འདན་སྲས་བསང་གསོལ་ཆེན་མོ། ཞལ་འདོན་པ། རིན་ཆེན་རྣམ་རྒྱལ།

健康   2024-10-20 14:34   四川  

༄༅། །རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་དཔལ་དགྲ་བླའི་རྒྱལ་པོ་ཆེན་པོ་འདན་སྲས་ཆུང་གཡུ་འོད་འབུམ་མེའི་བསང་གསོལ་འདོད་དགུ་གཡང་དུ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ།


མཁན་ཆེན་འཆི་མེད་རིག་འཛིན་གྱིས་མཛད།

ཞལ་འདོན་པ། རིན་ཆེན་རྣམ་རྒྱལ།

འདིར་རྟེན་རྫས་ལ་དམར་གཏོར། ཁྱུང་རྟགས། མདའ་མདུང་། སྲབ་མདའ། དར་ཚོན་སྣ་ལྔ་སོགས་དང་། མཆོད་རྫས་ཇ་ཆང་བཟའ་བཏུང་དང་བསང་ཆེན་པོ་མ་འབྱོར་ནའང་བདུག་སྤོས་ཙམ་རེའི་རྫས་རྣམས་བཤམས་ལ།


རཾ་ཡཾ་ཁཾཿ   ༀ་ཨཱཿ ཧཱུྃཿ   ལན་གསུམ།


སྐྱབས་ཡུལ་རྗེས་སུ་དྲན་པ་ནི།

ཀྭིའི་ཀྭིའི་ཀྭིའི། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།


ཀི་དང་པོས་གེ་སར་རྒྱལ་པོ་འབོད།།
ཀི་གཉིས་པས་འདན་མ་བསམ་འགྲུབ་འབོད།།
ཀི་གསུམ་པས་གཡུ་འོད་འབུམ་མེ་འབོད།།
བུ་མོས་གུས་ཅན་གྱི་ཁ་འཛིན་མཛོད།།


ལྷ་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་།།
གངས་དཀར་པོས་བསྐོར་བའི་སྨན་ལྗོངས་འདིར།།
ས་གྲུ་བཞི་ཆགས་པའི་རྟེན་ཕུར་ལ།།
རི་མཐོན་པོ་རྨ་རྒྱལ་སྤོམ་ར་ཡོད།།


རི་དེ་ཡི་གོང་ཁའི་ནམ་མཁའ་ན།།
སྤྲིན་དཀར་པོ་འཁྱིལ་བའི་ཡང་སྟེང་ན།།
ལྷ་དཔའ་བོ་མཁའ་འགྲོ་འདུ་བའི་གནས།།
ཞིང་མཁའ་སྤྱོད་མཐོང་བ་ཀུན་སྨོན་ཡོད།།


གླིང་གེ་སར་ནོར་བུ་དགྲ་འདུལ་གྱིས།།
རྫོང་བཅོ་བརྒྱད་གཏེར་ཁ་ཕབ་པའི་དུས།།
ལས་འབྲེལ་བ་ཐོགས་པའི་སྐྱེ་འགྲོ་ཀུན།།
གནས་དེ་ན་ཐེག་ཆེན་ཆོས་ལ་སྤྱོད།།


ཞིང་དེ་རུ་སུ་བཞུགས་སུ་མི་བཞུགས།།
འདན་སྲས་ཆུང་གཡུ་འོད་འབུམ་མེ་བཞུགས།།
རྗེ་གེ་སར་རྒྱལ་པོའི་རྒྱལ་ཚབ་ལ།།
ལྷ་འཇམ་པའི་དབྱངས་ཀྱི་ངོ་བོ་ཡིན།།


མཐོ་ནམ་མཁའི་ཁམས་ཀྱི་ཉི་མའི་གཟུགས།།
ཡུལ་ངེས་མེད་མཚོ་ལ་ཤར་བ་བཞིན།།
དག་མ་དག་ཞིང་ཁམས་དུ་མ་ན།།
སྐུ་སྐྱེ་བ་གཅིག་ལ་བཀོད་པ་བརྒྱ།།


གནས་ལྷོ་ནུབ་སྲིན་པོའི་ཡུལ་གླིང་ན།།
མགོན་ཨོ་རྒྱན་པདྨའི་ལྷ་གྲལ་ན།།
སྔགས་རིག་པ་འཛིན་པའི་བརྟུལ་ཞུགས་ཀྱིས།།
མ་མཁའ་འགྲོ་འབུམ་གྱི་རྒྱན་དུ་བཞུགས།།


ནུབ་བདེ་ལྡན་དག་པའི་ཞིང་མཆོག་ན།།
དཔལ་པདྨ་དབང་གི་གཞལ་ཡས་ན།།
ལས་དོན་གཉིས་མཐར་ཕྱིན་འགྲོ་བའི་མགོན།།
འཁོར་སེམས་དཔའ་སེམས་མའི་རྒྱན་དུ་བཞུགས།།


བོད་གངས་ཅན་ཆོས་ཀྱི་ཞིང་ཁམས་སུ།།
རྗེ་སྣ་ནམ་རྡོ་རྗེ་བདུད་འཇོམས་ནས།།
ཕ་འདྲེན་མཆོག་རྩ་བའི་བླ་མའི་བར།།
སྐུ་སྤྲུལ་བའི་འགྲོ་དོན་རྒྱུན་མ་ཆད།།


སྐབས་རེ་རེར་ལྷ་དང་བླ་མའི་ཚུལ།།
མ་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར།།
སྐབས་རེ་རེར་བསྟན་སྲུང་ཆོས་སྐྱོང་ཚུལ།།
ཆོས་རྣམ་དག་སྒྲུབ་པའི་བར་ཆད་སེལ།།


དུས་སྙིགས་ལྔའི་རྒུད་པའི་འགལ་རྐྱེན་འོག།
ལྷ་གཞན་གྱི་བྱིན་རླབས་འགྱངས་བའི་ཚེ།།
མཚན་མུན་པའི་ནང་གི་ཟླ་བ་བཞིན།།
མགོན་དེ་ཡི་འཕྲིན་ལས་ལྷག་པར་གསལ།།


མཆོད་ཡུལ་སྤྱན་འདྲེན་པ་ནི།

ཀྱེ། དེ་རིང་གཟའ་སྐར་ཚེས་བཟང་ལ།།
ལྟེམས་རྐྱང་མེད་པའི་མོས་གུས་ཀྱིས།།
རྒྱང་ནས་འབོད་པའི་གསོལ་འདེབས་ལ།།
རྩ་བརྒྱུད་བླ་མ་དབྱིངས་ནས་གཤེགས། །


དམའ་མོའི་ཀླུང་དུ་མི་འཁྲུངས་བར།།
མཐོན་པོའི་རི་ལ་སྐྱེས་པ་ཡི།།
ལྷ་ཤིང་བསང་གི་མཆོད་སྤྲིན་ལ། །
དགྲ་བླ་ཝེར་མ་དབྱིངས་ནས་གཤེགས། །


བཀྲ་ཤིས་དུང་གི་སྒྲ་དབྱངས་དང་།།
སྙན་འཇེབས་གླིང་བུའི་རོལ་མོ་དང་།།
ཀི་བསྭོ་ལྷ་ཡི་འབོད་བསྐུལ་ལ།།
དཀར་ཕྱོགས་དམ་ཅན་དབྱིངས་ནས་གཤེགས།།


ཁྱད་པར་མཁའ་སྤྱོད་ཞིང་ཁམས་ཀྱི།།
གླིང་དཀར་དཔའ་བོའི་བཞུགས་གྲལ་ནས།།
ལྷ་དམག་བྱེ་བའི་འཁོར་དང་བཅས།།
གཡུ་འོད་འབུམ་མེ་དབྱིངས་ནས་གཤེགས།།


གནམ་ས་གཉིས་པོ་ཁ་ཐག་ཉེ།།
བར་སྣང་ཡངས་པ་འགྲོ་ལམ་བདེ།།
འདོ་བ་གཡུ་བྱ་བང་ཁ་མྱུར།།
མ་ཐོགས་རྫུ་འཕྲུལ་གར་གྱིས་གཤེགས།།


གཡུ་བྱ་དགྱེས་པའི་རྟེན་རྫས་ལ།།
གཡུ་སྲབ་ཨ་ལོང་དགུ་སྐོར་ཡོད།།
མགུལ་རྒྱན་འཇའ་ཡི་འོད་ཐག་ཡོད།།
སོག་རྒྱན་དར་ཚོན་སྣ་ལྔ་ཡོད།།


སྲབ་མདའ་གཟི་མིག་དགུ་སྒྲིལ་ཡོད།།
སྔོན་མོ་གཡུ་ཡི་སྒ་ཆས་ཡོད།།
དམར་ཡག་སྟག་གི་འཇོག་གདན་ཡོད།།
ཁྲ་ཡག་གཟིག་གི་ཁེབས་གདན་ཡོད།།


གཡུ་འོད་དགྱེས་པའི་རྟེན་རྫས་ལ།།
ཁྲབ་རྨོག་རྡོ་རྗེ་ཕ་ལམ་ཡོད།།
ཁྱུང་རྟགས་ཀླུ་བདུད་ཟིལ་གནོན་ཡོད།།
རྣོན་པོ་ཤན་པའི་བཤའ་གྲི་ཡོད།།


ཞགས་ནག་རླུང་གི་ལྕགས་ཀྱུ་ཡོད།།
མདུང་ཐུང་དགྲ་བོའི་སྲོག་ལེན་ཡོད།།
གཞུ་མོ་ཁམས་གསུམ་དབང་སྡུད་ཡོད།།
མདའ་མོ་མཁའ་ལ་འཕུར་ཤེས་ཡོད།།


མི་རྟ་དགྱེས་པའི་གཟིགས་མོ་ལ།།
རི་ལ་རྨ་རྫ་འབྲི་གསུམ་ཡོད།།
ས་ལ་མཐོང་བ་ཀུན་སྨོན་ཡོད།།
དཀར་པོ་གླིང་གི་བཞུགས་གནས་ཡོད།།


རྨ་སྨད་གཡུ་ལུང་སུམ་མདོ་ཡོད།།
སྐྱ་ལོ་སྟོན་པའི་ཕ་ས་ཡོད།།
ཁྲ་ཕུ་འཛམ་གླིང་ལ་ཁ་ཡོད།།
སྤྱི་དཔོན་འདུ་ར་བསྡུ་ས་ཡོད།།


འདོ་བས་བང་ཁ་འགྲན་ས་ཡོད།།
དཔའ་ཐུལ་དཔུང་གདང་བསྒྲིག་ས་ཡོད།།
མ་སྲུས་བྲོ་གར་འཁྲབ་ས་ཡོད།།
ཇ་ཆང་དགའ་སྟོན་རོལ་ས་ཡོད།།


ཇོ་རུས་གསེར་ཁྲི་གནོན་ས་ཡོད།།
རྒྱ་ཚས་དཔའ་གླུ་ལེན་ས་ཡོད།།
ཁྲོ་ཐུང་རྫུ་འཕྲུལ་སྟོན་ས་ཡོད།།
འབྲུག་མོས་འཕྱོར་འགྲོས་བྱེད་ས་ཡོད།།


འདན་མས་མདའ་རྩལ་ངོམ་ས་ཡོད།།
གཡུ་འོད་བུ་ཆུང་རྩེ་ས་ཡོད།།
ནེའུ་ཆུང་དྲུག་འགྱུར་འགུགས་ས་ཡོད།།
ཕུ་ནུ་ལྷན་འཛོམས་བྱེད་ས་ཡོད།།


ཕ་ས་འདན་ཡུལ་ཁྲ་མོ་ཡོད།།
ཀ་ཕུ་སྐྱིད་ཀྱི་ཡར་ནང་ཡོད།།
ཤུག་ར་སྐྱིད་ཀྱི་མར་ནང་ཡོད།།
ཤར་ལུང་རི་དྲུག་ཆགས་ས་ཡོད།།


གསེར་ལུང་པདྨ་འདབ་དྲུག་ཡོད།།
བཤད་སྒྲུབ་བསྟན་པའི་དགའ་ཚལ་ཡོད།།
སྨོན་ལམ་ཆོས་ཀྱི་ལ་ཁ་ཡོད།།
རི་བོ་ཙིནྟ་མ་ཎི་ཡོད།།


རྒྱལ་བློན་མཇལ་འཛོམས་བྱེད་པའི་ས།།
འཛུ་ཆེན་སྐྱིད་ལུང་རིང་མོ་ཡོད།།
དགྲ་བླའི་གད་རྒྱངས་སྒྲོག་པའི་ས།།
འདུ་ར་སྟག་ཐང་ཁྲ་མོ་ཡོད།།


གླིང་གི་ལྷ་དམག་བྱོན་པའི་ས།།
མཁའ་དབྱིངས་འཇའ་སྤྲིན་འཁྱིལ་བ་ཡོད།།
ནེའུ་ཆུང་རྒྱངས་གླུ་ལེན་པའི་ས།།
ནགས་ཚལ་ཀུན་ཏུ་དགའ་བ་ཡོད།།


སྤྱན་གཟིགས་མཆོད་པ་འདི་དག་ཀུན།།
ད་དུང་ཐུགས་ཀྱིས་དྲན་ཏེ་གཤེགས།།
མོས་གུས་དད་པའི་གསོལ་འདེབས་ལ།།
ད་དུང་བརྩེ་བས་དགོངས་བཞིན་གཤེགས།།


ཤར་ཕྱོགས་རི་ཡི་ཉག་ཁ་ནས།།
དུང་གི་ཟླ་བ་ཚེས་པ་ལྟར།།
མཐོང་གྲོལ་མཚན་དཔེའི་ཞལ་རས་ལ།།
དགྱེས་པའི་འཛུམ་མདངས་བཅས་ཏེ་བྱོན།།


དྭངས་སྨུག་གཡུ་ཡི་མཚོ་ནང་ནས།།
གསེར་མིག་ཉ་མོ་འཁྱུག་པ་ལྟར།།
གཡུ་བྱ་རླུང་གི་ཤུགས་ཅན་གྱིས།།
མྱུར་བའི་འགྲོས་ཁ་སྒྱུར་བཞིན་བྱོན།།


དཀར་ནག་སྤྲིན་གྱི་འདྲེས་མཚམས་ནས།།
གཡུ་འབྲུག་སིང་སིང་གྲག་པ་ལྟར།།
དགྲ་བླ་ཝེར་མའི་མཆོད་སྤྲིན་དབུས།།
ཁྱུང་གླུ་ལྡེམ་དྲུག་བླངས་ཏེ་བྱོན།།


ཐོ་རེངས་ཤར་གྱི་རི་རྩེ་ནས།།
པ་སངས་སྐར་འོད་འཚེར་བ་ལྟར།།
དབུ་རྨོག་དར་འཕྲུ་དཀར་པོ་ལ།།
འོད་དང་འོད་ཟེར་འཕྲོ་བཞིན་བྱོན།།


ཉི་མ་ནུབ་ཁའི་གནམ་མཐའ་ནས།།
སྤྲིན་དམར་རླུང་གིས་གཡོས་པ་ལྟར།།
རྒྱབ་ཀྱི་ཁྲབ་དར་དམར་པོ་དེ།།
བར་སྣང་ཁམས་སུ་བསྐྱོད་དེ་བྱོན།།


མཁའ་ལམ་ཡངས་པའི་གུར་ཁང་ནས།།
རང་བྱུང་འཇའ་ཚོན་ཤར་བ་ལྟར།།
ལས་སྨོན་མཐུན་པའི་གདུལ་བྱའི་ངོར།།
བྱིན་རླབས་གཟི་འོད་འཐིབ་བཞིན་བྱོན།།


གཡས་ན་འདན་མ་བྱང་ཁྲ་བཞུགས།།
ངག་ནས་ཐ་ལ་དྲུག་འགྱུར་ལེན།།
སྟེང་ན་སེང་ཆེན་རྒྱལ་པོ་བཞུགས།།
ངག་ནས་ཁྲོམ་ཆེན་ཟིལ་གནོན་ལེན།།


གཡོན་ན་ནེའུ་ཆུང་ལྷ་མོ་བཞུགས།།
ངག་ནས་ཅོ་ཀ་དྲུག་འགྱུར་ལེན།།
མཐའ་ན་ལྷ་དམག་བྱེ་བས་བསྐོར།།
ཀི་བསྭོའི་སྒྲ་ཡིས་བར་སྣང་གང་།།


བསྟེན་པའི་མི་ལ་སྤྲིན་བཞིན་འཁོར།།
འབོད་པའི་བུ་ལ་གྲོགས་བཞིན་འགྲོགས།།
མཆོད་པའི་གནས་སུ་ལྷ་བཞིན་འདུས།།
དེ་རིང་བདག་གི་མགོན་དུ་བྱོན།།
མཆོད་པ་ནི།
ཀྱེ། རིགས་བདག་ལྷ་དང་སྲུང་མ་ལ།།
མོས་གུས་དད་པའི་ཕྱག་གིས་འདུད།།
ད་ནས་སྐྱེ་བའི་ཕྲེང་བ་རུ།།
ལུས་ངག་ཡིད་ཀྱི་བདག་པོ་ཁྱེད།།


སྲིད་པ་བོད་ཀྱི་ལོ་རྒྱུས་ལ།།
ས་ཡི་བདག་པོ་མི་ཡིས་བྱས།།
མི་ཡི་མགོན་སྐྱབས་ལྷ་ཡིས་མཛད།།
ལྷ་སྲུང་དགྱེས་པས་ལེགས་ཚོགས་འཕེལ།།


རིན་ཆེན་སྣ་ལྔའི་རྒྱན་ཆ་དང་།།
དར་གོས་ནོར་གྱི་བང་མཛོད་དང་།།
ཇ་ཆང་འོ་མའི་སྐྱེམས་ཕུད་སོགས།།
གླིང་དཀར་དཔའ་ཐུལ་བརྒྱད་ཅུར་འབུལ།།


རྣོ་བ་མཚོན་གྱི་ལག་ཆ་དང་།།
སྲ་བ་གོ་ཡི་སྲུང་བ་དང་།།
དགྲ་བགེགས་བསྒྲལ་བའི་ཤ་ཁྲག་སོགས།།
ཡང་ཐུལ་དམ་པ་བདུན་ལ་འབུལ།།


དཔའ་བོའི་དཔུང་གི་ཀི་སྒྲ་དང་།།
ན་ཆུང་མཛེས་མའི་གླུ་གར་དང་།།
འདོ་བ་རྟ་ཕོའི་བང་རྩལ་སོགས།།
ཞེ་ཐུལ་སྐྱེས་མཆོག་གསུམ་ལ་འབུལ།།


སེར་པོ་གསེར་གྱི་རྣ་རྒྱན་དང་།།
དཀར་པོ་དངུལ་གྱི་མཛུབ་དཀྲིས་དང་།།
ཁྲ་བོ་གཟི་ཡི་མགུལ་རྒྱན་སོགས།།
དྭངས་སྨན་མཁའ་འགྲོའི་ཚོགས་ལ་འབུལ།།


བསིལ་ལྡན་ས་ལའི་སྨན་ལྗོངས་ན།།
སྟོད་ན་མངའ་རིས་སྐོར་གསུམ་ཡོད།།
རི་ལ་རིན་ཆེན་གཏེར་ཁ་ཚང་།།
གེ་སར་དགྲ་བླའི་རྒྱལ་པོར་འབུལ།།


སྨད་ན་རི་བོ་སྒང་དྲུག་ཡོད།།
ས་ལ་རྩི་ཤིང་མེ་ཏོག་རྒྱས།།
བཀྲག་མདངས་མཁའ་ལ་འཚེར་བ་དེ།།
བློན་ཆེན་འདན་མ་བྱང་ཁྲར་འབུལ།།


ཆུ་ལ་རྨ་ཆུ་འབྲི་ཆུ་ཡོད།།
ཆུ་མགོ་ལྷ་ཡི་ཡུལ་དུ་ཟུག།
རྦ་རླབས་དགུང་ལ་འཕྱུར་བ་དེ།།
ནེའུ་ཆུང་དབྱིངས་ཀྱི་མཁའ་འགྲོར་འབུལ།།


དུས་བཞིར་རི་བོའི་རྒྱན་གོས་བརྗེ།།
ཉི་མ་ཟླ་བས་གཡས་ནས་སྐོར།།
བོད་ཡུལ་གནམ་སའི་བཀོད་པ་དེ།།
ལྷ་དམག་བྱེ་བ་རྒྱ་མཚོར་འབུལ།།


ཁྱད་པར་མདོ་ཁམས་ལྟེ་བ་ཡི།།
གསེར་ལུང་པདྨ་འདབ་དྲུག་གི།།
སྣོད་དང་བཅུད་ཀྱི་ལེགས་ཚོགས་དེ།།
གཡུ་འོད་འབུམ་མེར་མཆོད་པར་འབུལ།།


མགོན་པོ་གང་གི་ལྷ་འབངས་སུ།།
གཏོགས་པའི་བདག་སོགས་སྐྱེ་འགྲོ་ཡི།།
ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན།།
ཁྱེད་ཐུགས་དགྱེས་པའི་རྟེན་དུ་འབུལ།།


ད་དུང་འདི་ནས་དུས་ཀྱི་མཐར།།
གསེར་ཆུ་སྔོན་མོ་མ་སྐམ་བར།།
ཆོས་ཀྱི་སྒྲ་དབྱངས་མ་ཆད་བར།།
ཁ་འཛིན་སྡོང་གྲོགས་མ་གཡེལ་ཀྱེ།།


དགྲ་སྡེ་བྱུང་ན་མེལ་ཚེ་གྱིས།།
སློབ་བརྒྱུད་བྱུང་ན་ཁ་འཛིན་མཛོད།།
མཁས་པ་བྱུང་ན་སྙན་གྲགས་སྤེལ།།
བསྒོམ་བསྒྲུབ་བྱས་ན་ཉམས་རྟོགས་སྐྱེད།།


ཆོས་པ་བྱུང་ན་བར་ཆད་སོལ།།
ལྷ་སྡེ་བྱུང་ན་ལོངས་སྤྱོད་སྤེལ།།
མདོར་ན་གནས་འདིའི་སྐྱེ་འགྲོ་ཡི།།
བསམ་དོན་ཡིད་བཞིན་འགྲུབ་པར་མཛོད།།


འདིར་གསོལ་གྲངས་གསོག་ན།
འཇམ་དབྱངས་ཐུགས་སྤྲུལ་སེང་ཆེན་རྒྱལ་ཚབ་མཆོག།
དཔའ་ཐུལ་ཡོངས་ཀྱི་གསང་གསུམ་གཅིག་འདུས་སྐུ།།
སྲས་ཆུང་གཡུ་འོད་འབུམ་མེ་འཁོར་བཅས་ལ།།
གསོལ་ལོ་མཆོད་དོ་ལས་ཀུན་མྱུར་འགྲུབ་མཛོད།། ཅེས་ཅི་མང་འདོན།
གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་སོགས་ཀྱིས་སྐྱེམས་ཕུད་སོགས་མཆོད་ལ། མཐར་འདོད་གསོལ་ནི།
ཀྱེ། མཚོ་སྐྱེས་རྒྱལ་དང་བརྒྱུད་གསུམ་བླ་མ་ཡི།།
བཀའ་ལུང་རྡོ་རྗེའི་ཐ་ཚིག་ལ་གནས་ཤིང་།།
སྔ་འགྱུར་རིག་པ་འཛིན་པའི་བུ་རྒྱུད་ལ།།
འགོ་བའི་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ།།


ཁྱད་པར་བསྐལ་མང་ཐུགས་བསྐྱེད་སྨོན་ལམ་གྱིས། །
འཕྲིན་ལས་དུས་སུ་བབས་པ་ལྷ་མིའི་མགོན། །
འཇམ་པའི་དབྱངས་དང་ཨོ་རྒྱན་ཆེན་པོ་གཉིས། །
དབྱེར་མེད་གཡུ་འོད་འབུམ་མེ་དགོངས་སུ་གསོལ།།


སྐྱེ་དགུའི་བསོད་ནམས་ཉ་གང་ཟླ་བའི་ཆ།།
དུས་ཀྱི་དབང་གིས་རིམ་བཞིན་འགྲིབ་པ་ལས།།
བྱུང་བའི་ནད་གདོན་འགལ་རྐྱེན་མུན་པའི་དཔུང་།།
ཐུགས་བསྐྱེད་འདོད་འབྱུང་ནོར་བུའི་འོད་ཀྱིས་སོལ།།


མཐོན་པོའི་ལྷ་སྲུང་སྤྱི་བོའི་རྒྱན་དུ་ཁུར།།
ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་གཏད།།
བདག་སོགས་སྐྱེ་འགྲོའི་ཚེ་དཔལ་འབྱོར་བའི་མཚོ།།
བདེན་ཚིག་སྨོན་ལམ་ཆར་གྱིས་རྒྱས་པར་མཛོད།།


བཅུ་ཕྲག་རིག་པའི་ལེགས་པར་བཤད་པ་ཡི།།
འཆད་ཉན་སྒྲུབ་པའི་བསྟན་པ་དར་བའི་སར།།
གཟུངས་སྤོབས་ཤེས་རབ་བློ་ཡི་མེ་ཏོག་དེ།།
མཁྱེན་རྟོགས་ཉི་མ་འབར་བའི་འོད་ཀྱིས་སྐྱོངས།།


རྩ་གསུམ་ཀུན་འདུས་འདན་སྲས་དགྲ་བླའི་རྒྱལ།།
དད་པའི་ཡིད་མཁར་བསྟེན་པའི་སྐལ་བཟང་ལ།།
ཆོས་དང་སྲིད་ཀྱི་ལེགས་ཚོགས་ཡངས་པའི་སྒོ།།
བྱིན་རླབས་ལྡེ་མིག་དཀར་པོས་འབྱེད་པར་མཛོད།།


ཐོས་བསམ་སྒོམ་པའི་ཡོན་ཏན་གོང་དུ་འཕེལ།།
དགེ་བཅུའི་སྲོལ་བཟང་དར་བའི་རྒྱལ་ཁམས་སུ།།
སྲིད་དང་ཞི་བའི་དཔལ་ཡོན་མ་ལུས་ཀུན།།
རབ་དམར་དབང་གི་ལྕགས་ཀྱུས་ཡིད་བཞིན་ཁུག།


ཁྱད་པར་བླ་རུང་ཆོས་སྡེ་ཆེན་མོ་ཡི།།
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཐོན་པོ་དེ།།
སྙན་གྲགས་དུང་གི་སྒྲ་དང་ལྷན་གཅིག་ཏུ།།
སྲིད་པའི་བླ་རུ་འདེགས་པའི་འཕྲིན་ལས་མཛོད།།


རྣམ་དག་དམ་ཆོས་ཚུལ་བཞིན་སྒྲུབ་པ་ལ།།
མ་ཉེས་ཁ་ཡོག་སྒྲོ་སྐུར་སྣ་ཚོགས་གཏམ།།
མེ་འབར་བ་ལ་ཤིང་སྐམ་བསྣན་པ་བཞིན།།
མི་ཁ་མཐུན་རྐྱེན་དཔལ་གྱི་གཡང་དུ་ཁུག།


བསྟན་དང་བསྟན་འཛིན་སེམས་ཅན་ཡོངས་ལ་འཚེ།།
ཞིང་བཅུ་ཚང་བའི་དགྲ་བོའི་སྲོག་དབུགས་ལ།།
དྲག་པོའི་འཕྲིན་ལས་དུག་སྦྲུལ་ནག་པོ་ཡི།།
འཇིགས་རུང་ལྕེ་ཡི་གློག་ཞགས་མྱུར་དུ་སྐྱོངས།།


སྙིགས་ལྔའི་རྒུད་པའི་མུན་པ་དང་འགྲོགས་ནས།།
བསྟན་ལ་གནོད་པའི་བསམ་སྦྱོར་འཆང་བ་ཡི།།
མི་དང་མི་མིན་སྡེ་བརྒྱད་འབྱུང་པོ་ཡི།།
མགོ་འཕང་རྡོག་ཞབས་ཡན་ལ་མཐོར་མ་འཇུག །


རྒྱུ་འབྲས་དྲང་བདེན་གཟུ་བོའི་ལམ་ལ་གནས།།
གཉོམ་ཆུང་ཆོས་བཞིན་སྒྲུབ་པའི་རྣལ་འབྱོར་ལ།།
ལུས་དང་གྲིབ་བཞིན་འགྲོགས་པའི་དཀར་ཕྱོགས་ཀྱི།།
ལྷ་ངོ་སོག་ཕྲག་མན་ལ་དམར་མ་འཇུག།


རྩ་གསུམ་དམ་ཅན་སྲུང་མའི་དཀྱིལ་འཁོར་ནས།།
མེ་ཏོག་ཕོག་པའི་རིགས་བདག་ཁྱེད་ཡིན་པས།།
སྐྱིད་སྡུག་ལེགས་ཉེས་ལས་བསྐོས་གར་བབས་ཀྱང་།།
ཁ་འཛིན་སྡོང་གྲོགས་མ་གཡེལ་ཡིད་བཞིན་ནོར།།


འབྱུང་འདུས་ལུས་ཀྱི་ཕུང་པོའི་ཤིང་གསེབ་ནས།།
རྣམ་ཤེས་བྱེའུ་ཆུང་ཕྱི་ལ་འཕུར་བའི་ཉིན།།
བདེ་ལྡན་དག་པའི་ཞིང་དུ་འགྲོ་བ་ཡི།།
ཐར་བའི་ལམ་གྱི་བར་ཆད་སེལ་བར་མཛོད།།


མཇུག་མཐར་བཀྲ་ཤིས་སྨོན་ལམ་ནི།
བཀྲ་ཤིས་གང་ཞིག་ཕུན་ཚོགས་སྡེ་བཞིའི་གཏེར།།
མ་ལུས་སྐྱེ་དགུའི་ཉེར་འཚོའི་གསོས་སུ་སྨིན།།
མི་ཤིས་རྒུད་པ་བཙལ་ཀྱང་མི་རྙེད་པའི།།
དགེ་ལེགས་སྣང་བས་ས་གསུམ་ཁྱབ་པར་ཤོག།


བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ།།
བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་།།
བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་།།
བསྟན་འགྲོའི་དོན་ཆེན་འབད་མེད་འགྲུབ་པར་ཤོག།



ཅེས་དུས་ཀྱི་མཐའ་འདིར་ཐུགས་བསྐྱེད་དང་འཕྲིན་ལས་གཞན་དང་མཉམ་པ་མེད་པ། རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་དགྲ་བླའི་རྒྱལ་པོ་ཆེན་པོ་དཔལ་འདན་སྲས་གཡུ་འོད་འབུམ་མེ་དང་སྐྱེ་བ་ཚེ་རབས་ཀུན་ཏུ་མི་འབྲལ་བའི་རྟེན་འབྲེལ་བཟང་པོར་བསམས་ཏེ། བསང་གསོལ་རྒྱས་པ་ཞིག་རིང་ནས་འབྲི་འདུན་ཡོད་པའི་ཁར་ཆོས་ཀྱི་གྲོགས་པོ་དམ་པ་མགོ་ལོག་སྦྱིན་པ་བཀྲ་ཤིས་དང་བསམ་དགའ་གཉིས་ཀྱི་ཡི་རང་གིས་བསྐུལ་མར་བརྟེན། བོད་ཤིང་འབྲུག་ལོའི་ཟླ་བརྒྱད་པའི་ཚེས་བཞི་ལེགས་པ་བརྒྱད་འཛོམས་ཀྱི་དུས་ཚེས་དགེ་བར། མདོ་རྡོ་རྗེ་བྲག་ཏུ་འཆི་མེད་རིག་འཛིན་གྱིས་སྨྲས་པ་བཞིན་ཡི་གེར་ཕབ་ཏུ་བཅུག་པ་དགེ།

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章