ཉེ་ཆར། ཀུན་བདེ་གླིང་མངགས་གཏོང་ཁང་གིས་གོང་རིམ་གྱིས་བཏང་བའི་ཁུངས་སྣེ་གཞིར་བཟུང་། རོལ་རྩེད་འཕྲུལ་ཆས་ནས་རྒྱན་པོ་འགྱེད་པའི་གྱོད་གཞི་ཞིག་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ཤིང་། ས་གནས་ས་ཐོག་ནས་རྒྱན་འགྱེད་ལ་མཐུན་རྐྱེན་སྐྲུན་པ་དང་ཁྲིམས་འགལ་ངང་རྒྱན་པོ་འགྱེད་མཁན་29བཟུང་བ་རེད།
ཀུན་བདེ་གླིང་མངགས་གཏོང་ཁང་གིས་ཟླ་12པ་ནས་བཟུང་ཁོངས་གཏོགས་ཁུལ་གྱི་ཚོང་ལས་ཁྲོམ་ར་ཞིག་གི་རོལ་རྩེད་ཁང་གཉིས་ལ་ཁྲིམས་འགལ་བས་རོལ་རྩེད་ཊམ་དངུལ་བར་འཚོང་བརྒྱབ་ནས་རྒྱན་འགྱེད་ལ་མཐུན་རྐྱེན་སྐྲུན་པ་དང་དེ་བཞིན་མི་ཁག་གཅིག་གིས་ཁྲིམས་འགལ་ངང་རྒྱན་འགྱེད་ནང་ཞུགས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། རོལ་རྩེད་ཁང་གཉིས་ཀྱི་གཉེར་སྐྱོང་དང་འགྲོ་འོང་མི་སྣ་སོགས་ཀྱི་གནས་ཚུལ་རགས་ཙམ་ཤེས་རྟོགས་བྱུང་ཡོད་པ་རེད།
གྲལ་བཤེར་གནས་ཚུལ་ལ་གཞིགས་ནས་ཀུན་བདེ་གླིང་མངགས་གཏོང་ཁང་གིས་ཉེན་རྟོག་པ་40ཧྲག་སྒྲུག་བྱས་ནས་རྒྱུན་གོས་གྱོན་པའི་འཛིན་བཟུང་ཚོགས་ཆུང་བཙུགས་ཏེ། ཟླ་12ཚེས་11ཉིན་གྱི་ཕྱི་དྲོའི་ཆུ་ཚོད་18དང་སྐར་མ་30ཙམ་ལ་རོལ་རྩེད་ཁང་གཉིས་ནས་དོགས་པ་ཡོད་པའི་མི་29གཅིག་སྡུད་འཛིན་བཟུང་བྱས་པ་དང་། ས་ཡུལ་དངོས་ནས་རྒྱན་འགྱེད་དངུལ་སྒོར་47300རྩད་ཆོད་ཡོད་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཝུའུ་ཆེ་གེ་མོ་སོགས་མི་8ཀྱིས་རོལ་རྩེད་ཁང་གཉིས་ནང་རོལ་རྩེད་ཊམ་དངུལ་ཉོ་བ་དང་འཚོང་བ། ཕྱིར་བསྡུ་བྱེད་པ་སོགས་ལ་བརྟེན་ནས་ཁེ་བཟང་རག་ཐབས་བྱེད་པ་དང་གཞན་ལ་རྒྱན་འགྱེད་ཀྱི་མཐུན་རྐྱེན་སྐྲུན་གྱི་ཡོད་པ་དང་། ལྷུན་གྲུབ་ཆེ་གེ་མོ་སོགས་མི་21གིས་རོལ་རྩེད་ཊམ་དངུལ་ཉོ་འཚོང་དང་རོལ་རྩེད་སྐར་མ་བཙོངས་ནས་རྒྱན་འགྱེད་ནང་ཞུགས་པ་ཤེས་རྟོགས་བྱུང་ཡོད་ཅིང་། གོང་གི་མི་དེ་ཚོས་སོ་སོའི་ཁྲིམས་འགལ་གྱི་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་ཡོད་པ་རེད།