དབྱར་རྩྭ་དགུན་འབུའི་ཐ་སྙད་བོད་ནས་དར། །
ཕན་ནུས་སྨན་སྦྱོར་ཐོག་མར་བོད་ཀྱིས་ཤེས། །
རང་བྱུང་སྨན་མཆོག་དབྱར་རྩྭ་དགུན་འབུ་ནི། །
བོད་ཀྱི་ཁྱད་ནོར་སྨན་རྩྭའི་ཚབ་མཚོན་ཡིན། །
རིན་ཐང་ལྡན་པའི་རང་རེའི་ཐོན་རྫས་ལ། །
རིན་གོང་གཞན་གྱིས་གཅོད་པ་རང་རེའི་སྐྱོན། །
ནམ་མཁའ་སྔོ་ལ་མཁའ་དབུགས་དྭངས་ཤིང་གཙང་། །
དྭངས་བསིལ་ཆུ་ཀླུང་ཡན་ལག་བརྒྱད་དང་ལྡན། །
མདོ་དབུས་མཐོ་སྒང་མཚར་སྡུག་མི་ཡི་ཞིང་། །
ཆེས་མཐོའི་གངས་ལྗོངས་ཉམས་དགའི་རི་ཀླུང་དུ། །
སུས་ཀྱང་མ་བཏབ་འཕྲུལ་གྱིས་མ་བཟོས་པར། །
མ་བཅོས་མ་ཡུམ་རང་བྱུང་ཁམས་ཆེན་མོར། །
རང་བྱུང་སྨན་མཆོག་དབྱར་རྩྭ་དགུན་འབུ་འཁྲུངས། །
དགུན་ཁ་འབུ་རུ་གྱུར་ནས་ས་རུ་འཛུལ། །
དབྱར་ཀ་རྩྭ་རུ་བརྫུས་ཏེ་སྒང་ནས་འབུད། །
ངོ་མཚར་སྨན་རྩྭའི་རྒྱལ་པོ་འཇག་མ་རྩྭར། །
དབྱར་རྩྭ་དགུན་འབུའི་ཐ་སྙད་དེ་ལྟར་ཐོག །
བསིལ་རླུང་ལྡང་ཞིང་ཉི་འོད་འཕྲོ་བའི་གནས། །
རྫ་སྤང་འདྲེས་པའི་སྒང་དང་རི་བོའི་གཤོང་། །
མི་ལོ་གསུམ་རེའི་རྗེས་ནས་ཐེངས་རེ་སྐྱེ། །
སྐྱེས་པའི་དྲི་རོ་ཕན་ནུས་ག་ལ་མཚུངས། །
མཚོ་བཅུད་ཕུན་ཚོགས་དབྱར་རྩྭ་དགུན་འབུ་ལ། །
མིས་བཟོས་བཏབ་འབུས་འགྲན་པར་ག་ལ་ནུས། །
མཐོ་སྒང་སྐྱེས་པའི་དབྱར་རྩྭའི་ཚད་མ་ཚང་། །
ཕྱི་ཡི་རྣམ་པ་ཅུང་ཟད་འདྲ་བ་ལས། །
དབྱར་རྩྭ་དགུན་འབུའི་ཐ་སྙད་ཙམ་མི་ཐོབ། །