡང་འབུས་མི་ཐུབ། ཇི་སྲིད་ཤེས་རིག་གསར་པའི་མྱུ་གུ་མ་འབུས་པ་དེ་སྲིད་དུ་དཔལ་ཡོན་དང་སྟོབས་འབྱོར་དང་མཚར་སྡུག་ཅེས་པ་ནི་མིང་གི་ལྷག་མ་ཙམ་རེད།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章