ཨ་མདོ་བརྙན་འཕྲིན་བཙུགས་ནས་ལོ༤༠ལོན་པའི་རིག་རྩལ་དགོང་ཚོགས་བསྡུས།

文摘   2024-10-22 17:42   青海  

ཨ་མདོ་བརྙན་འཕྲིན་གཏོང་མགོ་ཚུགས་ནས་ལོ་འཁོར༤༠ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་སྤྲོ་ཚོགས༼དུས་གསུམ་གྱི་གཟི་བྱིན༽ཞེས་པ་དེ་སྤྱི་ཟླ10བའི་ཚེས18ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་ནས་གཟབ་རྒྱས་ངང་བསྡུས།




༼དུས་གསུམ་གྱི་གཟི་བྱིན༽ཞེས་པའི་རིག་རྩལ་སྤྲོ་ཚོགས་གྱིས་ཨ་མདོ་བརྙན་འཕྲིན་གཏོང་མགོ་ཚུགས་ནས་ལོ་ངོ་བཞི་བཅུའི་རིང་གི་འཕེལ་རྒྱས་ལམ་བུ་དང་ད་ལྟའི་གྲུབ་འབྲས། མ་འོངས་པའི་འགན་འཁྲི་བཅས་བརྗོད་གཞི་གཙོ་བོར་བཟུང་སྟེ། ཨ་མདོ་བརྙན་འཕྲིན་གྱི་འདས་ཟིན་པའི་བཤུལ་ལམ་ལ་ཕྱི་མིག་དང་མ་འོངས་པའི་འཕེལ་རྒྱས་ཀྱི་འཐབ་ལམ་གསར་བར་རྒྱང་ལྟ་བྱེད་པའི་རྣམ་པས། ཨ་མདོ་བརྙན་འཕྲིན་གྱིས་ཞིང་ཆེན་ཏང་ཨུའི་ཡང་དག་པའི་དབུ་ཁྲིད་དང་། ལས་བྱེད་མི་སྣ་རབ་དང་རིམ་པའི་དཀའ་སྤྱད་འབད་བརྩོན། དེ་མིན་བོད་འབྲེལ་ས་ཁུལ་གྱི་རྒྱ་ཆེའི་ལྟ་མཁན་མང་ཚོགས་ཀྱི་རྒྱབ་སྐྱོར་བཅས་ལ་བརྟེན་ནས། མཚར་སྡུག་འོད་སྟོང་ལྡན་པའི་གྲུབ་འབྲས་བླངས་པ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་མཛད་ཡོད།

རིག་རྩལ་སྤྲོ་ཚོགས་ཆེན་མོ་དེ་ཨ་མདོ་བརྙན་འཕྲིན་གྱི་དྲིལ་སྒྲོག་བརྙན་རིས་ལས་མགོ་རྩོམ་པའི་ཡོལ་བ་ངང་གིས་བཀྱགས་ཤིང་། རྒྱལ་ཡོངས་ན་མིང་དུ་གྲགས་པའི་གླུ་མ་འཇམ་དབྱངས་སྒྲོལ་མ་དང་། གླུ་བ་ཤེར་བསྟན། ཀུན་དགའ། དབྱངས་ཅན་ལྷ་མོ། ཚེ་དབང་ལྷ་མོ། སྒྲོན་པེ། དེ་མིན་དམངས་གླུའི་རྒྱུན་འཛིན་པ་སྐྱིད་བྱམས།  ད་དུང་གླུ་བ་གླུ་གར་རྒྱལ་དང་རིན་ཁོ་སོགས་མཚོ་སྔོན་དང་བོད་ལྗོངས། ཟི་ཁྲོན། ཀན་སུའུ། ཡོན་ནན་སོགས་ནས་ཡོང་བའི་འཁྲབ་སྟོན་པ་སྔ་ཕྱིར་གར་སྟེགས་ལ་བུད་ནས་སྙན་མོ་གླུ་ཡི་འགྱུར་ཁུགས་དང་མཚར་མོ་གར་གྱི་སྟངས་སྟབས་ཀྱིས་ཨ་མདོ་བརྙན་འཕྲིན་གཏོང་མགོ་ཚུགས་ནས་ལོ་ངོ་བཞི་བཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་འཁྲབ་ཚན་བཅུ་དྲུག་གིས་གྲུབ་ཅིང་། འཁྲབ་ཚན་འགའ་རེའི་བར་དུ་ཨ་མདོ་བརྙན་འཕྲིན་གྱི་འདས་མ་ད་གསུམ་མཚོན་པའི་ཁ་བརྡའི་ཚན་པ་སྐོར་བཀོད་སྒྲིག་བྱས་ཏེ། ཨ་མདོ་བརྙན་འཕྲིན་གྱི་ངོ་ལོ་བཞི་བཅུའི་འཕེལ་རྒྱས་ཀྱི་རིམ་པ་མངོན་པར་བསྟན་པའི་མཚོན་ཐབས་ཀྱི་ཆ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོད་ལྡན་པར་མ་ཟད། ཨ་མདོ་བརྙན་འཕྲིན་གྱི་ལས་བྱེད་མི་སྣ་མང་པོ་ཞིག་འཁྲབ་སྟོན་གྱི་ཁྲོད་ལ་ཟབ་ཞུགས་བྱས་པར་ཀུན་གྱིས་དགའ་བསུ་དང་དོ་སྣང་ཆེན་པོ་ཐོབ།


ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་དེ་ཨ་མདོ་བརྙན་འཕྲིན་སྐད་འཕྲིན་བརྙན་ལམ་དང་དུས་དབྱངས་འཕྲིན་སྟེགས། གངས་ལྗོངས་མེ་ལོངAPP།  ཉིན་རེའི་གངས་ལྗོངས་སྤྱི་སྟེགས་བཅས་ནས་དུས་མཉམ་དུ་ཐད་གཏོང་བྱས་པར་ཨ་མདོ་བརྙན་འཕྲིན་གྱི་ལྟ་མཁན་མང་པོས་དགའ་བསུ་ཆེན་པོ་ཐོབ་སྟེ། ལྟ་མཁན་ཉིས་འབུམ་དྲུག་ཁྲི་དང་སྙིང་དམར་རྡེབ་ཚད་ས་ཡ་བཞི་དང་འབུམ་གཉིས་ལྷག་ལ་སླེབས་ནས། ཚད་མཐོ་བའི་རིག་གནས་སྒྱུ་རྩལ་གྱི་དགྱེས་སྟོན་ཆེན་པོ་ཞིག་རི་ཁ་བའི་ལྗོངས་ཀྱི་རིགས་མཐུན་སྤུན་ཟླ་ཡོངས་གཙོ་བྱས་པའི་རྒྱལ་ཁབ་ཕྱི་ནང་ཀུན་གྱི་རིགས་སོ་སོའི་ལྟ་མཁན་ཡོངས་ཀྱི་མིག་ཡིད་རྣ་བའི་བདུད་རྩི་རུ་ཕུལ་ཡོད་པ་རེད།


ཡོང་ཁུངས། ཨ་མདོ་བརྙན་འཕྲིན།

海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章