ཕུལ་བྱུང་གི་ཡིག་སྒྱུར་དཔྱད་རྩོམ་10ལ་བྱ་དགའ་སྤྲད་པ་མ་ཟད…

政务   2024-12-11 18:36   西藏  


    ཟླ་12ཚེས་10ཉིན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་དང་བྱེད་བཞིན་པའི་དུས་འདིར། རང་ལྗོངས་ཀྱི་ལོ་ཙཱའི་ཞིབ་འཇུག་དང་རིག་གཞུང་སྤེལ་རེས་ལ་ཤུགས་སྣོན་དང་ལོ་ཙཱའི་ཤེས་ལྡན་པ་གསོ་སྐྱོང་དང་ལོ་ཙཱའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ཀྱིས་ལྗོངས་ཡོངས་ཀྱི་ལོ་ཙཱའི་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱ་ཆེད། བོད་རང་སྐྱོང་ལྗོངས་ལོ་ཙཱ་བའི་ལས་དོན་མཐུན་ཚོགས་ཀྱིས་ཡིག་སྒྱུར་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་རྩེད་ཐང་གསོལ་མགྲོན་ཁང་དུ་འཚོགས་པ་རེད།


    ཚོགས་འདུའི་ཐོག་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་མཁས་དབང་མང་པོ་ཕེབས་ཡོད་ལ། ཡིག་སྒྱུར་ལ་དགའ་མོས་ཆེ་བའི་ལས་དང་པོའི་སློབ་མ་ཡང་སླེབས་ཡོད། དེ་བཞིན་ལོ་ཙཱའི་ལས་ལ་གཞོལ་བཞིན་པའི་འཐབ་ས་དང་པོའི་ཡིག་སྒྱུར་མི་སྣ་ཕེབས་ཡོད་ལ་རྒན་ཡོལ་ཞུས་ཀྱང་སྔར་བཞིན་ལོ་ཙཱའི་ལས་ལ་ཐུགས་བསམ་བཞེས་བཞིན་པའི་བསླབ་པ་རྒན་གྲས་ཀྱང་ཕེབས་ཡོད་པ་རེད།



    ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གི་ཏང་ཙུའི་ཧྲུའུ་ཅི་དང་། ཅུས་ཀྲང་། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་ཟླ་བ་ཚེ་རིང་གིས་ཤིས་ཚིག་སྒྲོན་ཞིང་། ཁོང་གིས། ཡིག་སྒྱུར་ནི་བརྩེ་སེམས་འབྲེལ་བའི་ཟམ་པ་དང་། ཤེས་རིག་རྒྱུན་འཛིན་བྱེད་པའི་ལག་ཆ་ལྟ་བུ་རེད། དེས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་། བསམ་བློ་གསར་པ་དང་། རིག་གནས་གསར་པ། ཚན་རྩལ་གསར་པ་བཅས་བརྒྱུད་སྤེལ། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་བརྟན་ལྷིང་དང། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཅེས་གསུངས་པ་རེད།



    ཟླ་བ་ཚེ་རིང་གིས། 2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞིའི”འཆར་འགོད་དམིགས་ཚད་མངོན་འགྱུར་བྱེད་པའི་མཇུག་བསྡུའི་ལོ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་། བྱས་རྗེས་ཧུར་ཐག་འཇོག་པ། རིག་ཚན་མང་པོའི་མཐོང་སྣེ་ལས་ཡིག་སྒྱུར་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཡིག་སྒྱུར་ལས་དོན་པའི་ནུས་པ་འདོན་པ། མི་རིགས་ཁག་གི་མི་དམངས་དང་རླབས་ཆེན་དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་གི་ཞིབ་འཇུག་གྲུབ་འབྲས་སྔར་བས་མང་པོ་གསར་རྩོམ་ཧུར་ཐག་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་གྱིས་གསུངས་པ་རེད།


    གཞན་ཡང་། ད་རེས་ཀྱི་བགྲོ་གླེང་ཚོགས་འདུར་ཁྱོན་བསྡོམས་དཔྱད་རྩོམ་37བསྐྱལ་ཡོད་པ་ལས་དཔྱད་རྩོམ་10ལ་བོད་རང་སྐྱོང་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཡིག་སྒྱུར་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཕུལ་བྱུང་གི་དཔྱད་རྩོམ་ལ་བདམས་ཡོད་པ་དང་། ཕུལ་བྱུང་དཔྱད་རྩོམ་གྱི་གཟེངས་བསྟོད་ཐོབ་པའི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་ཤིང་། ཁོང་རྣམ་པས་རང་ཉིད་ཀྱི་དཔྱད་རྩོམ་དང་ཟུང་འབྲེལ་བྱས་ནས་རང་ལྗོངས་ཀྱི་ལོ་ཙཱའི་བྱ་གཞག་ཇི་ལྟར་གོང་དུ་སྤེལ་དགོས་པའི་ཐད་བསམ་འཆར་དང་གྲོས་འགོ་ལྷུག་པོར་གླེང་བ་རེད།


    “ཚོགས་འདུ་འདི་འདྲ་བ་མང་ཙམ་འཚོགས་ནས་ལས་རིགས་གཅིག་པ་ཚོ་དང་སྤེལ་རེས་བྱས་པ་ཡིན་ན། ལོ་ཙཱའི་ལས་ལ་གཞོལ་བཞིན་པའི་ལས་རོགས་ཚོའི་བསམ་བློ་གསར་པ་དང་ལྟ་བ་གསར་པ་སོགས་ཤེས་ནས། རང་ཉིད་ལ་ངོས་འཛིན་གསར་པ་བྱུང་སྟེ། གནད་དོན་གང་ཞིག་ལ་འཛིན་པའི་ལྟ་སྣང་མཐོང་ཕྱོགས་ཀྱང་འགྱུར་འགྲོ་གི་འདུག དེ་བཞིན་ལས་ཀར་ཡང་བསམ་ཕྱོགས་དང་ཐབས་ཤེས་སོགས་གསར་པ་འདི་འདྲ་རྙེད་ཀྱི་འདུག” ཅེས་བོད་རང་སྐྱོང་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཡིག་སྒྱུར་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པར་ཞུགས་མྱོང་བའི་རིན་ཆེན་གྱིས་གསར་འགོད་པར་མྱོང་ཚོར་ཟབ་མོས་བརྗོད་བཞིན་འདུག


   གསར་འགོད་པ། བསྟན་འཛིན་གཡུ་སྒྲོན། 


༄༅། །སྦག་ཞྭ་ལས་འཕྲོས་པའི་གཏམ།

གོ་རྒྱུ་ལྷག་པར་ཆེ་བའི་ཀོང་ཏོང་ཆང་གི་སྐད་ཆ་ཚིག་10

ལོ་18ལ་སླེབས་པའི་གཞོན་པ་ཚང་མ་ཐོ་རྒྱག་པར་འགྲོ་དགོས་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章