༄༅། །བུད་མེད་ཀྱི་ལག་པ།

政务   2024-12-22 15:49   西藏  


༄༅། ། བུད་མེད་ཀྱི་ལག་པ།





    བདག་ཅག་འགྲོ་བ་མི་ཞིག་ཡིན་ཕྱིན་ཟླ་དགུ་ཞག་བཅུ་དྲིན་ཅན་སྐྱེད་མའི་མངལ་གྱི་ཁང་བཟང་དུ་ཏིང་འཛིན་སྒོམ་ལ་ཞུགས་ཤིང་། དེ་ནས་རིམ་བཞིན་འཇིག་རྟེན་མི་ཡི་ཡུལ་དུ་གཟིགས་མོར་བྱོན་པ་ནས་ལག་མ་ཆགས་བར་དུ། དྲིན་ཆེན་སྐྱེད་མའི་བྱམས་དང་བརྩེ་བའི་དྲིན་གྱིས་མ་བསྐྱངས་པ་ནི་སྤྱིར་ན་མེད།

    བདག་གི་ལུས་ཕུང་བདེ་ཐང་ངང་འཚར་ཆེད་དྲིན་ཆེན་སྐྱེད་མའི་འཇམ་མཉེན་ཕྱག་གིས་ཁ་ལ་ཞིམ་མངར་ཟས་ཀྱི་དྭངས་མ་བླུད་ཡོད་ལ། མི་གཙང་ལུས་ཀྱི་ལྗན་ལྗིན་དག་ལ་བྱི་དོར་བྱེད་པའི་བགྱི་བ་ཁུར་དུའང་བླངས་ཡོད།
    གང་ལྟར་ང་རང་ནར་སོན་པའི་བརྒྱུད་རིམ་ཁྲོད་དང་ངའི་དྲན་ཤེས་ཀྱི་མེ་ལོང་ངོས་སུ། ཨ་མ་དང་ཨ་ཅེ་ཚོའི་ཕྱག་ཟུང་གི་རྩོལ་བ་ལས་གྲུབ་པའི་ཁ་ཟས་སྣེ་ཁ་ཅི་འདྲའི་མང་པོ་ཞིག་ངའི་དམར་ཆུང་ལྕེ་ཡིས་མྱངས་ནས་ད་ཆ་ངའི་བྱང་ཁོག་གི་ཤ་རུས་ཁྲག་གསུམ་གྱི་ངོ་བོར་ཐིམ་པ་སུ་ཡིས་བསྙོན། ད་དུང་། སྐབས་དེ་དུས་ངའི་ལུས་ལ་གྱོན་རྒྱུའི་གྱོན་པ་ཕལ་མོ་ཆེ་ཡང་ཁོང་ཅག་གིས་ཉིན་དང་མཚན་ལ་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་རྒྱུ་སྤུན་བཏགས་ནས་བྱུང་བ་ཤ་སྟག་མིན་ནམ།
    ད་ཆ་ང་རང་བུ་མོ་ཞིག་གི་པ་ཕ་དང་། ཆུང་མ་ཞིག་གི་བཟའ་ཟླ། ཁྱིམ་ཚང་ཞིག་གི་བཟའ་དཔོན་དུ་གྱུར་པས། ངས་ཆུང་མའི་ལག་ཟུང་གི་རྩོལ་བ་ལས་གྲུབ་པའི་ཞིམ་མངར་བཅུད་ལྡན་གྱི་ཁ་ཟས་དེ་དག་ལ་ལོངས་སུ་སྤྱོད་སྐལ་བྱུང་། ང་རང་འཇིག་རྟེན་མི་ཡུལ་གྱི་གཟིགས་མོར་ཆས་པ་ནས་ད་ལྟའི་བར་དུ་བུད་མེད་ཀྱི་ལག་པར་བརྟེན་ནས་འཚོ་བཞིན་ཡོད་ཅིང་། ངའི་བདེ་ཐང་གི་གཟུགས་ཕུང་འདི་ཡང་བུད་མེད་ཀྱི་ལག་པ་ཁོ་ནར་བསྟེན་ནས་འཚར་བ་ཡིན། སླད་ཕྱིན་ཡང་ང་རང་རྒས་ཤིང་འཁོགས་པར་གྱུར་ནས་བགྲེས་སོང་སྐྲ་དཀར་ཞིག་ཏུ་གྱུར་དུས་སུའང་། ངས་ངའི་བུ་མོའི་ལག་ཟུང་ལ་བརྟེན་ངེས་ཡིན་པས། མི་ཚེའི་བཤུལ་ལམ་རིང་མོ་འདིར་ང་རང་བུད་མེད་ཀྱི་ལག་ཟུང་ལ་བརྟེན་ནས་འཇིག་རྟེན་འདིར་ཐོག་མར་ལྟེ་ཁྲག་འཕོས་ཏེ་རིམ་བཞིན་འཚར་ལོངས་བྱུང་ཞིང་། མཐའ་མར་ངས་བུད་མེད་ཀྱི་ལག་ཟུང་ལ་བརྟེན་ནས་ཚེ་མཇུག་སྐྱེལ་ངེས་ཡིན།
    བུད་མེད་ཀྱི་ལག་པས་བུ་ཚ་འཁོར་དང་བཅས་པ་སྐྱོང་ནུས་པས། ཨ་མ་མཛངས་མ་ཞིག་གི་རང་གི་བུ་ཕྲུག་ལ་བཅངས་པའི་བྱམས་པ་དང་བརྩེ་བ་དག་ནི་ཅི་འདྲའི་རླབས་ཆེ་བ་ཞིག་མ་ཡིན་ནམ།
    བུད་མེད་ཀྱི་ལག་པས་ལས་ཐག་བཅད་ནས་ཁྱིམ་དུ་ལོག་ཡོང་བའི་ཁྱོ་བོའི་ལུས་སྟེང་གི་ཐལ་རྡུལ་དཀྲུག་ནུས་པས། ཆུང་མ་བརྩེ་བ་ཅན་ཞིག་གིས་རང་གི་ཚེ་གཅིག་གི་སྐྱ་ཡར་བརྩེ་དུང་རྣལ་མའི་མངར་ཁ་སྟེར་ཐུབ།
    བུད་མེད་ཀྱི་ལག་པས་བཀོད་གཙང་གྲ་དག་དང་། ཕྱི་མཛེས་ནང་སྐྱིད་ཀྱི་ཤག་ཆུང་སྐྲུན་ནུས་ལ། ཞིམ་མངར་བཅུད་ལྡན་གྱི་ཁ་ཟས་བཤམས་ནུས་ཤིང་། ཁྱིམ་ཚང་ཞིག་གི་ཐབ་ཀར་འཚོས་པའི་ནང་མི་རྒན་གཞོན་ཀུན་ལ་བདེ་སྐྱིད་ཀྱི་འོད་སྣང་ཅི་དགར་སྦྱིན་ནུས།
    བུད་མེད་ཀྱི་ལག་པས་གཡང་ཟོག་འཚོ་སྐྱོང་གི་ཕྱུགས་ལས་བགྱིད་ནུས་ཤིང་། ཞིང་ལས་དང་ནང་ལས་ཡོད་དོ་ཅོག་ཁུར་དུ་ལེན་ནུས་ལ། ངག་འཇམ་གཤིས་བཟང་གི་འབྲོག་མོ་ཞིག་གམ་དཀའ་སྤྱད་ཁུར་བཟོད་ཀྱི་རོང་མོ་ཞིག་གི་རྣམ་ཐར་སྐྱོང་ཐུབ།
    བུད་མེད་ཀྱི་ལག་པས་གསེར་མདོག་གི་དབྱངས་གསལ་སོ་བཞིའི་མཛེས་རིས་མཐའ་དག་བློ་གསལ་བུང་བ་ཁྱུ་ཡི་ཡིད་ཀྱི་གཏིང་རུམ་དུ་དཔར་ནུས་ཤིང་། ཁོང་ཚོས་དགེ་རྒན་ཕུལ་བྱུང་ཞིག་གི་གཟུགས་བརྙན་བཞེངས་ཐུབ།
    བུད་མེད་ཀྱི་ལག་པས་གྲོང་པ་ཁྱིམ་མཚེས་དབར་དང་། གཉེན་ཉེ་མཆེད་གྲོགས་དབར་གྱི་མཛའ་གཅུགས་ཀྱི་ཕྱི་ཐག་ཇི་རིང་དུ་བསྲིང་ནུས། བུད་མེད་ཀྱི་ལག་པར་དབྱར་དགུན་སྟོན་དཔྱིད་དང་། ཉིན་མཚན་ཐུན་དྲུག་གང་ལ་ཡང་དལ་སྐབས་དང་ཁོམ་པ་ཡོད་མ་ཡིན། བུད་མེད་ཀྱི་ལག་པ་ནི་སྐྱེ་བོའི་ཡིད་ཀྱི་འདོད་རྒུ་འཇོ་བའི་དཔག་བསམ་ཤིང་དང་། ཡིད་བཞིན་དབང་གི་ནོར་བུ་ཡིན། བུད་མེད་ཀྱི་ལག་པ་ནི་གནམ་གྱི་ཕྱེད་ཀ་འདེགས་ཐུབ་པའི་གྱད་མི་ཞིག་གི་ལག་ཟུང་ཡིན་ལ། འཇིག་རྟེན་གྱི་མཛེས་པ་མ་ལུས་རི་མོར་ཕབ་ཐུབ་པའི་པིར་རྩལ་མཁས་པའི་ལག་ཟུང་ཡང་ཡིན།

སྤེན་ཚེ་གཞོན་པ།


ཞི་ཅིན་ཕིང་གིས་ཨའོ་མོན་གྱི་མཛད་སྒོ་འདིར་ཞུཊ་སྐབས་ནན་བཤད་གནང་དོན…

གྲོང་ཚོ་འདིའི་མཉམ་ལས་ཁང་གིས་ཡང་མང་ཚོགས་ལ་བགོ་འགྲེམས་བརྒྱབ་འདུག

དེ་འདྲའི་ཉེན་ཁ་ལ་ཨང་། མྱུར་བགྲོད་གཞུང་ལམ་དུ……





     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章