བན་དེ་ཐར་གྱི་ལས་བཏོད་ལམ་བུ།

文摘   2024-10-24 18:15   青海  

བན་དེ་ཐར་གྱི་ལས་བཏོད་ལམ་བུ།

 

   མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་གཡོན་རུ་སྡེ་བའི་སྡེ་མི་བན་དེ་ཐར་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཡིན། མོས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་ཧ་ཅང་གཟེངས་སུ་ཐོན་པ་ཞིག་ཡིན། སྡེ་བ་ཡོངས་ཀྱི་བུད་མེད་རྣམས་ཕྱུག་པོར་འགྱུར་བའི་འགན་འཁྲི་རང་གཅིག་པུས་ཕྲག་ཏུ་ཁུར་ནས་ཕྱུག་བསྒྱུར་གྱི་ལམ་དུ་ཁྲིད་བཞིན་ཡོད།

    རིག་སྨོན་གྲོང་རྡལ་ནས་བན་དེ་ཐར་ཚང་ཡོད་པའི་གཡོན་རུ་སྡེ་བའི་བར་གྱི་བྱེ་ལམ་དེ་ཧ་ཅང་དོག  བྱེ་ལམ་སྟེང་དུས་ཚོད་གཅིག་གི་རིང་ལ་རླངས་འཁོར་བསྐོར་ཏེ་སོང་ན་རི་ལམ་ཕྲ་མོ་ཞིག་བརྒྱུད་དགོས་ལ། དེ་ནས་སྐར་མ40ལྷག་གི་རྗེས་སུ་ད་གཟོད་གཡོན་རུ་སྡེ་བའི་བུད་མེད་མཉམ་ལས་ཁང་དུ་ཐོན་ཐུབ།

   བུད་མེད་མཉམ་ལས་ཁང་གི་སྦྱོར་བཟོ་འཁོར་ཁང་ཁོད་ཡངས་ལ་གྲ་དག་པ་དང་། སྒྲིག་བཀོད་ཆ་ཚང་ཤིང་རས་ཀྱི་རྒྱུ་ཆ་སྣ་ཁ་མང་བས་གང་མཁོ་དེ་འཛོམས་རེད། འཁོར་ཁང་གི་ནང་ཕྱོགས་སུ་མལ་ཁང་ཆུང་ཆུང་ཞིག་ཡོད་ལ། དེ་ནི་བན་དེ་ཐར་གྱི་འདུག་ས་རེད། མལ་ཁྲི་ཆུང་ཆུང་ཞིག་དང་ཁྱིམ་ཆས་སྟབས་བདེ་འགའ་མ་གཏོགས་ཅི་ཡང་མེད།

   བན་དེ་ཐར་གྱིས་བཤད་རྒྱུར། འདི་ནས་བསྡད་ན་འཚོ་བ་ངན་ངོན་ཡིན་རུང་། རང་ཉིད་དགའ་བའི་ལས་ཀ་ཅིག་ཡོད་པས་སེམས་པ་ཤིན་ཏུ་དྲོ་ཟེར། ལས་ཀ་འདི་མོར་མཚོན་ནས་བཤད་ན་ཐོབ་སླ་མོ་ཞིག་ག་ལ་ཡིན།

   2014ལོར། བན་དེ་ཐར་གཡོན་རུ་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་དུ་བདམས། མོའི་སེམས་སུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་གྱི་འགན་འཁུར་ན་སྡེ་བ་ཡོངས་ཀྱི་བུད་མེད་རྣམས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་དགོས་པས། ཐོན་ལས་གང་ཞིག་འཕེལ་རྒྱས་བཏང་ན་ད་གཟོད་བུད་མེད་རྣམས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་ཐུབ་པར་ཡུན་རིང་དུ་བསམ་གཞིག་བཏང་མཐར།  མོས་སྔོན་ཆད་གཉེར་བའི་ཚོང་ཁང་དུ་བཟོ་ཁང་ཞིག་ཕྱེ་བའི་བསམ་བློ་སྐྱེས།

སྔོན་ཆད། མོས་རིག་སྨོན་གྲོང་རྡལ་གྱི་བཅའ་སྡོད་སློབ་ཆུང་གི་སྒོ་ཁ་རུ་ཚོང་ཁང་ཞིག་ཕྱེས།  སྡེ་བའི་ནང་དུ་བསྐྱུར་ཡོད་པའི་བྱིས་པ་དང་ལོ་ན་རྒན་པའི་ཕ་མ་གཉིས་ལ་བདག་སྐྱོང་བྱེད་ཐབས་བྲལ་བས།  མོས་ཚོང་ཁང་བསྐྱུར་ནས་འབྲོག་ཁུལ་དུ་སོང་སྟེ། བྱིས་པ་དང་ཕ་མ་བདག་སྐྱོང་གི་ལས་འགན་ལྗིད་མོ་ཕྲག་ཏུ་བླངས། སྡོད་མི་ཚུགས་པའི་མོས་འབྲོག་ཁུལ་གྱི་མང་ཚོགས་རྣམས་བོད་ལྭ་གྱོན་རྒྱུར་དགའ་བ་ཤེས།

    མོའི་སེམས་ལ། འབྲོག་ཁུལ་དུ་ཀོ་བ་དང་ལུག་ལྤགས་སོགས་ཕྱུགས་ལས་ཐོན་རྫས་ཀྱི་རིན་གོང་མར་འབབ་ཚད་ཅུང་ཆེ་བ་དང་། ཐ་ན་གད་སྙིགས་སུ་བརྩིས་ཏེ་ཕྱིར་འཕེན་མཁན་ཡང་ཡོད་པས། ཐོན་ཁུངས་ལེགས་པོ་ཆུད་ཟོས་སུ་བཏང་ཡོད། ཕྱུགས་ལས་ཐོན་རྫས་དེ་དག་དང་རང་ཅག་གི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་སློག་པའི་བཟོ་རྩལ་གཉིས་ཟུང་འབྲེལ་བྱས་ན་ཚོང་ཧ་ཅང་བྲིན་ཁོ་ཐག་རེད་སྙམ།

   2015ལོར། ཚོད་ལྟ་བྱེད་འདོད་ཀྱི་བསམ་ཚུལ་ཞིག་སེམས་ལ་བཅངས་ནས་བན་དེ་ཐར་གྱིས་བུད་མེད་རྣམས་བསྡུས་ནས་གསུམ་བརྒྱད་བུད་མེད་དུས་ཆེན་རོལ་དུ་བཅུག་པར་མ་ཟད། དེ་དང་བསྟུན་ནས་ཚང་མར་ཐོན་ལས་གཉེར་དགོས་པའི་སློབ་གསོ་བཏང་བ་དང་། བུད་མེད་རྣམས་མཉམ་ལས་ཁང་དུ་ཞུགས་པར་སྣེ་ཁྲིད་ལེགས་པོ་བྱས། མོས་རང་གྲབས་ཀྱིས་སྒོར་ཁྲི4བླངས་ནས་འཚེམ་ཆས་དང་རས། ལུག་ལྤགས་སོགས་ཀྱི་རྒྱུ་ཆ་ཉོས་པ་དང་  དེ་ནས་བཟུང་ལས་སྐྲུན་གྱི་ལམ་ཁར་ཆས།

    ལུག་པགས་ཉོ་ཆེད། བན་དེ་ཐར་རྒྱུན་དུ་འཕྲུལ་རྟར་ཞོན་ནས་ཁྱིམ་ཚང་རེ་རེའི་སྒོ་ཁར་ལུག་པགས་བསྡུ་རུ་སོང་། རིག་སྨོན་གྲོང་རྡལ་གྱི་འབྲོག་ཁྱིམ་རྣམས་ཐར་ཐོར་དུ་ཆགས་ཡོད་པས། མཚམས་རེར་ལུག་པགས་བཅུ་ཕྲག་ཅིག་ལས་ཉོ་མི་ཐུབ་ལ། མཚམས་རེར་ལག་སྟོང་དུ་ཕྱིར་ཡོང་དགོས་པའང་ཡོད། འཕྲུལ་རྟར་ཞོན་ནས་རྩྭ་ཐང་དུ་སོང་ན་མཐོ་སྒང་གི་གྲང་རླུང་རྒོད་པས་ལུས་ལ་རུས་གཟེར་གྱི་ན་ཟུག་སྐྱེས་རུང་། བན་དེ་ཐར་གྱིས་སྔར་བཞིན་ལས་སྐྲུན་རྒྱུན་འཁྱོངས་བྱས།

   སྲོལ་རྒྱུན་སློག་པའི་བཟོ་ཐབས་རྙོག་འཛིང་ལྡན་ལ་ལས་ཚེགས་ཆེ། ཉོ་མཁན་ལ་སྲོལ་རྒྱུན་ལག་རྩལ་གྱི“དྲོད་ཁོལ”མྱོང་དུ་འཇུག་ཆེད། མོས་བུད་མེད་རྣམས་ཀྱི་སྣེ་ཁྲིད་ནས་ལུག་ལྤགས་དར་བ་ནང་དུ་ཉིན15ལ་སྦངས་པ་དང་དེ་ནས་ཉིན་ཕྱེད་ཀའི་རིང་ལ་སྐམ་རྗེས་ཡང་ཡང་མཉེས་ན། ལུག་པགས་སྙི་མོར་གྱུར་ལ་དྲོད་འཛིན་རང་བཞིན་སྔར་ལས་ཆེ། འོ་མའི་དྲི་མ་ཞིམ་པོའི་ཁྲོད་དུ་བཟོ་རྩལ་མཛེས་ལ་རེག་བྱ་འཇམ་པའི་སློག་པ་བཟང་པོ་རེ་རེ་ཐོན།

    མོས་བཤད་རྒྱུར། “འབྲོག་ཁྱིམ་དང་སྲོལ་རྒྱུན་ལག་བཟོ་སློག་པ། ཚོང་ཁྲོམ”གྱི་རྣམ་པ་བརྒྱུད་ནས། ལས་སྣོན་དང་བཟོ་བ། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་དཔེ་དབྱིབས་ཤིག་ཆགས་སུ་བཅུག་ཡོད་ལ། བུད་མེད་རྣམས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཤིང་གཡོན་རུ་སྡེ་བའི་གོང་བུར་འགྲིལ་ཤུགས་ཇེ་དྲག་ཏུ་བཏང་ཡོད། ད་ལྟ། མཉམ་ལས་ཁང་གི་ཚོང་གཉེར་ཁྱབ་ཁོངས་ཀྱང་སྔོན་ཆད་ཀྱི་སློག་པ་བཟོ་བ་ནས་དེང་རབས་བོད་ལུགས་གྱོན་ཆས་དང་ཚར་ཞྭ། ཏ་ལེན། བོད་ལུགས་ཁུག་མ་སོགས་ཀྱི་ཐོན་རྫས་ལས་པའི་ཕྱོགས་སུ་རྒྱ་བསྐྱེད་ཡོད།

  བན་དེ་ཐར་གྱིས་བཤད་རྒྱུར། ཐོན་ལས་ལ་འཕེལ་རྒྱས་ཡག་པོ་ཡོང་བར་འདོད་ན། གཅིག་ནས་མ་རྩ་གཏོང་དགོས་ལ་གཉིས་ནས་མ་རྩ་བསྐྲུན་དགོས། མོས་རྒྱུན་དུ་སྡེ་བའི་ནང་གི་བུད་མེད30རྩ་འཛུགས་བྱས་ཏེ་ཧོང་ཡོན་རྫོང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་སུ་གསོ་སྦྱོང་ལ་ཞུགས་ཏེ་རྩལ་ནུས་མཐོར་འདེགས་སུ་བཏང་། བན་དེ་ཐར་གྱིས་ད་རུང་སྐད་འཕྲིན་གྱི་ལམ་ནས་ཉོ་མཁན་ཇི་ལྟར་བཙལ་བར་སློབ་སྦྱོང་བྱས། 

    རིམ་བཞིན་མངག་ཐོ1ནས་མངག་ཐོ50དང་དེ་ནས་ད་ལྟའི་བརྒྱ་ཕྲག་ལ་སླེབས་པ་དང་། མཉམ་ལས་ཁང་གི་ཚོང་ཇེ་བཟང་དུ་སོང་བ་དང་བསྟུན་ནས། བུད་མེད་རྣམས་ཀྱི་གླ་ཕོགས་དང་བགོས་པའི་ཁེ་སྤོགས་ཀྱང་ཇེ་མང་དུ་ཕྱིན་པས། བུད་མེད་རྣམས་ཀྱི་བརྩོན་སེམས་ཇེ་ཆེར་ཕྱིན་ནས་མོར་བྱ་དགའ་ཡང་མང་པོ་ཐོབ་པ་སྟེ། 2017ལོར། དབུལ་ཐར་ཕྱུག་བསྒྱུར་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་དང་། 2018ལོར་ཕུལ་བྱུང་བུད་མེད་ལས་སྒྲུབ་པའི་མཚན་སྙན། 2020ལོར་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་ཚན་རྩལ་ཕྱུག་བསྒྱུར་གྱི་མཛངས་མའི་གཟི་བརྗིད་མཚན་སྙན། 2021ལོར། རིག་སྨོན་གྲོང་རྡལ་གྱི“རོང་འབྲོག་ཁུལ་གྱི་ན་གཞོན་ཕྱུག་བསྒྱུར་སྣེ་ཁྲིད་པའི”མཚན་སྙན། 2022ལོར་གུང་ཧོ་རྫོང་གི་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕུལ་བྱུང་ལས་སྐྲུན་པའི་གཟི་བརྗིད་མཚན་སྙན་བཅས་ཐོབ་ཡོད་ལ། གཟི་བརྗིད་མཚན་སྙན་དེ་དག་ནི་བན་དེ་ཐར་གྱིས་འདུན་མ་སེམས་སུ་འཆང་བ་དང་འབྲོག་ཁུལ་གྱི་བུད་མེད30ཡི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་བསྒྱུར་བྱས་པའི་བདེན་དཔང་ཞིག་ཀྱང་རེད། 



ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།


海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章