ས་ཡོམ་རྗེས་ཀྱི་ཕྲུ་གུ་དང་པོ་བདེ་ཐང་ངང་སྐྱེས་འདུག

时事   2025-01-09 18:26   西藏  

ཟླ་༡ཚེས་༨ཉིན་གྱི་མཚན་གུང་ཆུ་ཚོད་༡པོ་དང་སྐར་མ་༤༠ཡས་མས་སུ། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་བུ་བཙའི་ཚན་ཁག་གིས་ཡོམ་ཁུལ་གྱི་ཉེན་ཆེའི་སྦྲུམ་མ་ཞིག་ལ་ཛ་དྲག་ངང་མྱུར་སྐྱོབ་བྱས་པ་རེད།

ཟླ་༡ཚེས་༧ཉིན་གྱི་དགོང་མོའི་ཆུ་ཚོད་༡༠དང་སྐར་མ་༨ཀྱི་ཐོག གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ཉེན་ཆེའི་སྦྲུམ་མ་དང་ཕྲུ་གུ་སྐྱོབ་བཅོས་ལྟེ་གནས་ཀྱི་སྐད་འཕྲིན་འབྲེལ་གཏུག་ཚོགས་པར། དིང་རི་རྫོང་མི་དམངས་སྨན་ཁང་གི་ཛ་དྲག་རོགས་སྐྱོར་རེ་འདུན་ཞིག་འབྱོར་བ་རེད། དེ་ཡང་དིང་རི་རྫོང་གྲམ་སོ་ཤང་གི་སྦྲུམ་མ་ཞིག་ལ་མངལ་འཁོར་ནས་གཟའ་འཁོར་༣༨ཕྱིན་ཡོད་པ་དང་། གནོད་འཚེ་ཕོག་ཁུལ་གྱི་ཁོར་ཡུག་ཞན་པས་སྦྲུམ་མའི་ལུས་ཡོངས་སྐྲངས་ཤིང་གནས་ཚུལ་ཧ་ཅང་ཉེན་ཁ་ཆེན་པོ་ཡོད་པ་རེད། མི་དམངས་སྨན་ཁང་ཉེན་ཆེའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས་ཀྱིས་སྦྲུམ་མ་སྨན་ཁང་དུ་ཡོང་བའི་ལམ་བར་དུ་ཉེན་ཁ་མི་ཐོན་པའི་ཆེད། ཁ་པར་ཐོག་ནས་སྨན་བཅོས་མི་སྣར་སྦྲུམ་མ་སྐྱེལ་འདྲེན་བྱེད་པའི་ལམ་བར་དུ་སྐྱོབ་བཅོས་བྱེད་ཐབས་དང་དོ་སྣང་བྱ་དགོས་པ་མངགས་བཅོལ་བྱས་ཤིང་། སྨན་ཁང་གི་ཉེན་ཆེའི་སྦྲུམ་མ་མྱུར་སྐྱོབ་བྱེད་པའི་ཇུས་གཞི་ལག་བསྟར་བྱས་ཏེ་དུས་ཐོག་ཏུ་སྨན་བཅོས་བྱེད་པར་གྲ་སྒྲིག་བྱས་པ་རེད།

ཟླ་༡ཚེས་༨ཉིན་གྱི་མཚན་གུང་ཆུ་ཚོད་༡པོ་དང་སྐར་མ་༤༠ཡས་མས་སུ། སྦྲུམ་མ་དེ་མི་དམངས་སྨན་ཁང་གི་དོད་དྲག་ཚན་ཁག་ཏུ་བསྐྱལ་བ་དང་། སྨན་ཁང་གིས་འཕྲལ་དུ་ཉེན་ཆེའི་སྦྲུམ་མ་སྐྱོབ་བཅོས་ཀྱི་ཤར་གཏོང་ལམ་བུ་བཤངས་ཤིང་ཛ་དྲག་ངང་སྨན་བཅོས་བྱས་པ་རེད། མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་བུ་ཁྲིད་ཀྱིས་བརྗོད་པར་གཞིགས་ན། ཛ་དྲག་བརྟག་དཔྱད་བྱས་རྗེས། སྦྲུམ་མ་དེར་སྦྲུམ་རྟེན་འདར་ནད་ལྕི་བ་དང་། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཡོད་ཅིང་། གཞོགས་གཉིས་ཀྱི་བྲང་ཁོག་ལ་ཆུ་བསགས་ཡོད་པས། མ་བུའི་སྲོག་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད། དེར་བརྟེན་ནང་མིས་མོས་མཐུན་བྱས་རྗེས། ཚེས་༨ཉིན་གྱི་སྔ་དྲོའི་ཆུ་ཚོད་༧པར་གཤགས་བཅོས་བྱས་ཏེ་ཕྲུ་གུ་བུ་ཞིག་སྐྱེས་པ་དང་། ད་ལྟ་སྨན་དོན་མི་སྣའི་ལྟ་རྟོག་འོག མ་བུ་གཉིས་ཀ་བདེ་ཐང་ཡིན་པ་རེད།

སྦྲུམ་མའི་གཅེན་པོས་སྨན་དོན་མི་སྣ་དང་རོགས་རམ་གནང་མཁན་སེམས་བཟང་ཅན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་གཞི་ས་ཡོམ་གྱི་འཇིགས་པ་ད་དུང་ཡལ་མེད་རུང་། གཅེས་ཕྲུག་འདི་སླེབས་པས་ང་ཚོའི་ཁྱིམ་ལ་རེ་བ་གསར་པ་སྦྱིན་བྱུང་ཞེས་བཤད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ས་ཡོམ་གྱི་ཤུགས་རྐྱེན་དང་ཛ་དྲག་ངང་སྨན་ཁང་བསྒྱུར་དགོས་པའི་དབང་གིས་ཁོ་ཚོར་འཚོ་བའི་མཁོ་ཆས་གྲ་སྒྲིག་བྱེད་ཁོམ་མེད་པའི་གནད་དོན་ལ་དམིགས་ནས། བུད་མེད་དང་བུ་བཙའི་ཚན་ཁག་གི་ཏང་ཀྲེ་པུས་སྒོར་༥༠༠ཞལ་འདེབས་བརྒྱབ་སྟེ་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་མཁོ་ཆས་ཉོས་པ་རེད།    


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།


主编 | 吾见才让

副主编 | 平多 桑布

编辑 | 格丹 先巴

来源 | 云端珠峰

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章