ཕྱི་ལོ་༢༠༢༤ ཟླ་༡༠ ཚེས་༦ ཉིན་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་བལ་ཡུལ་ཐར་ལམ་དགོན་དུ་ལམ་འབྲས་བཀའ་ཆོས་ཀྱི་སྔོན་འགྲོར་སྩལ་བའི་བཀའ་སློབ།
ཡིག་འབེབས་པ། ཨ་འདུས་སྐལ་བཟང་རྒྱ་མཚོ།
ད་དེ་རིང་འདིར་ཚང་མར་ཞུ་ཡ་ལ། སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེས་དབུ་མཛད་པའི་ཐར་ལམ་དགོན་པའི་འདུས་སྤྱི་ནས་ལམ་འབྲས་བཀའ་ཆོས་ཐུགས་རེ་གནང་བ་ནང་བཞིན་དེ་རིང་བཀའ་ཆོས་དབུ་འཛུགས་བྱ་རྒྱུ་དང་། དེ་ཡང་མཆོད་རྟེན་རིན་པོ་ཆེའི་ཉེ་འདབས་ཐར་ལམ་དགོན་པའི་འདུ་ཁང་གི་ནང་དུ་གནང་ཡ་ཡིན་དུས། ཚང་མ་ལ་ཐོག་མར་མཛའ་བརྩེ་དང་ལྡན་པའི་སྒོ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྔོན་མ་ཕྱི་ལོ་༡༩༩༤ ལོར་འདུ་ཁང་འདིའི་ནང་ངས་སྒྲུབ་ཐབས་ཀུན་བཏུས་ཚང་མ་བཏོན་པ་རེད། དེ་ནས་ད་བར་ལོ་མང་པོ་ཕྱིན་པ་རེད། སྤྱིར་ང་རང་ཚོའི་དགོན་པ་ཚང་མ་གཅིག་པ་རེད། དེའི་ནང་ནས་ཀྱང་༧སྐྱབས་རྗེ་སྡེ་གཞུང་རིན་པོ་ཆེ་སྐུ་གོང་མ་དེ་ངའི་རྩ་བའི་བླ་མ་གཙོ་བོའི་གྲས་ཤིག་ཡིན། ང་ཆུང་དུས་རིན་པོ་ཆེ་ང་ཚོའི་ཕོ་བྲང་ལ་རྒྱུན་རིང་པོ་བཞུགས་པ་རེད། ལྷག་པར་དུ་ཡབ་ཆེན་རྡོ་རྗེ་འཆང་རྒྱ་གར་དུ་གནས་གཟིགས་ལ་ཕེབས་པའི་སྐབས་སུ་ང་རིན་པོ་ཆེ་ལ་བཅོལ་བའི་བཟོ་ལྟ་བུ་བྱས་ཏེ། བདུན་ཕྲག་རེ་རེ་བཞིན་ཚེ་དབང་དང་། བྱབ་ཁྲུས་མཛད་དེ་ཆུང་ཆུང་སྐབས་ནས་ཞལ་འདྲིས་དང་ཐུགས་རྩིས་ཆེན་པོ་གནང་གི་ཡོད། དེ་ནས་རིན་པོ་ཆེ་ཁམས་ལ་ཕེབས། ང་གཙང་ལ་བསྡད་དེ་རྒྱུན་རིང་པོ་ཞིག་ལ་མཇལ་ཕྲད་བྱུང་མེད། ཡིན་ནའང་དུས་ལོག་ནས་རྒྱ་གར་དུ་ཡང་བསྐྱར་མཇལ་ནའང་། ཞིབ་ཕྲ་མཇལ་རྒྱུ་བྱུང་ཡོད་མ་རེད། གང་ཡིན་ཞེ་ན། རིན་པོ་ཆེ་ཕྱི་རྒྱལ་ལ་ཕེབས་པ་རེད། ཡིན་ནའང་དུས་ཕྱིས་ང་ཨ་རིར་བཅར་ནས་རིན་པོ་ཆེའི་སྐུ་མདུན་ནས་ས་སྐྱ་བཀའ་འབུམ་གྱི་ལྗགས་ལུང་ཆ་ཚང་ཞུས་པ་ཡིན། དེ་མ་ཟད་ཀུན་མཁྱེན་བཀའ་འབུམ་གྱི་མདོ་ཕྱོགས་ཀྱི་ལྗགས་ལུང་དེ་མཁན་ཆེན་ཨ་པད་རིན་པོ་ཆེ་ལ་བཞུགས་ཡོད་པས་ཞུ་མ་དགོས་པ་རེད། དེ་མིན་སྔགས་ཕྱོགས་དེ་སྡེ་གཞུང་རིན་པོ་ཆེའི་སྐུ་མདུན་ནས་ལྗགས་ལུང་ཞུས་པས་མཚོན་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་ཡིན།
དེ་སྐབས་ང་ཚོ་རྒྱ་གར་དུ་འགྲོ་ཁར་རིན་པོ་ཆེའི་བཀའ་གནང་གི་འདུག ད་ངས་ཁྱེད་ཀྱི་ཡབ་ (ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་རིན་ཆེན) ཀྱི་སྐུ་མདུན་ནས་བཀའ་ཆོས་མང་པོ་ཞུས་པ་ཡིན། ཁྱེད་དང་ང་ཚོ་ཕན་ཚུན་ཆོས་འབྲེལ་མང་པོ་བྱུང་བ་རེད་ལ། ངའི་ས་ནས་ཀྱང་དབང་ལུང་ཁ་ཤས་གསན་རྒྱུ་བྱུང་བ་རེད། གདུང་སྲས་རཏྣ་བཛྲ་དེ་དུས་དགུང་ལོ་ཆུང་ཆུང་རེད། ཕར་ཚུར་ཕེབས་ཐུབ་ཙམ་ལས་ཡོད་མ་རེད། མ་འོངས་པ་ན་གདུང་སྲས་རཏྣ་བཛྲ་གྱི་བཀའ་ཆོས་གནང་བའི་དུས་ཚོད་སླེབས་སོང་ན། རྒས་པོ་མ་ཤི་ན་འཁར་བ་བཙུགས་ནས་བཀའ་ཆོས་ཞུ་བར་ཡོང་གི་ཡིན་ཞེས་ཐུགས་སྐྱོ་བོ་གནང་སྟེ་སྤྱན་ཆབ་བསིལ་སོང་། དེའི་རྗེས་ལ་རིན་པོ་ཆེ་རྒྱ་གར་ལ་ཕེབས་ནས་ཕུར་བའི་རྣམ་བཤད་ཆེན་མོའི་སྟོད་ལས་དང་སྨད་ལས་གཉིས་ཀའི་ལྗགས་ལུང་དང་། མཁའ་སྤྱོད་གདོང་ཀཾ་ཁྲིད་ཡིག་སོགས་རིན་པོ་ཆེའི་སྐུ་མདུན་ནས་ཞུས་ཏེ་དཔེ་མི་སྲིད་པའི་བཀའ་དྲིན་ཆེ་བའི་བླ་མ་ཡིན། རིན་པོ་ཆེ་ད་ཆ་དགོངས་པ་རྫོགས་ཟིན་ནའང་། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་འདིར་ཕེབས་ནས་དགོན་པའི་གཟིགས་སྐྱོང་གནང་བཞིན་པའི་ཐོག་ནས་དེ་རིང་འདིར་ལམ་འབྲས་གནང་རྒྱུ་བྱུང་བ་དེས་རིན་པོ་ཆེ་སྐུ་གོང་མའི་ཐུགས་དགོངས་ཡོངས་སུ་རྫོགས་སོང་བས་ཧ་ཅང་གི་དགེ་མཚན་ཆེན་པོ་བྱུང་། ད་ཁྲི་འཛིན་ཞེ་གཉིས་པས་ལམ་འབྲས་ཚོགས་བཤད་གནང་གི་ཡོད་རེད།
སྤྱིར་ལམ་འབྲས་ལ་དུས་ཚོད་ཡོད་པའི་སྐབས་ཡིན་ན། སྒྲུབ་ཐབས་བརྒྱ་རྩ་ཆ་ཚང་གནང་བའི་ལུགས་སྲོལ་དེ་འདྲ་ཡོད་ས་རེད། དུས་ཚོད་མེད་ནའང་རྗེས་གནང་གསུམ་ཙམ་ངེས་པར་དུ་གནང་དགོས། གང་ཡིན་ཞེ་ན། རི་ཁྲོད་མ་དང་གཅིག རྣམ་རྒྱལ་མ་དང་གཉིས། འབྱུང་འདུལ་དང་གསུམ་གནང་བའི་ལུགས་སྲོལ་ཡོད་ས་རེད། བོད་ལ་རི་ཁྲོད་མ་དེ་ནད་ཡམས་བཀག་འགོག་བྱེད་པའི་ཆེད་ཡིན། སྔ་མོ་ཡིན་ན་བོད་ལ་སྔོན་འགོག་གི་ཁབ་རྒྱག་རྒྱུ་ཡོད་མ་རེད། ཁབ་ཀྱི་ཚབ་ཏུ་རི་ཁྲོད་མའི་རྗེས་གནང་འདོན་གྱི་ཡོད། རི་ཁྲོད་མའི་རྗེས་གནང་དེ་འཆད་ཐབས་རང་གི་ནང་ལ་འདུག །དེ་ནས་གཉིས་པ་དེ་གཙུག་གཏོར་རྣམ་པར་རྒྱལ་མ་དེ་ཚེ་ལྷ་གཙོ་བོ་རེད། བླ་སློབ་ཚང་མ་སྐུ་ཚེ་རིང་པོ་ཡོང་བ་དང་། བར་ཆད་མེད་པའི་ཆེད་རྣམ་རྒྱལ་མའི་རྗེས་གནང་གི་ཡོད་ཅིང་། ལམ་འབྲས་གསུང་ཆོས་སྐབས་རྣམ་རྒྱལ་མའི་གཟུངས་རིང་ཚར་རེ་རྟག་པར་གསུང་བའི་ཕྱག་ལེན་དེ་སྔོན་མ་ནས་ཡོད། དེའི་རྗེས་ལ་བར་ཆད་ཞི་བའི་སླད་དུ་འབྱུང་འདུལ་གྱི་རྗེས་གནང་བྱེད་པ་དེ་གསུམ་ལམ་འབྲས་ཀྱི་སྐབས་ལ་མ་གནང་ཐབས་མེད་ཡིན་ས་རེད། དེས་ན་མགོ་འཛུགས་ཀྱི་རྩིས་གཞི་དེ་ངས་འདོན་རྒྱུ་བྱས། དེ་ནས་རྩ་བའི་ཁྲིད་དང་རྒྱུ་ལམ་གྱི་དབང་ཚང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་ཁོང་གིས་གནང་རྒྱུ་ཡིན།
དེ་ནས་ཆོས་ཞུ་སྐབས་གལ་ཆེ་ཤོས་དེ་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་དེ་ཡིན། གང་ཡིན་ཞེ་ན། མཐར་ཐུག་གི་དམིགས་ཡུལ་ཇི་ལྟར་སྒྲུབ་ཀྱི་ཡོད་མེད་དེ་ཐོག་མའི་ཀུན་སློང་ལ་རག་ལག་པ་ཡིན། འོ་ན། ཀུན་སློང་ག་འདྲ་ཞིག་དགོས་ཤེ་ན། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེ་ནས་བྱས་ཏེ་རང་ཅག་རྣམས་ཀྱི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པ་ཡིན། དེས་ན། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བ་དང་། བདེ་བ་ལ་འགོད་པའི་ཆེད་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ་སྙམ་པ་དང་། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་སྟེ། རྗེས་གནང་གིས་གཙོས་པའི་མ་འོངས་པ་གནང་རྒྱུའི་བཀའ་ཆོས་ཚང་མ་ཞུས་ཤིང་། དེ་དག་ལས་གསུངས་པའི་དམ་ཚིག་དང་སྡོམ་པའི་ཚོགས་ལེགས་པར་བསྲུངས་ནས་ལམ་ལ་འབད་བརྩོན་བྱས་ཏེ་འཇུག་གི་ཡོད་བསམ་པ་ཞིག་དང་། དེ་བཞིན་དུ་ཀུན་སྤྱོད་ཀྱི་རིམ་པ་ཡང་། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། ། ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་ཅིང་རྩེ་གཅིག་ཏུ། །རབ་ཏུ་དང་བའི་དྲི་མེད་ཡིད། །ནད་པས་སྨན་པའི་ངག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པ་ནང་བཞིན། ཆོས་སྟོན་པའི་སློབ་དཔོན་ལ་སྨན་པའི་འདུ་ཤེས་དང་། ཆོས་ལ་སྨན་གྱི་འདུ་ཤེས། རང་ཉིད་ལ་ནད་པའི་འདུ་ཤེས། གྲོགས་རྣམས་ལ་ནད་གཡོག་གི་འདུ་ཤེས། ནན་ཏན་གྱིས་ཉམས་སུ་ལེན་པ་ལ་ནད་ཉེ་བར་གསོ་བའི་འདུ་ཤེས་བཅས་འདུ་ཤེས་ལྔ་དང་ལྡན་པའི་སྒོ་ནས་ཞུ་དགོས་པ་རེད།
དེ་རིང་ཐོག་མར་འདོན་རྒྱུ་དེ་རི་ཁྲོད་མ་ལོ་མ་གྱོན་མའི་རྗེས་གནང་ཡིན། དེའི་ཁུངས་ལྟ་བུ་དེ་སྤྱིར་ཟུར་ཁ་ཡང་ཡོད་ནའང་། རྩ་བའི་རྗེས་གནང་གི་ཆིངས་ལྟ་བུ་དེ་སྒྲུབ་ཐབས་རྒྱ་རྩའི་ཆིངས་རེད། ཟུར་བཀའི་ནང་ལ་ཆིངས་ཏེ་སྒྲུབ་ཐབས་བརྒྱ་རྩ་བཞིན་ཞེས་འདུག སྒྲུབ་ཐབས་བརྒྱ་རྩ་ཞེས་པ་དེར་བ་རི་བརྒྱ་རྩ་ཞུ་གི་ཡོད་རེད། སྤྱིར་དཔལ་ལྡན་ས་སྐྱ་པ་དེ་ག་རེ་རེད་ཅེ་ན། ལོ་ཙཱ་བ་ཆེན་པོ་བཞིའི་ཆོས་བརྒྱུད་འཛིན་མཁན་ཡིན་གསུངས་པ་རེད། ལོ་ཙཱ་བ་ཆེན་པོ་བཞི་དེ་གང་རེད་ཅེ་ན། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ་དང་། མར་ལོ་ཙཱ་བ་བློ་གྲོས་གྲགས་པ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། ལོ་ཆེན་རིན་ཆེན་བཟང་པོ་བཅས་ཡིན། དེ་དག་གི་ཆོས་བརྒྱུད་འཛིན་མཁན་དེ་དཔལ་ལྡན་ས་སྐྱ་པ་ཡིན་གསུངས་པ་རེད།
བ་རི་ལོ་ཙཱ་བ་བོད་ནས་ཆེད་མངགས་བལ་ཡུལ་བརྒྱུད་ནས་རྒྱ་གར་ལ་ཕེབས། བལ་ཡུལ་ལ་རྒྱུན་རིང་པོ་བཞུགས་པའི་ལོ་རྒྱུས་ཡོད། རྒྱ་གར་ལ་ཕེབས་ཏེ་མཁས་གྲུབ་ཀྱི་སྐྱེས་བུ་མང་པོའི་ཞབས་ལ་གཏུགས་ནས། སྒྲུབ་ཐབས་མང་པོ་ཕྱོགས་གཅིག་ཏུ་བསྒྲིགས་ནས་སྒྲུབ་ཐབས་ཀུན་བཏུས་ཐོག་མར་འབྱུང་ས་དེ་སྒྲུབ་ཐབས་བརྒྱ་རྩ་ནས་བྱུང་བ་རེད། རྗེས་སུ་སྒྲུབ་ཐབས་ཀུན་བཏུས་དེ་སྒྲུབ་ཐབས་ཀྱི་ཟུར་བཀའ་རེ་རེ་ནས་ཕྱོགས་བསྡོམས་གནང་བ་རེད། བ་རི་ལོ་ཙཱ་བས་བླ་མ་ས་སྐྱ་པ་ཆེན་པོའི་ཡོངས་འཛིན་གནང་བར་མ་ཟད་ས་སྐྱའི་གདན་ས་ཡ་བསྐྱངས་གནང་སྟེ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་རེད།
ད་དེ་ཉིད་འབུལ་བར་བྱེད་པ་ལ། སྔོན་དུ་འགྲོ་དགོས་པ་སློབ་དཔོན་གྱི་སྒྲུབ་ཞག་གི་རིམ་པ་ཆ་ཚང་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་མནྜལ་འབུལ་ཞིང་གསོལ་བ་འདེབས་པ་སྔོན་དུ་འགྲོ་དགོས་པས་ཐོག་མར་སློབ་དཔོན་ལ་ལྷག་པའི་ལྷ་དང་ཐ་མི་དད་སྙམ་པའི་སྒོ་ནས་རང་གི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་དང་བཅས་པ་རྣམ་པ་མནྜལ་གླིང་བཞི་རི་རབ་ཉི་ཟླ་ཟུང་དུ་འབྲེལ་བ་བློས་སྤྲུལ་ནས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མནྜལ་འབུལ་དགོས་པ་ཡིན་ནོ། །
ཅེས་པའང་ཨ་འདུས་སྐལ་བཟང་རྒྱ་མཚོས་ཡིག་འབེབས་ཞུས་པ་དགེའོ། །