དགེ་སློང་ཆོས་དཔལ། བརྩམས་སྒྲུང་།
རྩོམ་པ་པོ། ལྷ་སད་སྨྲ་ཕོད།
དགེ་སློང་ཆོས་དཔལ་ནི་ཆུ་གཞུང་དགོན་པའི་གྲྭ་པ་རྒན་གྲས་ཡིན་ཞིང་དགེ་སློང་གི་སྡོམ་པ་མེད་ཀྱང་ཡུལ་དེའི་མི་རྣམས་ཀྱིས་ཁོང་ལ་དགེ་སློང་ཆོས་དཔལ་ཞེས་འབོད་ཅིང་དད་པ་ཧ་ཅང་ཆེ། དགེ་སློང་ཆོས་དཔལ་གྱིས་སྔོན་ཆད་བླ་མ་སྒྲུབ་མཆོག་གི་སྐུ་མདུན་དུ་ཟླ་བ་བཞི་སྐུ་མཚམས་ལ་བཞུགས་རྒྱུ་ཡིན་པར་ཁས་བླངས་དམ་བཅའ་བཞག་མྱོང་ཡོད་ཀྱང་། དེ་སྔོན་སྐུ་མཚམས་ལ་བཞུགས་པའི་དུས་ཚོད་བཟང་པོ་ཞིག་གཏན་ནས་མ་བྱུང་། ཏག་ཏག་ལོ་དེའི་དབྱར་སྨད་ཙམ་ལ་དུས་ཚོད་ཡག་པོ་ཞིག་བྱུང་ཞིང་དགེ་སློང་ཆོས་དཔལ་གྱིས་དུས་ཚོད་དེའི་སྒང་ལ་སྐུ་མཚམས་བཞུགས་རྒྱུ་གཏན་ཁེལ་བྱས། རྒྱུ་མཚན་ནི་དབང་མོའི་ཁྱོ་ག་རྒྱ་མཚོ་ཁ་ལོ་བའི་ལག་འཁྱེར་ལེན་པར་འགྲོ་རྒྱུ་ཡིན་ཞིང་ཟླ་བ་གཅིག་ལྷག་ཙམ་ནང་དུ་ལོག་ཐུབ་གི་མེད་པས་རེད། དགེ་སློང་ཆོས་དཔལ་དང་དབང་མོ་གཉིས་ཀྱི་ཚུལ་མིན་གྱི་འབྲེལ་བ་དེ་རྒྱ་མཚོས་ཧ་གོ་མེད། རྒྱ་མཚོ་ནི་ཞོགས་པ་སྔ་མོ་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་གི་ནང་དུ་བསྡད་ནས་རང་ཡུལ་ནས་ཐོན་ཚར། རྒྱ་མཚོ་ཕྱིན་པ་དེ་དགེ་སློང་ཆོས་དཔལ་ལ་གོ་སྐབས་ལྷག་མ་ཞིག་སྤྲད་པ་དང་མཚུངས། དགེ་སློང་ཆོས་དཔལ་གྱིས་སྦྱིན་བདག་མང་པོ་ཞིག་ལ་ཁས་བླངས་པའི་སྐུ་རིམ་དག་ད་དུང་བསྒྲུབ་མེད་ཅིང་གལ་སྲིད་དགེ་སློང་ཆོས་དཔལ་སྐུ་མཚམས་ལ་མ་བཞུགས་ན་སྐུ་རིམ་དེ་དག་བསྒྲུབ་དུ་ཕེབས་དགོས་ཤིང་དེའི་རིང་ལ་སྦྱིན་བདག་གི་ནང་དུ་ཞག་སྡོད་བྱེད་དགོས་ཀྱི་ཡོད་སྟབས་དེར་བྱ་སྤྱོད་སྤེལ་བདེ་པོ་མེད་ལ་གཞན་གྱིས་ཧ་གོ་བའི་ཉེན་ཁ་ཡང་ཤིན་ཏུ་ཆེ། དེས་ན་དགེ་སློང་ཆོས་དཔལ་གྱིས་སྐུ་མཚམས་ལ་བཞུགས་ནས་བྱ་སྤྱོད་སྤེལ་ན་ཉེན་ཁ་ཅི་ཡང་མེད་པར་བསམས་ཡོད། དེ་ནས་དགེ་སློང་ཆོས་དཔལ་སྐུ་མཚམས་ལ་བཞུགས་ཤིང་མཚམས་རྡོ་ཆེན་པོ་ཞིག་ཀྱང་སྒོའི་ཕྱི་རུ་བཞག
དགེ་སློང་ཆོས་དཔལ་ལ་འཁོར་ཆུང་ཞིག་ཡོད་ཅིང་ཁ་ཆད་ལྟར་སྐུ་མཚམས་ལ་བཞུགས་པའི་ཉིན་དང་པོའི་དགོང་མོར་ཆུ་ཚོད་དང་པོ་ཟིན་མ་ཟིན་ཙམ་ལ་འཁོར་ཆུང་དེ་བཏང་ནས་དབང་མོ་ཡོད་སར་ཕྱིན། མཚན་དགུང་དེར་དགེ་སློང་ཆོས་དཔལ་གྱིས་མི་ཚེའི་ནང་གི་འདོད་པའི་བདེ་བ་ཐོག་མ་དེ་མྱངས་ཤིང་དབང་མོ་ལ་བདེ་བ་དཔག་ཏུ་མེད་པར་སྦྱིན། ནམ་མ་ལངས་ཙམ་ལ་དགེ་སློང་ཆོས་དཔལ་ཉལ་སའི་ནང་ནས་ཡར་ལངས་ཏེ་འགྲོ་རྩིས་བྱེད་དུས། དབང་མོས་དགེ་སློང་ཆོས་དཔལ་གྱི་ལག་པ་ནས་འཇུས་ཏེ་“ཁྱོད་མ་འགྲོ་དང་། ཆོས་དཔལ་ཁྱོད་ཀྱིས་བསམ་བློ་གཏོང་མྱོང་ངམ། དོན་དག་འདི་ལྷོད་གཡེང་གཏན་ནས་བྱ་མི་རུང་། གནས་ཚུལ་འདི་དུས་ནམ་ཞིག་ལ་རྒྱ་མཚོས་ཧ་གོ་ངེས། ཁྱོད་ཀྱིས་བལྟས་ན་ཇི་ལྟར་བྱ་དགོས་སམ།” དགེ་སློང་ཆོས་དཔལ་གྱིས་དབང་མོའི་ལག་པ་ལ་འོ་ཞིག་བྱས་ནས་“ང་གཉིས་ནམ་ཡང་ཁ་བྲལ་མི་སྲིད། སེམས་ཁྲལ་མ་བྱེད། དོན་དག་འདི་ངས་སྔ་ས་ནས་བསམ་བློ་བཏང་ཚར། ཉལ་ཁྲིའི་འོག་ཏུ་སྒོར་ཁྲི་༢༠ཡོད། རྒྱ་མཚོ་ལོག་དུས་ཁྱོད་ཀྱིས་ཁྲི་༢༠འདི་ཁོའི་ལག་ཏུ་ཞོག ཁྱོད་ཀྱིས་ཁོ་ལ་འདི་ལྟར་ཤོད་་་་་་་་། ད་ང་མ་སོང་ན་གཞན་གྱིས་ཧ་གོ་གི་རེད། རྗེས་མ་ཐུག་ཡོང་། བདེ་མོ།” གད་མོ་དགོད་ཙམ་བྱས་ནས་དགེ་སློང་ཆོས་དཔལ་འཁོར་ཆུང་བཏང་ནས་རང་ཉིད་གཅིག་པུར་“མདང་དགོང་གི་གནས་ཚུལ་དེ་ཧ་གོ་མཁན་ང་གཉིས་མ་གཏོགས་གཞན་སུ་གཅིག་ཀྱང་མེད་ཙང་མདང་དགོང་མོ་དངོས་ནས་སྐྱིད་པོ་བྱུང་། དབང་མོ་སྔ་ཕྱི་མ་གཏོགས་ང་ལ་དབང་བ་རེད་ཧ་ཧ་ཧ།” ཁེར་ལབ་རྒྱག་གིན་དགོན་པར་ལོག་ཕྱིན། དགེ་སློང་ཆོས་དཔལ་ནི་ཉིན་དཀར་སྐད་འཕྲིན་ནང་དུ་དབང་མོ་དང་འདྲ་མི་འདྲ་བཤད་ནས་གྲྭ་ཤག་ཏུ་བསྡད་གི་ཡོད་ཅིང་། མུན་རུབ་ནས་ཅུང་ཙམ་ཕྱིན་རྗེས་དབང་མོ་ཡོད་སར་བྱ་སྤྱོད་སྤེལ་བར་ཐོན་གི་ཡོད། དེ་ལྟར་བྱས་ནས་ཟླ་བ་གཅིག་ཙམ་ཕྱིན་ཡང་དགོན་པའི་གྲྭ་པ་དང་ཡུལ་མི་ཚོས་དགེ་སློང་ཆོས་དཔལ་ནི་སྐུ་མཚམས་ལ་བཞུགས་ཡོད་ཤག་ཤག་བྱེད་པ་ལས་གནས་ཚུལ་གཞན་ཅི་ཡང་ཤེས་མེད།
ཕྱི་དྲོ་ཞིག་ལ་རྒྱ་མཚོ་ལོག་བྱུང་། དབང་མོས་ཇ་ཞིག་བཟོས་ཏེ་རྒྱ་མཚོ་ལ་ཇ་ཕོར་པ་གང་བླུགས་ནས་“ཇ་འདི་བཞེས་དང་། ང་དྲན་བྱུང་ངམ། ངས་ཁྱོད་ཚད་མེད་དྲན་བྱུང་། ཁྱོད་ཡུན་རིང་འདི་འདྲ་བགོར་གྱི་རེད་བསམས་མ་བྱུང་། ངས་ཕྱི་ནས་ཚལ་ཞིག་ཉོ་ཡོང་། དེ་རིང་ལྟོ་ཞིམ་པོ་ཞིག་བཟོ་གི་ཡིན།” གཡོ་སྒྱུའི་འཛུམ་བག་དང་དགའ་བའི་རྣམ་འགྱུར་ཞིག་བསྟན་ནས་ཕྱིན། རྒྱ་མཚོས་“དེ་རིང་ནམ་རྒྱུན་དང་མི་འདྲ་བར་མོས་སྐད་ཆ་སྙན་པོ་འགའ་བཤད་སོང་། བཀྲ་ཤིས་པའི་དོན་དག་ཅི་ཞིག་བྱུང་བ་ཡིན་ནམ།” སེམས་ནང་དེ་ལྟར་བསམས། ཅུང་ཙམ་ཕྱིན་རྗེས་དབང་མོའི་ཁ་པར་ནང་ནས་གཟུགས་མཐོང་ཁ་པར་ཞིག་འབྱོར། རྒྱ་མཚོས་དབང་མོའི་ཁ་པར་ཟྭ་ཕྱེས་ནས་བལྟས་དུས་དགེ་སློང་ཆོས་དཔལ་ཡིན་པར་ཤེས། དེ་མ་ཉིིད་དུ་དགེ་སློང་ཆོས་དཔལ་དང་དབང་མོ་གཉིས་ཀྱི་གླེང་མོལ་ཟིན་ཐོ་ལ་བལྟས། རྒྱ་མཚོས་ཁོ་གཉིས་ཀྱི་གསང་བའི་ལས་ཀ་དེ་དག་ཧ་གོ་ནས་དབང་མོ་ལོག་ཡོང་བར་སྒུག དབང་མོ་ནང་ལ་བསླེབས་དུས། རྒྱ་མཚོས་“གཡོ་སྒྱུ་ཆེ་བའི་ཝ་མོ་ཁྱོད་ཀྱིས་ངའི་མདུན་ནས་ང་ལ་མི་ཡག་ཡག་མདོག་བྱེད་ཅིང་རྒྱབ་ནས་གྲྭ་རྒན་སེ་ཡོ་ཞིག་དང་ལྐོག་འབྲེལ་བྱས་ནས་ང་ལ་མགོ་སྐོར་གཏོང་རྩིས་བྱེད། ཁྱོད་ངོ་ཚ་ཡི་མི་འདུག་གམ། གྲྭ་རྒན་སེ་ཡོས་ཁྱོད་སྒུག་ནས་བསྡད་ཡོད་ཀྱི་རེད། ད་ནས་བཟུང་ང་གཉིས་ཤ་ཁ་ཁ་དང་གྲི་སོ་སོ་ཡིན།” ཤུགས་ཀྱིས་དབུགས་རིང་འགའ་ཞིག་བཏང་། དབང་མོས་ཉལ་ཁྲིའི་འོག་གི་ཁྲི་༢༠དེ་འཁྱེར་ཡོང་ནས་རྒྱ་མཚོའི་མདུན་དུ་བཞག་སྟེ“ངས་འདི་འདྲ་བྱེད་དོན་ཡང་ང་གཉིས་ཀྱི་འཚོ་བའི་ཆེད་དུ་ཡིན། ང་ནི་བུ་ལོན་གྱི་མགོ་རུལ་ནས་བསྡད་འདོད་མེད། ཁྱོད་ཀྱིས་བསམ་བློ་ཞིབ་མོར་ཐོངས་དང་། ངས་དགེ་སློང་ཆོས་དཔལ་ལ་འདི་ལྟར་མ་བྱས་ན་ང་གཉིས་ལ་ཁྲི་༢༠འདི་ཡོང་ཐབས་མེད་པ་ཁྱོད་ཀྱིས་ཤེས་སམ། ཁྲི་༢༠འདིས་ང་གཉིས་ཀྱི་བུ་ལོན་སེལ་ཐུབ་པ་མ་ཟད་ང་གཉིས་ལ་རླངས་འཁོར་ཞིག་ཀྱང་ཉོ་ཐུབ། ད་དུང་དགེ་སློང་ཆོས་དཔལ་གྱིས་ང་ལ་སླད་ཕྱིན་ཁྱོད་གཉིས་ལ་གྱོང་གཏོང་མི་ཡོང་ཟེར་བྱུང་། ཁྱོད་ཀྱིས་བལྟས་ན་འདི་མི་ཡག་གམ།” རྒྱ་མཚོ་ནི་དངུལ་མ་གཏོགས་བསམ་རྒྱུ་མེད་པའི་མི་ཞིག་ཡིན་ཞིང་བུ་ལོན་ཡང་མི་ཉུང་བ་ཞིག་སྤྲད་མ་ཐུབ་པར་ལུས་ཡོད་པས་རྒྱ་མཚོས་དེ་མ་ཉིད་དུ་“འདི་དངོས་ནས་རེད་དམ། ཁྲི་༢༠འདི་དགེ་སློང་ཆོས་དཔལ་གྱི་ལག་ནས་དངོས་ནས་རག་བྱུང་ངམ།” དབང་མོས་མགོ་བོ་འགྱོག་ཙམ་བྱས་ནས་དངོས་ཡོད་ཡིན་པའི་བརྡ་བསྟན། རྒྱ་མཚོས་དབང་མོའི་ལག་པ་ནས་འཇུས་ཏེ་“ཁྱོད་དངོས་ནས་གྱོན་པོ་བྱུང་། ང་དུས་ཚང་གི་ཕ་རྒན་ཡིན་ཡང་ང་ལས་ཁྱོད་འཇོན་ཐང་ཆེ་འདུག ཁྱོད་ཀྱིས་མུ་མཐུད་ནས་དགེ་སློང་ཆོས་དཔལ་དང་འབྲེལ་བ་བྱོས། དེ་ལྟར་བྱས་ན་ང་གཉིས་ལ་ཁེ་བཟང་ཆེན་པོ་ཡོད་རེད། ད་ཁྱེད་སྐུ་ལས་ཆེན་པོ་བྱུང་ཡོད་ཚོད་རེད། སྐུ་ངལ་གསོས་ནས་ཇ་ཞིག་བཞེས་དང་། ད་རེས་ངས་ཅུང་ཐལ་དྲགས་སོང་།” འཛུམ་མུལ་མུལ་གྱིས་དབང་མོ་ལ་ཇ་ཞིག་བླུགས་ནས་ཁྲི་༢༠དེ་ལྕགས་སྒམ་གཡུ་འབྲུག་ཁྲ་ཅན་དེའི་ནང་དུ་བཅུག་ནས་སྒམ་ལ་ཟྭ་བརྒྱབ། དབང་མོས་དགའ་སྣང་དང་བཅས་“སང་ཉིན་ཆུ་གཞུང་དགོན་པར་མཆོད་མཇལ་ཞིག་འགྲོ་ན་ཅི་འདྲ་འདུག ཞོར་དུ་དགེ་སློང་ཆོས་དཔལ་མཇལ་དུ་འགྲོ། ཁོང་སང་ཉིན་སྐུ་མཚམས་ལས་གྲོལ་བ་རེད།” དེ་ལྟར་དྲིས། “དེ་ལོས་འགྲོ། སང་ཉིན་ང་གཉིས་མཉམ་དུ་ཆུ་གཞུང་དགོན་པར་འགྲོ། དགེ་སློང་ཆོས་དཔལ་མཇལ་དུས་རྣམ་འགྱུར་གང་ཡག་སྟོན་དགོས་རེད། དགེ་སློང་ཆོས་དཔལ་གྱིས་ཅི་གསུང་ཡང་ལེགས་སོ་དང་ལེན་ཞུ་དགོས། དེ་མ་གཏོགས་ནོར་འཁྲུལ་ཐེངས་གཅིག་ཤོར་ན་གོ་སྐབས་ཚང་མ་ཤོར་གི་རེད་ཏ། གོ་སོང་ངམ།” རྒྱ་མཚོས་གྲུང་ཤ་དོད་པོས་དབང་མོ་ལ་དེ་ལྟར་བཤད། དབང་མོས་“ཁྱོད་ཀྱིས་ནོར་འཁྲུལ་མ་ཤོར་ན་ངས་ནོར་འཁྲུལ་ཤོར་སྲིད་གི་རེད་བེ་”ཟེར་ནས་ཐབ་ཚང་ནང་དུ་ལྟོ་བཟོ་རུ་ཕྱིན།
ཞོགས་པ་སྔ་མོ་ནས་རྒྱ་མཚོ་བཟའ་ཚང་གཉིས་ཆུ་གཞུང་དགོན་པར་མཆོད་མཇལ་དུ་ཕྱིན། སྔ་དྲོར་དགོན་པའི་རྟེན་གསུམ་ལ་ཕྱག་མཆོད་འབུལ་བྱས་ནས་དེ་ནས་དགེ་སློང་ཆོས་དཔལ་མཇལ་དུ་སོང་། “དགེ་སློང་ཐུགས་དམ་གོང་འཕེལ། ཐུགས་དམ་གོང་འཕེལ་”ཟེར་ཞོར་རྒྱ་མཚོ་བཟའ་ཚང་གཉིས་ཀྱིས་དགེ་སློང་ཆོས་དཔལ་ལ་ཁ་བཏགས་རེ་རེ་ཕུལ། དགེ་སློང་ཆོས་དཔལ་གྱིས་“ད་དེ་འདྲ་གནང་དགོས་མ་རེད། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་རེད་ལ་ཁྱོད་གཉིས་ངའི་སྦྱིན་བདག་ཀྱང་རེད། ཡ་ཁྱོད་གཉིས་སྡོད་དང་།” འཛེམ་མདོག་གང་ཡང་མེད་པར་དེ་ལྟར་བཤད། སླར་ཡང་“དེ་རིང་དུས་བཟང་ཁྱད་པར་ཅན་ཞིག་རེད་འདུག་པས་དོ་དགོང་ཁྱོད་གཉིས་འདིར་ཞག་སྡོད་བྱོས།” དགེ་སློང་ཆོས་དཔལ་གྱིས་དེ་ལྟར་བཤད་པའི་དམིགས་ཡུལ་ནི་གསལ་གསལ་རྗེན་རྗེན་ཡིན་ཡང་། རྒྱ་མཚོས་མ་ཤེས་ཁུལ་གྱིས་“དགེ་སློང་ཁྱེད་ཀྱི་གཟིམས་ཤག་སྐྱིད་མདོག་ཁ་པོ་འདི་འདྲ་ཡོད་དུས་ང་གཉིས་ཀྱིས་མི་སྡོད་ག་ལ་སྲིད། ཡིན་ནས་དོ་དགོང་ང་དོན་དག་ཆེན་པོ་ཞིག་ཡོད་པས་འདིར་སྡོད་ཐབས་བྱུང་མ་སོང་ལགས། དབང་མོ་འདིར་བསྡད་ན་ཅི་འདྲ་རེད།” ལག་གཉིས་ཐལ་མོ་སྦྱར་ནས་ལྕེ་བསྣར་བསྣར་བྱས། དགེ་སློང་ཆོས་དཔལ་གྱིས་“ཁྱོད་གཉིས་སུ་བསྡད་ཀྱང་ཆ་རེད། ད་ཕྱི་པོ་ཆགས་འདུག རྒྱ་མཚོ་རང་སྔ་ཙམ་ནས་མ་ལོག་ན་རླངས་འཁོར་འབྱོར་གྱི་མ་རེད། དོན་དག་གང་ཡོད་ནས་སྔ་ཙམ་ནས་བསྒྲུབ་ཐུབ་ན་སེམས་ཁྲེལ་ཉུང་རེད།” རྒྱ་མཚོས་“ལགས་སོ་དགེ་སླང་ལགས། འོ་ན་ཁྱེད་ལ་ཐུགས་སུན་ཞུ་གི་མིན།” དབང་མོ་ལ་བལྟ་ཙམ་བྱས་ཏེ་ཆུ་གཞུང་དགོན་པ་ནས་ཁ་བྲལ། དགེ་སློང་ཆོས་དཔལ་གྱིས་གློག་འོད་གསལ་ཤོས་དེ་སྦར་ནས་དབང་མོ་ཁང་པའི་སྦུག་ཏུ་ཁྲིད་དེ་གཟན་ཤམ་རྒྱང་ལ་གཡུགས་ནས་ཉལ་ཆས་ནང་དུ་འཛུལ། དགེ་སློང་ཆོས་དཔལ་གྱིས་“དོ་དགོང་ངས་ཁྱོད་ལ་བྱིན་རླབས་ཆར་ཆུ་ལས་ཀྱང་མང་བ་ཞིག་སྟེར་རྒྱུ་ཡོད། ད་ཤོག བྱིན་རླབས་འདི་ན་ཡོད།” དབང་མོས་ཀྱང་གྱོན་གོས་ཆ་ཚང་ཕུད་ནས་དམར་ཧྲེང་ཧྲེང་དུ་ཉལ་ཆས་ནང་དུ་འཛུལ།