ཆོས་འབྱུང་གླིང་།
བརྗོད་གཞི། ཐ་སྙད་ཚད་གྲུབ་ལ་དཔྱད་གླེང་།
བགྲོ་གླེང་བ། མཁན་པོ་དང་དགེ་བཤེས་རྣམ་པ།
ཚོགས་མི་ལྔ་བརྒྱ་ཐམ་པའི་མདུན་སར།
དེ་རིང་ནས་བཟུང་བདུན་ཕྲག་གཅིག་གི་རིང་ལ།
༢༠༢༤ཟླ་༡༢ཚེས་༦དང་། རེས་གཟའ་པ་སངས་ཡིན།
རང་གི་གོ་ཚོད་ཀྱི་ངོས་ནས་ས་སྐྱ་པའི་ཐ་སྙད་གསུམ་གྱི་རྣམ་བཞག་བསྡུས་ཙམ་ཞུ།
སྨྱུག་མས།
དཔལ་ལྡན་ཟླ་བས། འཇུག་པ་ལས།
དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཡང་དེ་ཉིད་ལས། འཇིག་རྟེན་ངོ་བྱས་བདག་ནི་སྨྲ་བ་བྱེད། །
འཇམ་མགོན་ས་སྐྱ་པཎྜི་ཏས།
འཇུག་ཚུལ་ཡང་ནི་རྣམ་པ་གསུམ། །ཐུབ་པས་འཇིག་རྟེན་མཐུན་འཇུག་ལ། །དགོངས་ནས་ཕྱི་རོལ་དོན་དུ་གསུངས། །ཐ་སྙད་དཔྱོད་པའི་རིགས་པ་ལ། །དགོངས་ནས་སྣང་བ་སེམས་སུ་གསུངས། །དམ་པའི་དོན་ལ་དགོངས་ནས་ནི། །ཆོས་ཀུན་སྤྲོས་པ་བྲལ་ཅེས་གསུངས། །
སྟག་ཚང་ལོ་ཙཱ་བས། གྲུབ་མཐའ་ཀུན་ཤེས་ལས།
དེ་ཕྱིར་ཀླུ་སྒྲུབ་ཡབ་སྲས་སངས་རྒྱས་བསྐྱངས། །ཟླ་གྲགས་ཞི་བ་ལྷ་ཡི་གཞུང་མཆོག་ཀུན། །མ་དཔྱད་ཅུང་ཟད་དཔྱད་དང་ལེགས་པར་དཔྱད། །གནས་སྐབས་གསུམ་ལ་སྦྱོར་བར་ཁོ་བོས་རྟོགས། །ཐ་སྙད་མ་དཔྱད་འཇིག་རྟེན་ལྷན་སྐྱེས་ངོར། །དོན་དམ་ཅུང་ཟད་དཔྱད་པའི་རིག་ཤེས་ངོར། །སྤྲོས་བྲལ་ལེགས་པར་དཔྱོད་པའི་བརྗོད་མེད་ངོར། །འདི་གསུམ་ལེགས་པར་ཤེས་དེ་དབུ་མ་ཆེ། །
ཀུན་མཁྱེན་གོ་རམས་ཀྱིས། དྲིས་ལན་པད་ཞབས་ལས།
གཞན་དོན་གཟུགས་སྐུ་གཉིས་པོ་གསུང་རབ་ཀྱི་དོན་ལ་འཇུག་ཚུལ། འཇིག་རྟེན་མཐུན་འཇུག་དང་། ཐ་སྙད་དཔྱོད་པའི་གནས་སྐབས་དང་། དོན་དམ་དཔྱོད་པའི་གནས་སྐབས་གསུམ་དུ་ཕྱེ་བའི་ཚེ་གནས་སྐབས་དང་པོའི་ཚེ་སངས་རྒྱས་དངོས་སུ་ཁས་ལེན་པས། གདུལ་བྱས་སངས་རྒྱས་ཀྱི་སྐུ་དངོས་སུ་མཐོང་བ་དང་། གསུང་དངོས་སུ་ཐོས་པའི་ཐ་སྙད་བྱེད། གཉིས་པའི་ཚེ་སངས་རྒྱས་དངོས་མ་ཡིན་པར་གདུལ་བྱའི་སེམས་སྣང་ཡིན་ཡང་། སྤྱིར་སངས་རྒྱས་ཡིན་པར་གྱུར་པའི་གཟུགས་སྐུ་གཉིས་མེད་པར་མི་འགྱུར་ཏེ། སངས་རྒྱས་རང་སྣང་གི་སྐུ་གསུམ་རྒྱུད་བླར་བཤད་པའི་ཕྱིར་རོ། །གསུམ་པའི་ཚེ་སངས་རྒྱས་ཡིན་མིན་གྱི་སྤྲོས་པ་དང་བྲལ་བས་མཐའ་གང་དུ་ཡང་བརྗོད་པར་མི་ནུས་སོ་དེས་ན། གང་དག་ང་ལ་གཟུགས་སུ་མཐོང་། །ཞེས་སོགས་ཀྱང་གནས་སྐབས་ཕྱི་མ་གཉིས་ལ་དགོངས་ཏེ། སངས་རྒྱས་རང་སྣང་གི་གཟུགས་སྐུ་གཉིས་དང་། སངས་རྒྱས་རང་སྣང་གི་དོན་དམ་སྤྲོས་བྲལ་གདུལ་བྱ་ལ་མི་སྣང་བའི་ཕྱིར་རོ། །
མདོ་ལས།
བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །
མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །དབང་པོ་འདི་དག་གལ་ཏེ་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །
ཀུན་མཁྱེན་གྱིས།
བློ་སྔ་མ་གནོད་བཅས་དང་། ཕྱི་མ་ཐུག་མེད་དུ་འགྱུར་རོ་ཞེས་པའང་མ་དཔྱད་པ་སྟེ། ཇི་སྲིད་མཐའ་བཞིའི་སྤྲོས་པ་མ་ལུས་པར་མ་བཀག་གི་བར་དུ་དེར་འགྱུར་བ་ནི་འདོད་ཐོག་ཏུ་བབས་པས་གནོད་བྱེད་མ་ཡིན་ལ། མཐའ་བཞིའི་སྤྲོས་པ་བཀག་ཟིན་ནས་ནི་དེར་མི་འགྱུར་ཏེ་བློ་སྔ་མས་མཐའ་གང་དུའང་མ་བཟུང་བས་ཕྱི་མས་དགག་པར་བྱར་མེད་པའི་ཕྱིར་རོ། །
ཀུན་མཁྱེན་རོང་སྟོན།
ཐ་སྙད་པའི་ཆོས་དོན་དམ་རིགས་པས་འགོག་ཚུལ་དང་ཐ་སྙད་ཚད་མ་ཚད་མ་མིན་ཚུལ།
སྟོན་པ་ཡང་དག་པས། མདོ་ལས།
གླུ་དང་རོལ་མོ་དེ་བཞིན་ངུ་བ་ཡང་། །དེ་ལ་བརྟེན་ནས་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལ་དབྱངས་དེ་ནམ་ཡང་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་རྨི་ལམ་ན་ཡང་འདོད་བསྟེན་པ། །སྐྱེས་བུ་སད་པར་གྱུར་ནས་མི་མཐོང་སྟེ། །བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །
སློབ་དཔོན་ཀླུ་སྒྲུབ་ཀྱིས། བྱང་ཆུབ་སེམས་འགྲེལ་ལས།
སྐྱེ་མཆེད་དག་ནི་གཟུང་བ་དང་། །འཛིན་པར་ཡང་ནི་ཤེས་པར་བྱ། །གཟུགས་རྡུལ་དབང་ཤེས་སྐྱེད་མིན་ཏེ། །དེ་ནི་དབང་པོ་ལས་འདས་ཡིན། །འདུས་པས་དེ་རྣམས་སྐྱེད་བྱེད་ན། །ཚོགས་པ་དེ་ཡང་མི་འདོད་དོ། །ཕྱོགས་ཀྱི་དབྱེ་བས་ཕྱེ་བ་ཡིས། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱིས་བརྟགས་པ། །དེར་ནི་རྡུལ་ཕྲན་ཇི་ལྟར་འཐད། །ཕྱི་རོལ་དོན་ནི་རྣམ་གཅིག་ལ། །ཐ་དད་ཤེས་པ་འཇུག་པར་འགྱུར། །ཡིད་འོང་གཟུགས་ནི་གང་ཡིན་པ། །དེ་ཉིད་གཞན་ལ་གཞན་དུ་འགྱུར། བུད་མེད་གཟུགས་ནི་གཅིག་པུ་ལ། །རོ་དང་འདོད་བྱ་བཟའ་བ་ལ། །ཀུན་རྒྱུ་ཆགས་ཅན་ཁྱི་རྣམས་བཞིན། །རྣམ་པར་རྟོག་པ་གསུམ་ཡིན་ནོ། །དོན་མཚུངས་པ་ཡིས་དོན་བྱེད་པ། །རྨི་ལམ་གནོད་པ་བཞིན་མིན་ནམ། །རྨི་ལམ་སད་པའི་གནས་སྐབས་ལ། །དོན་བྱེད་པ་ལ་ཁྱད་པར་མེད། །
ཞི་བ་ལྷས། སྤྱོད་འཇུག་ལས།
གལ་ཏེ་བདག་འགའ་ཡོད་ན་ནི། །ཅི་ཡང་རུང་ལས་འཇིགས་འགྱུར་ན། །བདག་ཉིད་འགའ་ཡང་ཡོད་མིན་པས། །འཇིགས་པར་འགྱུར་བ་སུ་ཞིག་ཡིན། །སོ་དང་སྐྲ་སེན་བདག་མ་ཡིན། །བདག་ནི་རུས་པ་ཁྲག་མ་ཡིན། །སྣབས་མིན་བད་ཀན་མ་ཡིན་ཏེ། །ཆུ་སེར་དང་ནི་རྣག་ཀྱང་མིན། །བདག་ནི་ཞག་དང་རྔུལ་མིན་ཏེ། །གློ་མཆིན་དག་ཀྱང་བདག་མ་ཡིན། །ནང་ཁྲོལ་གཞན་ཡང་བདག་མིན་ཏེ། །བདག་ནི་ཕྱི་ས་གཅིན་མ་ཡིན། །ཤ་དང་པགས་པ་བདག་མིན་ཏེ། །དྲོད་དང་རླུང་ཡང་བདག་མ་ཡིན། །བུ་ག་བདག་མིན་རྣམ་ཀུན་དུ། །རྣམ་ཤེས་དྲུག་ཀྱང་བདག་མ་ཡིན། །
དཔལ་ལྡན་ཟླ་བས། འཇུག་པ་ལས།
དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཡང་དེ་ཉིད་ལས། འཇིག་རྟེན་ངོ་བྱས་བདག་ནི་སྨྲ་བ་བྱེད། །
འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མི་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་ཟད་ལས་དེ་དེ་བཞིན་ནོ། །དབང་པོ་རབ་རིབ་བཅས་པ་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཡང་དེ་ཉིད་ལས། འཇིག་རྟེན་ངོ་བྱས་བདག་ནི་སྨྲ་བ་བྱེད། །
སློབ་དཔོན་ཀླུ་སྒྲུབ་ཀྱིས། བྱང་ཆུབ་སེམས་འགྲེལ་ལས།
སྐྱེ་མཆེད་དག་ནི་གཟུང་བ་དང་། །འཛིན་པར་ཡང་ནི་ཤེས་པར་བྱ། །གཟུགས་རྡུལ་དབང་ཤེས་སྐྱེད་མིན་ཏེ། །དེ་ནི་དབང་པོ་ལས་འདས་ཡིན། །འདུས་པས་དེ་རྣམས་སྐྱེད་བྱེད་ན། །ཚོགས་པ་དེ་ཡང་མི་འདོད་དོ། །ཕྱོགས་ཀྱི་དབྱེ་བས་ཕྱེ་བ་ཡིས། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱིས་བརྟགས་པ། །དེར་ནི་རྡུལ་ཕྲན་ཇི་ལྟར་འཐད། །ཕྱི་རོལ་དོན་ནི་རྣམ་གཅིག་ལ། །ཐ་དད་ཤེས་པ་འཇུག་པར་འགྱུར། །ཡིད་འོང་གཟུགས་ནི་གང་ཡིན་པ། །དེ་ཉིད་གཞན་ལ་གཞན་དུ་འགྱུར། བུད་མེད་གཟུགས་ནི་གཅིག་པུ་ལ། །རོ་དང་འདོད་བྱ་བཟའ་བ་ལ། །ཀུན་རྒྱུ་ཆགས་ཅན་ཁྱི་རྣམས་བཞིན། །རྣམ་པར་རྟོག་པ་གསུམ་ཡིན་ནོ། །དོན་མཚུངས་པ་ཡིས་དོན་བྱེད་པ། །རྨི་ལམ་གནོད་པ་བཞིན་མིན་ནམ། །རྨི་ལམ་སད་པའི་གནས་སྐབས་ལ། །དོན་བྱེད་པ་ལ་ཁྱད་པར་མེད། །