ཟླ་12ཚེས་25ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། ཟླ་12ཚེས་27ཉིན་གྱི་མཚན་མོ་དང་ཚེས་28ཉིན། མངའ་རིས་ཀྱི་ས་ཆ་མང་ཆེ་བ་དང་གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་གངས་ཆེ་ཙམ་འབབ་རྒྱུ། མངའ་རིས་དང་། ནག་ཆུ། གཞིས་རྩེའི་ས་ཆ་མང་ཆེ་བར་ལྷགས་པ་ཆེ་བ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ལྷགས་པ་རིམ་པ་9ནས་10བར་ཡུད་ཙམ་རྒྱག་རྒྱུ་རེད། གོང་གསལ་ས་ཆ་འདི་དག་ལ་གངས་ཧ་ཅང་ཆེ་བ་དང་ལྷགས་པ་ཆེ་བའི་གནོད་འཚེ་ཕོག་པའི་ཉེན་ཁ་འབྲིང་ཙམ་ཡོད་ཅིང་། གངས་བབས་པ་དང་། གངས་གསོག་ཐེབས་པ། ཁ་བ་བུ་ཡུག་འཚུབ་པ་བཅས་ཀྱིས་རྐྱེན་པས་འགྲོ་ལམ་ཐོག་གངས་གསོག་ཐེབས་པ་དང་འཁྱགས་པ་ཆགས་པ་དང་མཐོང་ལམ་མི་གསལ་བར་འགྱུར་ནས་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཆེ་ཙམ་ཐེབས་སྲིད་ལ། ལྷགས་པ་ཆེན་པོ་རྒྱག་པ་དང་གངས་གསོག་ཐེབས་པའི་རྐྱེན་གྱིས་ཞིང་འབྲོག་པའི་སྒྲིག་ཆས་ལ་གཏོར་སྐྱོན་ཕོག་ཉེན་ཡོད། ས་ཆ་ཁག་གཅིག་ཏུ་ལྷགས་པ་ཆེན་པོ་ཡུད་ཙམ་བརྒྱབ་ནས་གནས་སྐབས་ཀྱི་སྐྲུན་དངོས་དང་བརྡ་ཁྱབ་བྱང་བུ་སོགས་རྡིབ་འགྱེལ་ལྷུང་གསུམ་གྱི་ཉེན་ཁ་ཡོད་པ་རེད།
གནམ་གཤིས་སྟོན་ཚུལ།
སྔོན་དཔག་བྱས་ན། ཚེས་27ཉིན་གྱི་མཚན་མོ་དང་ཚེས་28ཉིན། མངའ་རིས་ཀྱི་ས་ཆ་མང་ཆེ་བ་དང་། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། དེའི་ནང་རྩྭ་མདའ་དང་། སྤུ་ཧྲེང་། འབྲོང་པ། སྐྱིད་གྲོང་། གཉའ་ནང་། གཏིང་སྐྱེས་བཅས་སུ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་ཆེ་བ་ནས་ཧ་ཅང་ཆེ་བའི(མཐུག་ཚད་ཧའོ་སྨི་7ནས་15བར)བར་འབབ་རྒྱུ་མ་ཟད་ལྷགས་པ་ཆེ་བ་རིམ་པ་7ནས་8བར་རྒྱག་རྒྱུ། ཁ་བ་བབས་རྗེས་ནུབ་ནས་ཤར་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་དང་ས་ཆ་ཁག་གཅིག་ལ་ཧྲེ་ཧྲི་ཏུའུ་10ཡན་ཆག་རྒྱུ་རེད།