བོད་ལུགས་གསོ་རིག་གི་འཕེལ་རྒྱས་གསར་བའི་སྣེ་ཁྲིད་པ་ཀླུ་བྱམས་རྒྱལ།
མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་ཀླུ་བྱམས་རྒྱལ་གྱིས་བོད་ལུགས་གསོ་བ་རིག་པའི་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་བསླབ་གཞི་བརྒྱ་ལྷག་གཙོ་སྐྱོང་བྱས་ཏེ་སྒྲིག་རྩོམ་བྱས་ཤིང་། བོད་སྨན་གྱི་གཏུག་ཆོག་པའི་མིག་སྨན་ཐོག་མ“སྐྱེར་བའི་ཁཎྜའི”ནད་ཐོག་སྔོན་གྱི་ཞིབ་འཇུག་ལེགས་འགྲུབ་བྱུང་ལ། “བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ”དང་། བོད་ལུགས་གསོ་རིག་གི་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་དཔེ་དབྱིབས“W+2+5+3”གསར་དུ་བཏོད། མི་ལོ37གྱི་རིང་ལ། ཁོང་གིས་བློ་གཅིག་སེམས་གཅིག་གིས་བོད་ལུགས་གསོ་རིག་སློབ་ཁྲིད་དང་ཚན་ཞིབ། ནད་ཐོག་ལག་ལེན་དང་ཕྱི་ཕྱོགས་དྲིལ་སྒྲོག་སོགས་ཀྱི་བྱ་བ་བསྒྲུབས་ཏེ། རང་ཞིང་གི་བོད་ལུགས་གསོ་བ་རིག་པའི་འཕེལ་རྒྱས་གསར་བའི་སྣེ་ཁྲིད་པ་རུ་གྱུར།
1985ལོར། ཀླུ་བྱམས་རྒྱལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་བོད་ལུགས་གསོ་རིག་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས་མཚོ་ལྷོ་ཁུལ་བོད་སྨན་ཁང་དུ་བྱ་བ་བསྒྲུབས། སྐབས་དེར་སྨན་ཁང་གི་ཆ་རྐྱེན་ཞན་ནའང་། གསར་དུ་ལས་ཀར་ཞུགས་མ་ཐག་པའི་ཀླུ་བྱམས་རྒྱལ་སྤྲོ་སེམས་ཀྱིས་ཁེངས་ཤིང་། བོད་ལུགས་གསོ་བ་རིག་པའི་ཤེས་བྱར་བརྟེན་ནས་ནད་པ་རྣམས་ཀྱི་སྡུག་བསྔལ་བསལ་རྒྱུའི་ཆོད་སེམས་བརྟན་པོ་བཅངས།
བར་སྐབས་འདིར། ཀླུ་བྱམས་རྒྱལ་བོད་ལྗོངས་སྨན་རྩིས་ཁང་དུ་ཕྱིན་ནས་ཟབ་སྦྱོང་བྱས་པར་མ་ཟད། རྒྱལ་སྨན་སློབ་དཔོན་བྱམས་པ་འཕྲིན་ལས་ཀྱི་དྲུང་ནས་བོད་ལུགས་གསོ་བ་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་དོན་དུ་གཉེར། སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་པ་བརྒྱུད། ཁོའི་སྨན་བཅོས་ལག་རྩལ་ལ་མཐོར་འདེགས་ཆེན་པོ་བྱུང་། 1997ལོར། ཀླུ་བྱམས་རྒྱལ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་ལས་གནས་སྤར་ཏེ་བོད་སྨན་སློབ་ཁྲིད་དང་ཞིབ་འཇུག་གི་བྱ་བ་གཉེར། ནད་ཐོག་སྨན་བཅོས་ནས་དཔེ་ཁྲིད་མི་སྐྱོང་གི་ཕྱོགས་སུ་གོམ་ཁ་བསྒྱུར་བ་དེ་ཀླུ་བྱམས་རྒྱལ་ལ་མཚོན་ན་འགྲན་རྩོད་གསར་བ་ཞིག་ཅི་ལ་མིན་ཏེ། ནད་ཐོག་སྨན་བཅོས་བྱེད་སྐབས། འདང་རྒྱག་ས་མང་ཆེ་བ་ནི་བོད་སྨན་གྱི་ནད་ཐོག་རིག་ལམ་ལ་བརྟེན་ནས་ནད་པ་རྣམས་ལ་ནད་འགོག་ནད་བཅོས་ཀྱི་ཞབས་ཕྱི་ཇི་ལྟར་བསྒྲུབ་རྒྱུ་དེ་ཡིན་ལ། སློབ་ཆེན་ལ་ཐོན་རྗེས། འདང་རྒྱག་ས་མང་ཆེ་བ་ནི་དཔེ་ཁྲིད་མི་སྐྱོང་ཇི་ལྟར་བྱ་རྒྱུ་དང་། སློབ་མ་ཚོའི་བོད་སྨན་ནད་ཐོག་རིག་ལམ་ཇི་ལྟར་སྐྱེད་སྲིང་བྱ་རྒྱུ་སོགས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྐོར་རེད།
ཀླུ་བྱམས་རྒྱལ་གྱིས་བསླབ་གཞིའི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བའི་ཐད་དུ་ཕྱག་ལས་མང་པོ་བསྒྲུབས་ཡོད་དེ། 1998ལོ་ནས་བཟུང་། ཁོང་གིས་སྔ་གཞུག་ཏུ་རྒྱལ་ཡོངས་བོད་ལུགས་གསོ་རིག་གི་དངོས་གཞི་རིམ་པའི་བསླབ་གཞིའི་རྩ་གནད་དང་བོད་སྨན་ཆེད་ལས་ཞིབ་འཇུག་སློབ་མའི་ཚོད་ལྟའི་བསླབ་གཞི། དུས་རབས21པར་ཕྱོགས་པའི་སློབ་ཁྲིད་བསླབ་གཞི་སོགས་བསླབ་གཞི་རིགས100ལྷག་སྒྲིག་རྩོམ་བྱས་ཏེ། བོད་ལུགས་གསོ་བ་རིག་པའི་རྒྱལ་ཡོངས་གཅིག་གྱུར་བསླབ་གཞི་རྩོམ་སྒྲིག་གི་སྟོང་ཆ་བསྐངས་ཤིང་། དེར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་ཐོབ། བསླབ་གཞི་འདི་རང་རྒྱལ་གྱི་ཞིང་ཆེན་ལྔའི་བོད་ལུགས་གསོ་རིག་སློབ་གྲྭ་དག་གིས་སྤྱོད་བཞིན་ཡོད་པར་མ་ཟད། ཨ་རི་དང་འཇར་པན། དབྱི་ཐ་ལི། ཨུ་རུ་སུ་སོགས་རྒྱལ་ཁབ་མང་པོའི་བོད་ལུགས་གསོ་རིག་སློབ་གྲྭ་དག་གིས་ཀྱང་བེད་སྤྱད་དེ། འཛམ་གླིང་ཡོངས་ཀྱི་འབྲེལ་ཡོད་ལས་ཁུངས་མང་པོས་གཅིག་གྱུར་སྒོས་སྤྱོད་པའི་བསླབ་གཞིར་གྱུར། ཁོང་གིས་བརྩམས་པའི«བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ»ཡིས་བོད་ལུགས་གསོ་བ་རིག་པའི་ལོ་རྒྱུས་ཐོག་ཏུ་ཆ་ཚང་ཞིང་མ་ལག་དང་ལྡན་པའི་སེམས་ཁམས་རིག་པ་ཞིག་མེད་པའི་སྟོང་ཆ་བསྐངས་ཤིང་། བརྩམས་ཆོས་འདིར་མཚོ་སྔོན་ཞིང་ཆེན་གྱི་ཐེངས་བརྒྱད་པའི་ཚན་རྩལ་ཡར་ཐོན་བྱ་དགའ་དང་རང་རྒྱལ་གྱི་བོད་རིག་པའི་སྡེའི་ཆེས་མཐོའི་བྱ་དགའ་སྟེ་ཀྲུང་གོ་བོད་རིག་པའི་ཇོ་མོ་གླང་མའི་བྱ་དགའ་ཐོབ།
མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན་པའི་ཆ་ནས། ཀླུ་བྱམས་རྒྱལ་ཤེས་བྱ་ཡོན་ཏན་གྱིས་ཕྱུག་པར་མ་ཟད། སློབ་མ་སྐྱོང་བ་ལའང་ཧ་ཅང་མཁས་ཏེ། སློབ་གསོའི་བྱ་བའི་ཁྲོད་ཁོང་གིས་མི་གཞི་ཀུན་སྤྱོད་སྐྱོང་རྒྱུ་གཙོ་བོར་འཛིན་པ་དང་། སློབ་མའི་ཐོན་ཁུངས་ཀྱི་སྤུས་ཚད་དོ་མཉམ་མིན་པ་དང་སློབ་མ་སོ་སོའི་དགའ་ཕྱོགས་འདྲ་མིན་སྣ་ཚོགས་ཡིན་པའི་ཁྱད་ཆོས་ལ་དམིགས་ནས། སློབ་མ་མི་འདྲ་བར་སློབ་གསོ་གཏོང་སྟངས་མི་འདྲ་བ་སྤྱོད་པ་དང་སློབ་མའི་ཚན་རིག་གི་སྙིང་སྟོབས་དང་སློབ་སྦྱོང་གི་དགའ་ཕྱོགས་སྐྱེད་སྲིང་བྱེད་པ། སློབ་མའི་བག་ཤུགས་སྐུལ་སྤེལ་བྱེད་པ་བཅས་བྱས་ཏེ། “གཞུང་ཁྲིད་ལུགས་སྤེལ”གྱི་བསམ་བློའི་མཐོ་ཚད་ལ་སླེབས། སློབ་གསོའི་བྱ་བའི་ཐད་ནས། ཀླུ་བྱམས་རྒྱལ་གྱི་སློབ་མས་ཁོང་ལ“དགེ་རྒན་ཆེན་མོ་ཀླུ་བྱམས་རྒྱལ་གྱིས་སུན་སྣང་སྤུ་ཙམ་མེད་པར་ང་ཚོ་ལ་ཤེས་བྱ་མ་ལུས་བུམ་པ་གང་བྱོ་མཛད་ཅིང་། ཁོང་གི་བྱ་སྤྱོད་རེ་རེས་ང་ཚོའི་བསམ་བློ་དང་སྤྱོད་ལམ། མི་གཞི་སོགས་ལ་བག་ཆགས་རིམ་འགྱུར་གྱི་ཤུགས་རྐྱེན་ཐེབས་ཡོད”ཅེས་གདེང་འཇོག་བྱེད།
དཔལ་ཆེན་གསང་བདག་ནི་ཀླུ་བྱམས་རྒྱལ་གྱི་སློབ་མ་ཡིན་ལ། ཀླུ་བྱམས་རྒྱལ་གྱི་རྗེས་འབྲངས་ནས་མི་ལོ་ཉི་ཤུ་ལྷག་འགོར་བས། ཁོས་བོད་ལུགས་གསོ་རིག་སློབ་གླིང་གི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཀྱི་རྒྱུད་རིམ་མིག་གིས་མཐོང་ཡོད། དཔལ་ཆེན་གསང་བདག་གིས“བོད་ལུགས་གསོ་རིག་སློབ་གླིང་འདི་སྔོན་ཆད་ཀྱི་སྡེ་ཁག་ཅིག་ནས་དེང་གི་གསོ་རིག་སློབ་གླིང་དུ་གྱུར་པའི་བར། ཀླུ་བྱམས་རྒྱལ་གྱིས་དུས་ཡུན་རིང་བོར་འགན་འཁྲིའི་འདུ་ཤེས་མཐོན་པོ་དང་བྱ་བའི་ཆོད་སེམས་བརྟན་པོས་སྤྲོ་སེམས་དང་ནུས་ཤུགས་ཡོད་ཚད་བྱ་བའི་ཁྲོད་ཕུལ་ཏེ། མི་སྒེར་གྱི་ཐོབ་ཤོར་རྒྱབ་ཏུ་བསྐྱུར་ནས་འབད་བརྩོན་ལྷོད་མེད་གནང་བ་དང་། རྔུལ་ཁྲག་ཡོད་ཚད་མི་རིགས་གསོ་རིག་གི་མཐོ་རིམ་སློབ་གསོའི་ལྡུམ་ར་རུ་གཏོར་བས། ཁོ་ནི་བོད་ལུགས་གསོ་རིག་སློབ་གླིང་འཕེལ་རྒྱས་ཀྱི་སྤྱི་ཁྱབ་ཇུས་འགོད་པ་ཡིན”ཞེས་བཤད།
ཁྲིད་སྟེགས་སུ་འགྲེང་ཐེངས་རེ་རེར། ཀླུ་བྱམས་རྒྱལ་ལ་འགན་འཁྲིའི་བསམ་པ་ཞིག་གིས་ཁེངས་ཡོད་དེ། ཁོང་གིས་ནམ་རྒྱུན་སློབ་ཁྲིད་ལ་བསམ་བློ་གསར་བ་དང་ངོས་འཛིན་གསར་བ། ལྟ་བ་གསར་བ་བཅས་ཡོད་པར་བྱས་ནས། སློབ་མ་རྣམས་ཀྱིས་དེང་རབས་བོད་ལུགས་གསོ་བ་རིག་པའི་རིག་གཞུང་མ་ལག་གི་རྨང་གཞིའི་བསམ་བཀོད་ལ་སྔར་ལས་གསལ་བའི་ངོས་འཛིན་དང་རྒྱུས་ལོན་བྱེད་ཐུབ་པར་བརྩོན། སློབ་མ་རྣམས་ཀྱི་མིག་ནང་ནས་ཁོ་ནི་ཐོན་རྫས་ཕྱིར་འཚོང་མཁན་ཞིག་དང་འདྲ་སྟེ། ལོ་རེ་རེར་སློབ་མ་རྣམས་སློབ་མཐར་ཕྱིན་པའི་དུས་ལ་སླེབས་སྐབས། ཁོ་རང་ཕྱོགས་སོ་སོར་བརྒྱུགས་ནས་སློབ་མ་རྣམས་ལ་མདུན་ལམ་འཚོལ་བར་བྲེལ། ད་ལྟའི་བར་དུ། ཀླུ་བྱམས་རྒྱལ་གྱིས་བོད་ལུགས་གསོ་རིག་ཆེད་ལས་ཀྱི་དངོས་གཞི་སློབ་མ་དང་རབ་འབྱམས་པ། འབུམ་རམས་པ་བཅས་ཁྱོན་བསྡོམས་ཤེས་ལྡན་མི་སྣ3000ལྷག་བསྐྱངས་ཤིང་། དེའི་ཁྲོད་དུ་ཞིབ་འཇུག་ཁྱབ་ཁོངས་ཀྱི་འབུམ་རམས་པ26དང་རབ་འབྱམས་པ58ཡོད།
ཀླུ་བྱམས་རྒྱལ་གྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། 2006ལོར། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ལ་མི་རིགས་གསོ་རིག(བོད་ལུགས་གསོ་རིག་དང་བོད་སྨན་ཁ་ཕྱོགས)འབུམ་རམས་པའི་བསླབ་གནས་གནང་བའི་དབང་ཆ་ཐོབ་སྟེ། མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གསོར་འབུམ་རམས་པའི་ལྟེ་གནས་གཅིག་ཀྱང་མེད་པའི་སྟོང་ཆ་བསྐངས་པར་མ་ཟད། མཚོ་སྔོན་སློབ་ཆེན་ནི་འཛམ་གླིང་སྟེང་སྒེར་ཚུགས་ངང་བོད་ལུགས་གསོ་རིག་གི་འབུམ་རམས་པ་སྐྱེད་སྲིང་བྱེད་པའི་སློབ་ཆེན་ཐོག་མ་རུ་གྱུར། ཀླུ་བྱམས་རྒྱལ་གྱིས་ད་དུང་རྒྱལ་ཁབ་སློབ་གསོའི་ལམ་ལུགས་བཅོས་སྒྱུར་གྱི་ཚོད་ལྟའི་རྣམ་གྲངས་ཏེ། བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་སྐྱེད་སྲིང་དཔེ་དབྱིབས་གསར་གཏོད་ཅེས་པར་བརྟེན་ནས། བོད་ལུགས་གསོ་རིག་གི་རྒྱལ་ཁབ་རིམ་པའི་དངོས་གཞིའི་ཆེད་ལས་རྩེ་གྲ་དང་། བོད་ལུགས་གསོ་རིག་གི་མཚོ་སྔོན་ཞིང་ཆེན་རྒྱལ་ནང་རྩེ་གྲའི་བསླབ་ཚན། «བོད་ལུགས་གསོ་རིག་གི་སྨན་སྦྱོར་རིག་པ་དང་བཤལ་བཅོས་རིག་པའི»རྒྱལ་ཁབ་རིམ་པའི་ཁྲིད་ཚན་རྩེ་གྲ་བཅས་ཆོག་མཆན་བརྒྱུད་འཛུགས་སྐྲུན་གནང་ཞིང་། 2021ལོར། མི་རིགས་གསོ་རིག(བོད་ལུགས་གསོ་རིག་དང་བོད་སྨན)གི་བསླབ་ཚན་རིམ་པ་གཉིས་པའི་འབུམ་རམས་པའི་ལྟེ་གནས་ཀྱི་རྨང་གཞིའི་སྟེང་ཀྲུང་ལུགས་གསོ་རིག(བོད་ལུགས་གསོ་རིག)གི་བསླབ་ཚན་རིམ་པ་དང་པོའི་འབུམ་རམས་པའི་བསླབ་གནས་དབང་བཅོལ་ལྟེ་གནས་ཁ་སྣོན་བྱས་ཏེ། བོད་ལུགས་གསོ་རིག་གི་དངོས་གཞི་སློབ་མ་དང་རབ་འབྱམས་པ། འབུམ་རམས་པ། ཕྱི་འགྲིམ་སློབ་མ་བཅས་གཞི་གཅིག་ཏུ་འདུས་པའི་སློབ་སྒྲུབ་རྣམ་པ་གསར་བ་ཞིག་བསྐྲུན་ལ། བོད་ལུགས་གསོ་རིག་གི་སློབ་གསོ་དང་སྨན་བཅོས། ཚན་ཞིབ། ཐོན་ལས། རིག་གནས་རྒྱུད་འཛིན་བཅས་ལྔ་གཞི་གཅིག་ཏུ་འདུས་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་མ་ལག་ཅིག་བསྐྲུན་ཏེ། བོད་ལུགས་གསོ་བ་རིག་པ་དེ་སྲོལ་རྒྱུན་གྱི་དགེ་རྒན་ནས་དགེ་ཕྲུག་རྒྱུད་པའི་རྒྱུད་འཛིན་བྱེད་སྟངས་ནས་མཐོ་རིམ་གསོ་རིག་སློབ་གསོའི་ལྡིང་ཁང་དུ་སྐྱོད་པའི་གསར་བརྗེ་མངོན་འགྱུར་བྱུང་བས། མི་རིགས་གསོ་རིག་སློབ་གསོའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་དུ་གྱུར།
དཔེ་ཁྲིད་མི་སྐྱོང་གི་ཞོར་ལ། ཀླུ་བྱམས་རྒྱལ་གྱིས་དུས་ཡུན་རིང་བོར་བོད་སྨན་སྨན་རྫས་གསར་བ་ཞིབ་འཇུག་དང་གསར་གཏོད་བྱེད་པར་ཤུགས་རྒྱག་བཞིན་ཡོད་དེ། ཁོས“བོད་སྨན་ལ་བརྟེན་ནས་ནད་ཚབས་ཆེན་འགོག་བཅོས་བྱེད་པའི་ཞིབ་འཇུག་གསར་གཏོད་མཉམ་སྤྱོད་སྟེགས་བུ་འཛུགས་སྐྲུན”སོགས་རྣམ་གྲངས་ཉི་ཤུ་ལྷག་གཙོ་སྐྱོང་བྱས་ཤིང་། དེའི་ཁྲོད་ཀྱི"བོད་སྨན་སྨན་རྫས་གསར་བ'སྐྱེར་བའི་ཁཎྜ'ཞིབ་འཇུག”དང“མུ་ཏིག་བདུན་ཅུ་དང་རིན་ཆེན་གྲང་སྦྱོར་ཞིབ་འཇུག” “ལྕགས་རིགས་སྡེབ་ཁ་ཡོད་པའི་སྨན་རྫས་ཀྱི་བདེ་འཇགས་རང་བཞིན་དང་འཐུས་ཚབ་སྨན་རྫས་ཀྱི་སྨན་ནུས་རིག་པའི་ཞིབ་འཇུག”སོགས་ལ་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་བྱ་དགའ་ཐོབ་ནས། གྲུབ་ཆ་མང་བའི་བོད་སྨན་སྨན་རྫས་ཀྱི་སྨན་ནུས་རིག་པའི་ཞིབ་འཇུག་ལ་རྨང་གཞི་བཏིང་། མིག་སྔར་བོད་སྨན་གྱི་གཏུག་ཆོག་པའི་མིག་སྨན་ཐོག་མ“སྐྱེར་བའི་ཁཎྜ”ནི་སྨན་ཁང་གིས་སྡེབ་སྦྱོར་བྱས་པ་བརྒྱུད་ནད་ཐོག་ཏུ་སྤྱོད་བཞིན་ཡོད་ལ། “ལྕགས་རིགས་སྡེབ་ཁ་ཡོད་པའི་སྨན་རྫས་ཀྱི་བདེ་འཇགས་རང་བཞིན་དང་འཐུས་ཚབ་སྨན་རྫས་འགའི་སྨན་ནུས་རིག་པའི་ཞིབ་འཇུག”བརྒྱུད་ལྕགས་རིགས་ཀྱི་སྡེབ་ཁ་ཡོད་པའི་འཐུས་ཚབ་རང་བཞིན་གྱི་གྲུབ་ཆ་མང་བའི་སྨན་རྫས་འགའི་བདེ་འཇགས་རང་བཞིན་ར་སྤྲོད་བྱས་པ་སོགས་དུས་རབས་གསར་བའི་བོད་སྨན་ཐོན་ལས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག
བོད་ལུགས་གསོ་རིག་གིས་ཕྱི་ཕྱོགས་ལ་བསམ་བློ་བརྗེ་རེས་བྱེད་པའི་དཔེ་དབྱིབས་གསར་འབྱེད་བྱ་ཆེད། ཀླུ་བྱམས་རྒྱལ་གྱིས“ཕྱོགས་ལྔ་གཞི་གཅིག་གི”ཐོན་ཁུངས་སྟེགས་བུར་བརྟེན་ནས“W+2+5+3”བོད་ལུགས་གསོ་རིག་གིས་ཕྱི་ཕྱོགས་ལ་མཉམ་ལས་བརྗེ་རེས་བྱེད་པའི་དཔེ་དབྱིབས་གསར་བ་སྟེ“མཚོ་སྔོན་གྱི་དཔེ་དབྱིབས”ཞེས་པ་གསར་དུ་བཏོད་ཅིང་། བོད་ལུགས་གསོ་རིག་སློབ་གསོའི་འཕེལ་རྒྱས་ཀྱི་རིམ་གསུམ་མཆོང་སྐྱོད་མངོན་འགྱུར་བྱས་ལ། བོད་ལུགས་གསོ་བ་རིག་པའི་རྒྱལ་སྤྱིའི་མཉམ་འབྲེལ་གྱི་རྒྱལ་ཁབ་རིམ་པའི་དཔེ་སྟོན་རྟེན་གཞི་བཙུགས།
ལོ་ངོ་སུམ་ཅུ་ལྷག་རིང་གི་སློབ་གསོའི་བྱ་བཞག་ཁྲོད། ཀླུ་བྱམས་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་གཟབ་ནན་གྱི་ཚན་ཞིབ་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ཏེ། བྱ་བར་ནན་ནན་ཏིག་ཏིག་དང་ལེགས་ཐོག་ལེགས་བརྩེགས་ཀྱི་སྤྱོད་པ་མཐར་ཆགས་སུ་བསྐྱངས་པས། ཁོང་ལ་སྔ་ཕྱིར་རྒྱལ་ཁབ་རིམ་པའི་མཐོ་རིམ་ཤེས་ལྡན་མི་སྣའི་དམིགས་བསལ་རྒྱབ་སྐྱོར་འཆར་གཞིའི(མི་ཁྲིའི་འཆར་གཞི)སྣེ་འདྲེན་མི་སྣ་དང་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་གསར་གཏོད་ཤེས་ལྡན་མི་སྣའི་མི་སྟོང་འཆར་གཞིའི་སྣེ་འདྲེན་ཤེས་ལྡན་པ། མཚོ་སྔོན་ཞིང་ཆེན་རང་བྱུང་ཚན་རིག་དང་བཟོ་སྐྲུན་ལག་རྩལ་གྱི་ཕུལ་བྱུང་ཚན་རིག་སྣེ་འདྲེན་པ། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་བ་རིག་པའི་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི“མཐོ་ས་ཆུང་ངུའི”སྣེ་འདྲེན་པ། 2023ལོའི་མཚོ་སྔོན་གྱི་ཆེས་མཛེས་པའི་ཚན་རྩལ་ལས་དོན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་།
ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།