མཉམ་འདྲེས་སྨྱན་སྦྱོར་དུས་རབས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། འོད་གསལ་མཚོ།
ཉེ་བའི་ལོ་ཤས་རིང་། ཚགས་པར་དང་རྒྱང་སྒྲོག བརྙན་འཕྲིན་སོགས་སྲོལ་རྒྱུན་སྨྱན་སྦྱོར་གཙོ་བོ་དག་ལ་སྦྲེལ་དྲའི་སྨྱན་སྦྱོར་གསར་པས་འགྲན་བསླངས་ཏེ། མཉམ་འདྲེས་སྨྱན་སྦྱོར་ནི་ལས་རིགས་འདིའི་འཕེལ་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་ཡོད། རང་རྒྱལ་ལ་མཚོན་ན། མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས་མི་རིགས་སྐད་ཡིག་ལོ་ཙཱས་གསར་འགྱུར་དྲིལ་སྒྲོག་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད་ཕྱིར། མཉམ་འདྲེས་སྨྱན་སྦྱོར་འོག་མི་རིགས་སྐད་ཡིག་ལོ་ཙཱར་བརྟེན་ནས་གསར་འགྱུར་དྲིལ་སྒྲོག་སྤེལ་བའི་ཁྱད་ཆོས་ལ་དབྱེ་ཞིབ་གསལ་པོར་བྱེད་པ་དང་། མི་རིགས་སྐད་ཡིག་ལོ་ཙཱའི་གནད་དོན་དང་གནས་བབ། འཕེལ་ཕྱོགས་ཀྱི་ཐབས་ཇུས་བཅས་གསལ་པོར་བཏོན་ན། ད་གཟོད་མི་རིགས་སྐད་ཡིག་ལོ་ཙཱར་བརྟེན་ནས་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ལ་དགེ་བའི་ཕན་ནུས་འདོན་པར་མ་ཟད། ལས་རིགས་གོང་ནས་གོང་དུ་འཕེལ་བར་མཐུན་རྐྱེན་ལེགས་པར་སྦྱར་ཐུབ།
དང་པོ། མཉམ་འདྲེས་སྨྱན་སྦྱོར་དུས་ཀྱི་གསར་འགྱུར་དྲིལ་སྒྲོག་གི་ཁྱད་ཆོས།
མཉམ་འདྲེས་སྨྱན་སྦྱོར་ཆེས་ཆེར་དར་བའི་དུས་འདིར་སྲོལ་རྒྱུན་གྱི་གསར་འགྱུར་སྤེལ་ཐབས་ཀྱི་གོ་གནས་ཇེ་དམའ་དང་ཕན་ནུས་ཀྱང་ཇེ་ཞན་དུ་གྱུར་ཏེ། གསར་བྱུང་འཕྲིན་སྦྱོར་རྒྱ་ཆེར་བྲིན་ནས་ཚགས་པར་དང་རྒྱང་སྒྲོག བརྙན་འཕྲིན། སྦྲེལ་དྲའི་དྲིལ་སྒྲོག་སྟེགས་བུ་བཅས་མཉམ་དུ་འདྲེས་པའི་དྲིལ་སྒྲོག་མ་ལག་ཅིག་ཆགས་དང་ཆགས་བཞིན་འདུག
1. ཁྱེར་བདེ་སྦྲེལ་དྲའི་དྲིལ་སྒྲོག་ཆེས་བྲིན་པ།
མཉམ་འདྲེས་སྨྱན་སྦྱོར་ཟམ་མི་ཆད་པར་དར་བའི་དུས་འདིར། རིག་ནུས་ལག་ཁྱེར་ཁ་པར་དང་ངོས་སྙོམས་གློག་ཀླད་སོགས་སྦྲེལ་དྲའི་ཁྱེར་བདེ་བའི་འཕྲིན་སྟེགས་རྒྱ་ཆེར་དར་ཏེ། མི་སུ་ཡིན་ཡང་དྲིལ་སྒྲོག་མཁན་དུ་གྱུར་པ་དང་། གསར་འགྱུར་སྒྲོག་སྤེལ་ཡང་ཉིན་རེ་བཞིན་དུ་ཇེ་མགྱོགས་དང་སྟབས་ཇེ་བདེར་གྱུར་དང་འགྱུར་བཞིན་པར་མ་ཟད། དུས་ཕན་སྔར་བས་ཆེ་ཞིང་བརྡ་འཕྲིན་གྱི་ནང་དོན་ཡང་བརྙན་ལྡན་ཆ་ཚང་ཞིག་ཏུ་གྱུར་དང་འགྱུར་མུས་རེད།
2. འཕྲིན་སྦྱོར་ཆ་ཚང་ཅན་གྱི་དྲིལ་སྒྲོག
བརྡ་འཕྲིན་གྱི་དུས་རབས་དར་རྒྱས་སོང་བ་དང་བསྟུན་ནས། སྦྲེལ་དྲའི་ལག་རྩལ་དང་མིས་བཟོས་རིག་ནུས། 5G། གྲངས་མཛོད་ཆེན་མོ་སོགས་བརྡ་འཕྲིན་དྲིལ་སྒྲོག་ལག་རྩལ་ཆད་མེད་དུ་གསར་བརྗེ་བྱུང་སྟེ། ཚགས་པར་དང་རྒྱང་སྒྲོག་བརྙན་འཕྲིན་གང་ཡིན་རུང་། སྔོན་ཆད་ལྟར་དེ་དག་གི་ནང་དོན་ལ་ཚད་བཀག་ཐེབས་མེད་པར་ཡི་གེ་དང་པར་རིས། སྒྲ་བརྙན་སོགས་ཀྱི་ལམ་ནས་འཕྲིན་སྦྱོར་ཆ་ཚང་མཉམ་འདྲེས་སྒོས་སྦྲེལ་དྲའི་སྟེགས་བུ་བརྒྱུད་ནས་དྲིལ་སྒྲོག་བྱེད་པ་རེད། དེང་གི་སྨྱན་སྦྱོར་གནས་བབ་འོག་ཚགས་པར་གྱིས་བརྙན་ལྡན་གསར་འགྱུར་སྤེལ་བཞིན་ཡོད་ལ། རྒྱང་སྒྲོག་བརྙན་འཕྲིན་གྱིས་ཀྱང་ཡིག་ལམ་ནས་གསར་འགྱུར་གྱི་ནང་དོན་ཟབ་ཅིང་རྒྱས་པར་སྟོན་བཞིན་ཡོད། སྲོལ་རྒྱུན་གྱི་འཕྲིན་སྦྱོར་དག་གིས་བརྙན་ལམ་ཐད་གཏོང་གཉེར་བཞིན་ཡོད་པས། མཉམ་འདྲེས་སྨྱན་སྦྱོར་ཆ་ཚང་ཅན་དུ་འགྱུར་བཞིན་པའི་སྣང་ཚུལ་ཆགས་འདུག
3. བརྙན་ལྟ་དུས་རབས།
རིག་ནུས་ལག་ཁྱེར་ཁ་པར་དང་ངོས་སྙོམས་གློག་ཀླད། ལག་ཁྱེར་གློག་ཀླད་སོགས་སྦྲེལ་དྲའི་འཕྲིན་སྟེགས་མང་དུ་དར་བས་མི་རྣམས་བརྙན་བལྟ་དུས་རབས་ཤིག་ཏུ་སླེབས་འདུག འཁྱུག་དབྱིངས་དང་སྐད་འཕྲིན། ཕྲ་འཕྲིན། མགྱོགས་འཕྲིན་སོགས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྨྱན་སྦྱོར་མང་དུ་དར་བས། མི་རྣམས་ལ་བརྙན་ལམ་ནས་གསར་འགྱུར་དང་འཕྲིན་བཟང་ལ་ལྟ་ཀློག་བྱེད་པའི་གོམས་སྲོལ་ཞིག་ཆགས་བཞིན་འདུག
གཉིས་པ། མཉམ་འདྲེས་སྨྱན་སྦྱོར་དུས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་དོན་སྙིང་གལ་ཆེན།
1. མི་རིགས་སྐད་ཡིག་གི་གསར་འགྱུར་སྨྱན་སྦྱོར་གྱི་རྨང་གཞི་སྲ་ཞིང་བརྟན་པར་འདིང་ངེས་པ།
རང་རྒྱལ་གྱིས་གནའ་ནས་མི་རིགས་བར་གྱི་འདྲ་མཉམ་རྩ་དོན་རྒྱུན་བསྐྱངས་ཤིང་། མི་རིགས་ཁག་ལ་རང་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་དབང་ཆ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བསྩལ་ཡོད། ཁྲིམས་ལྟར་མི་རིགས་ཁག་གིས་མི་རིགས་སྐད་ཡིག་གི་ཚགས་པར་དང་རྒྱང་སྒྲོག བརྙན་འཕྲིན་སོགས་ཀྱི་འཕྲིན་སྟེགས་ལེགས་པར་བསྒྲུབ་པ་ནི་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སྲིད་ཇུས་གསར་འགྱུར་དྲིལ་སྒྲོག་ལས་མཚོན་སྟངས་ཤིག་ཡིན་ལ། མི་རིགས་ཁག་གི་སྐད་ཡིག་ལོ་ཙཱ་ནི་མི་རིགས་ཁག་གི་སྨྱན་སྦྱོར་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། མི་རིགས་སྐད་ཡིག་གི་སྨྱན་སྦྱོར་བྱ་བ་ལེགས་པོར་གཉེར་བར་མི་རིགས་སྐད་ཡིག་ལོ་ཙཱ་དང་འབྲལ་ཐབས་མེད།
2.མི་རིགས་སྐད་ཡིག་གི་གསར་འགྱུར་དྲིལ་སྒྲོག་གི་རྨང་གཞི་སྲ་ཞིང་བརྟན་པར་འདིང་ངེས།
སྐད་དང་ཡི་གེ་ནི་གསར་འགྱུར་དྲིལ་སྒྲོག་གི་ཐབས་ཤེས་གཙོ་བོ་ཡིན་ལ། མི་རིགས་ཀྱི་སྐད་དང་ཡི་གེ་ལེགས་པར་སྤྱད་པ་དང་གསར་འགྱུར་གྱི་ནང་དོན་ལེགས་པར་བསྒྱུར་ན། ད་གཟོད་མི་རིགས་ཀྱི་གསར་འགྱུར་དྲིལ་སྒྲོག་ལེགས་པོར་འཁྱོངས་ཐུབ་ལ། མི་རིགས་དེ་ཉིད་ཀྱི་བསམ་པའི་རིག་གནས་ཀྱི་རེ་འདོད་བསྐང་ཐུབ། སྒོས་སུ་མི་རིགས་ས་ཁུལ་ནས་མང་ཤོས་ཀྱིས་རྒྱ་ཡིག་མི་ཤེས་ལ་རྒྱ་སྐད་མི་གོ་བས། ལོ་ཙཱའི་ལམ་ནས་ཡུལ་དེའི་མང་ཚོགས་ལ་གསར་འགྱུར་མང་དུ་སྒྲོག་པ་དང་བརྡ་འཕྲིན་སྣ་ཚོགས་ཤེས་པར་བྱ་དགོས། དེ་མིན་མི་རིགས་སྐད་ཡིག་ལོ་ཙཱ་ནི་རང་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐབས་ཤེས་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན།
གསུམ་པ། མི་རིགས་སྐད་ཡིག་ལོ་ཙཱའི་ཇུས་གཞི།
1.སྲོལ་རྒྱུན་རྒྱུན་འཛིན་དང་སྐད་ཡིག་ལས་ཀར་བརྩོན་པའི་ཐབས་ཇུས།
མི་རིགས་སྐད་ཡིག་གི་འཕྲིན་སྦྱོར་ནི་རང་རྒྱལ་གྱི་གསར་འགྱུར་དྲིལ་སྒྲོག་མ་ལག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན། མཉམ་འདྲེས་སྨྱན་སྦྱོར་ཆེས་ཆེར་དར་བའི་དུས་འདིར། ལོ་ཙཱ་པ་སུ་ཡིན་ཡང་དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ལོ་ཙཱའི་ལས་ཀ་གསར་གཏོད་བྱེད་དགོས་ཏེ། གཅིག་ནས་སྲིད་ཇུས་རང་བཞིན་གྱི་རྩ་དོན་བསྲུང་དགོས། མི་རིགས་ཀྱི་སྐད་ཡིག་ལོ་ཙཱར་སྲིད་ཇུས་རང་བཞིན་དང་ཆབ་སྲིད་རང་བཞིན་ཆེས་ཆེར་ལྡན་པས། ལས་རིགས་འདི་འདྲ་གཉེར་བའི་མི་རྣམས་ཀྱིས་སྲིད་ཇུས་ལེགས་པར་བསླབས་ཤིང་། གསར་འགྱུར་རྩོམ་ཡིག་རེ་རེ་དང་ཚིག་བརྗོད་རེ་རེ་གཟབ་ཅིང་ནན་པོར་བསྒྱུར་ནས། འགྱུར་ཡིག་དོན་དང་མི་འགལ་བ། ཀུན་གྱིས་ཁས་ལེན་པ་ཞིག་ཏུ་འཁྱོངས་དགོས། གཉིས་ནས་ལོ་ཙཱའི་ཆེད་ལས་རང་བཞིན་གྱི་རྩ་དོན་བསྲུང་དགོས། མི་རིགས་གང་ཞིག་ཡིན་ཡང་རང་ཉིད་ཀྱི་ཁྱད་ཆོས་ཤིག་ཡོད་དེ། མི་རིགས་ཀྱི་རིག་གནས་དང་མི་རིགས་ཀྱི་སྐད་ཁོངས་ལ་འབྲེལ་ཡོད། ལོ་ཙཱ་པ་ཞིག་ཡིན་པའི་ཆ་ནས། དོན་དང་མི་འགལ་བ། ལེགས་པར་མཚོན་པ། ཉམས་དང་ལྡན་པ་ཞེས་པའི་ལོ་ཙཱའི་ཚད་གཞི་ལྟར་ལེགས་པར་བསྒྱུར་དགོས་ཏེ། ལོ་ཙཱ་ཡང་དག་བདེན་པར་མ་ཟད། སྐད་ཡིག་གི་མཚོན་ཐབས་མཛེས་ཤིང་ཉམས་དང་ལྡན་པ། རྣ་བར་སྙན་ཞིང་གོ་སླ་བར་བྱས་ཏེ་ལྟ་ཀློག་གི་གྲངས་ཚད་ཇེ་མང་དུ་འགྲོ་བར་མཐུན་རྐྱེན་ལེགས་པོ་སྦྱོར་དགོས།
2. དུས་རབས་ཀྱི་རྗེས་དེད་དེ་མཉམ་འདྲེས་དྲིལ་སྒྲོག་གི་ཐབས་ཇུས་འདོན་པ།
མཉམ་འདྲེས་སྨྱན་སྦྱོར་གྱི་དུས་འདིར། བརྡ་འཕྲིན་དྲིལ་སྒྲོག་ལ་སྦྲེལ་དྲ་མཉམ་འདྲེས་ངང་དྲིལ་སྒྲོག་བྱེད་པའི་ཁྱད་ཆོས་མངོན་པར་གསལ། དྲིལ་སྒྲོག་གི་དུས་ཡུན་མྱུར་ཞིང་ཁྱབ་རྒྱ་ཆེ་བས། དབྱིན་ཡིག་དང་རྒྱ་ཡིག་སོགས་ཀྱིས་བྲིས་པའི་གསར་འགྱུར་དག་རང་གི་སྐད་ཡིག་ཏུ་བསྒྱུར་ནས་ཚགས་པར་དང་བརྙན་འཕྲིན། སྐད་འཕྲིན། འཁྱུག་དབྱིངས་སོགས་མཉམ་འདྲེས་སྨྱན་སྦྱོར་གྱི་ལམ་ནས་ཀུན་ལ་བསྒྲགས་ན་ཕན་ཐོགས་ཆེ། དཔེར་ན། པྲོག་གསར་རིམས་ནད་འགོག་ཟོན་སྐབས་སུ། མི་རིགས་ཁག་གིས་འཁྱུག་དབྱིངས་དང་མགྱོགས་འཕྲིན། ཕྲ་འཕྲིན་སོགས་གཞུང་ཕྱོགས་བརྙན་ལམ་འཕྲིན་སྟེགས་ནས་རིམས་འགོག་གི་སྲིད་ཇུས་དང་འཕྲོད་བསྟེན་ཤེས་བྱ་ལེགས་པོར་བསྒྲགས་ནས། དྲིལ་སྒྲོག་གི་ཕན་འབྲས་ལེགས་པར་སྨིན་ཡོད་པ་ལྟ་བུ་རེད།
3.དུས་རབས་གསར་པའི་གསར་འགྱུར་ལོ་ཙཱའི་དཔུང་སྡེ་བསྐྱང་དགོས།
དུས་རབས་གསར་པའི་མི་རིགས་སྐད་ཡིག་གི་ལོ་ཙཱ་པའི་དཔུང་སྡེ་ལེགས་པར་བསྐྱངས་ན། ད་གཟོད་གསར་འགྱུར་ལོ་ཙཱའི་ལས་རིགས་དར་ཞིང་རྒྱས་པར་འགྲོ་ཐུབ། མཉམ་འདྲེས་སྨྱན་སྦྱོར་ཧ་ཅང་དར་བའི་དུས་འདིར། ལོ་ཙཱ་པའི་དཔུང་སྡེ་གསོ་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་བྱ་བ་ཞིག་རེད། གཅིག་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བའི་ཡོན་ཏན་པ་སྐྱོང་བ། གསར་འགྱུར་སྨྱན་སྦྱོར་ཁག་གིས་གསར་འགྱུར་དྲིལ་སྒྲོག་གི་གླེང་བརྗོད་ཀྱི་འགན་འཁྲི་ལྕི་མོ་ཁུར་ཡོད་པས། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་གྱི་ལྟ་བ་ལྡན་དགོས་པར་མ་ཟད་ཏང་གཤིས་ཀྱང་བརྟན་པ། བསམ་པའི་བྱང་ཚད་མཐོ་དགོས་ལ། ཆབ་སྲིད་ལ་རྩིས་མཐོང་དང་སྤྱི་ཁོག་ལ་འདང་ཕོག་པའི་ལོ་ཙཱ་པ་བདམས་ནས་ཆབ་སྲིད་པས་ཚགས་པར་དང་བརྙན་འཕྲིན་གཉེར་བའི་རང་མདངས་འགྱུར་མེད་དུ་གཏོང་དགོས། གཉིས་ནས་ཆེད་ལས་ཡོན་ཏན་པ་སྐྱོང་བ། མི་རིགས་སྐད་ཡིག་ལོ་ཙཱ་ནི་ཆེད་ལས་རང་བཞིན་ཆེས་ཆེར་ལྡན་པའི་བྱ་གཞག་ཅིག་ཡིན། མི་རིགས་རང་གི་སྐད་དང་ཡི་གེ་ཤེས་ཤིང་། སྐད་ཡིག་ཡིག་སྒྱུར་ལ་དུངས་པ་ཟབ་པའི་ཡོན་ཏན་པ་དག་གསར་འགྱུར་ཡིག་སྒྱུར་གྱི་དཔུང་སྡེ་རུ་འཇུག་དགོས། གསུམ་ནས་མཉམ་འདྲེས་སྨྱན་སྦྱོར་དྲིལ་སྒྲོག་གི་ཡོན་ཏན་པ་སྐྱོང་བ། མཉམ་འདྲེས་སྨྱན་སྦྱོར་གྱི་དུས་འདིར། ལོ་ཙཱ་པའི་དཔུང་སྡེ་ན་གཞོན་ཅན་དུ་གསོ་སྐྱོང་བྱེད་དགོས་ཤིང་། སྨྱན་སྦྱོར་གསར་པར་དགའ་ཞིང་འཇོན་པའི་ཆེད་ལས་འཇོན་མི་གསར་འགྱུར་སྡེ་ཁག་ཏུ་བསྡུས་ཏེ། མི་རིགས་སྐད་ཡིག་གི་གསར་འགྱུར་མཉམ་འདྲེས་སྨྱན་སྦྱོར་བྱ་གཞག་གོང་ནས་གོང་དུ་སྤེལ་ཏེ། མཉམ་འདྲེས་དྲིལ་སྒྲོག་གི་དར་ཆ་མཐོ་རུ་བསྒྲེང་དགོས་སོ།།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།