འཛམ་གླིང་ནང་བསྟན་གླེང་སྟེགས་དང་ཧི་མ་ལ་ཡའི་རིག་མཛོད་ཁང་།

健康   2024-10-18 14:21   四川  

འཛམ་གླིང་ནང་བསྟན་གླེང་སྟེགས་དང་ཧི་མ་ལ་ཡའི་རིག་མཛོད་ཁང་།


   ཕྱི་ཟླ་༡༠པའི་ཚེས་༡༥ནས་༡༧ཉིན་བར། སྐབས་དྲུག་པའི་འཛམ་གླིང་ནང་བསྟན་གླེང་སྟེགས་ཀྱི་ཚོགས་ཆེན་དེ་ཀྲུང་གོའི་ཀྲེ་ཅང་ཉིང་པོ་རུ་འཚོགཡོད་པ་དང་། གོ་ལ་ཧྲིལ་བོའི་རྒྱལ་ཁབ་དང་ས་ཁུལ་ ༧༢ ནས་ཕེབས་པའི་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་། མཁས་དབང་ ལས་རིགས་ཁག་གི་སྐུ་མགྲོན་སོགས་མི་གྲངས་ ༨༠༠ ལྷག་ཙམ་མཉམ་ཞུགས་གནང་ཐུབ་ཡོད་པ་རེད། འཛམ་གླིང་ནང་བསྟན་གླེང་སྟེགས་ནི་རང་རྒྱལ་གྱིས་གྲོས་འགོ་བཏོན་ནས་གཙོ་གཉེར་བྱས་པའི་གཞི་ཁྱོན་ཆེས་ཆེ་ཤོས་དང་ ཤུགས་རྐྱེན་ཆེས་ཆེ་ཤོས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་ནང་བསྟན་ཕྱོགས་མང་བརྗེ་རེས་དང་གླེང་མོལ་བྱེད་སའི་གླེང་སྟེགས་ཤིག་ཡིན་ཞིང་། ད་བར་དུ་ཁྱོ་བསྡོམས་སྐབས་དྲུགལ་ཟབ་རྒྱས་ངང་འཚོགས་ཡོད་འདུག 


  ཧི་མ་ལ་ཡའི་རིག་མཛོད་ཁང་གི་འགན་འཛིན་པ་དང་སྤྱི་ཁྱབ་གཙོ་སྒྲིག་པ་དབོན་སྤྲུལ་ཚེ་རིང་རྡོ་རྗེ་མཆོག   ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་། ཀྲུང་ཧྭ་ཆོས་ལུགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས སྐབས་དྲུག་པའི་འཛམ་གླིང་ནང་བསྟན་གླེང་སྟེགས་ཀྱི་གཏམ་བཤད་པར་གདན་ཞུས་གནང་བ་ལྟར་མཉམ་ཞུགས་གནང་།

འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པའི་ཚོགས་ཆེན་དུ་གཏམ་བཤད་སྤེལ་བཞིན་པ

ཁོང་གིས་འཛམ་གླིང་གི་ཕྱོགས་སོ་སོ་ནས་ཕེབས་པའི་མཁས་དབང་དང་ཆེད་མཁས་མི་སྣ་སོགས་དང་མཉམ་དུ་བསམ་བློ་བརྗེ་རེས་དང་། ལྷག་པར་དུ་རི་བོ་ཧི་མ་ལ་ཡའི་གངས་བརྒྱུད་དུ་དར་རྒྱས་གོང་འཕེལ་བྱུང་བའི་བོད་བརྒྱུད་ནང་བསྟན་གྱི་སྲོག་སྙིང་དུ་གྱུར་བའི་ཆེས་གལ་འགེངས་ཆེ་བའི་བོད་ཀྱི་གནའ་བོའི་དཔེ་རྙིང་ཉམས་གསོ་དང་སྲུང་སྐྱོབ་བྱེད་ཐབས་སྐོར་གྱི་དགོངས་ཚུལ་གལ་ཆེན་བཏོན་པར་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ཕུན་སུམ་ཚོགས་པ་འདི་ཉིད་འདོན་སྤེལ་བྱེད་ཐབས་དང་། དེ་བཞིན་དུས་རབས་དང་མཐུན་པར་མདུན་བསྐྱོད་བྱེད་པའི་གསར་བཏོད་ཀྱི་སྙིང་སྟོབས་ཆེན་པོ་བསྐྱེད་ནས། གནའ་བོའི་དཔེ་རྙིང་གི་རིན་ཐང་སྲུང་འཛིན་དང་སྔོགས་འདོན་ཁྱབ་སྤེལ་བཏང་ནས། མིའི་རིགས་ཀྱི་ནང་སེམས་ཀྱི་དཔལ་ཡོན་གོང་འཕེལ་དང་སྤྱོད་བཟང་དར་སྤེལ་བྱས་ཏེ།  ཡར་རྒྱས་དང་སྔོན་ཐོན་གྱི་གྲུབ་འབྲས་ལྡན་པར་བརྩོན་པ་བརྒྱ་འགྱུར་བསྐྱེད་ནས་འབད་པ་གནང་དགོས་པའི་སྐོར་གསུང་བཤད་གནང་།


ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཕྱི་རྒྱལ་ནས་ཕེབས་པའི་བླ་ཆེན་སོགས་དང་མཉམ་དུ།



 

ཨ་རིའི་རྒྱལ་ཡོངས་ཆོས་དབྱིངས་ནང་བསྟན་སྤྱི་ཁྱབ་ལྷན་ཚོགས་ཀྱི་དབུ་འཛིན། སློབ་དཔོན་ཆེན་མོ་ཧྥང་ཧྲི་སོགས་དང་ལྷན་དུ།



    ཚོགས་འདུའི་ཐོག་ཏུ་ཁོང་གིས་བོད་ཀྱི་དཔེ་རྙིང་གི་ལས་རིགས་གཉེར་དགོས་པའི་གལ་ཆེན་རང་བཞིན་དང་། མི་ལོ་བཅུ་ཕྲག་ལྷག་ལ་བོད་ཀྱི་དཔེ་རྙིང་འཚོལ་སྡུད་དང་། ཉར་ཚགས། དག་སྒྲིག ། པར་སྐྲུན་གནང་བའི་བརྒྱུད་རིམ་དང་། པར་སྐྲུན་ལེགས་འགྲུབ་བྱུང་ཟིན་པའི་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་པོད་༣༠༠ ཅན་དང་བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ་པོད་༢༠༦ཅན་སོགས། པོ་ཏི་སྟོང་ཕྲག་ལྷག་གིས་གྲུབ་པའི་རྩ་ཆེ་བའི་བོད་ཀྱི་རིག་གཞུང་དཔེ་ཚོགས་ངོ་སྤྲོད་གནང་བར་མ་ཟད།  མ་འོངས་པའི་པར་སྐྲུན་བྱེད་ཕྱོགས་དང་། ནང་བསྟན་སྐོར་གྱི་དཔེ་རྙིང་གྲངས་འཛིན་ཅན་དུ་བསྒྱུར་བའི་འཆར་འགོད་སོགས་ཀྱི་སྙན་ཞུ་ཕུལ་ཡོད་འདུག དེ་བཞིན་ཁོང་གིས་ལོ་མང་པོའི་རིང་ལ་དཔེ་རྙིང་གི་ལས་རིགས་གཉེར་བའི་ཉམས་མྱོང་གི་གྲུབ་འབྲས་བེད་སྤྱད་ནས། སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་དང་དེང་རབས་ཀྱི་ཐབས་ཤེས་གསར་བ་ཟུང་འབྲེལ་བྱས་ནས། དཔེ་རྙིང་སྲུང་སྐྱོབ་དང་ཁྱབ་སྤེལ་བྱེད་པའི་ཐབས་ལམ་གསར་བ་གསུམ་གྱི་འཆར་འགོད་དང་སྒྲོམ་གཞི་བཙུགས་ཡོད་པའི་སྐོར་གྱི་གསུངས་བཤད་གལ་ཆེན་གནང་།





དཔེ་རྙིང་སྲུང་སྐྱོབ་བྱེད་པར་བསྐྱར་གསོན་རང་བཞིན་ན་གྱི་བྱེད་ཐབས་ཡག་ཤོས།

—དཔེ་རྙིང་ཁྲི་ཕྲག་བསྐྱར་བཞེངས་བྱེད་བཞིན་ཡོད་པའི་སྐོར་ངོ་སྤྲོད་གནང་བ།

བོད་ཀྱི་བཅུ་ཕྲག་རིག་གནས་སམ། ཧི་མ་ལ་ཡའི་རིག་མཛོད་ཁང་གི་རིག་གཞུང་ཚོགས་ཆེན་ཐོག་ཏུ་བོད་ཀྱི་མཁས་དབང་དང་ཆེད་མཁས་མི་སྣ་བརྒྱ་ཕྲག་ལྷག་ཙམ་ཧྲག་བསྡུས་བྱས་ནས། ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་བོད་ཀྱི་རིག་གནས་ཡོངས་ལ་རིགས་དབྱེ་གསར་བཅད་གནང་བའི་གཅིག་གྱུར་གྱིས་གཏན་འབེབས་བྱུང་བ་ལྟར། རིག་ཚན་བཅོ་བརྒྱད་ཀྱི་ནང་དོན་འདུས་པའི་དཔེ་རྙིང་དག་བསྐྱར་བཞེངས་བྱེད་པ་འདི། བོད་ཀྱི་དཔེ་རྙིང་རིག་གནས་ལ་གཤོག་རྩལ་གསར་བ་རྒྱས་ཐུབ་པའི་འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ཞིག་གི་འགོ་བཟུང་བ་ལྟ་བུ་ཡིན་ཞིང་། འདིའི་དགེ་མཚན་ནི། གཅིག་ནས་གནའ་དཔེའི་མ་ཕྱི་ལ་སྲུང་སྐྱོབ་ཐུབ་པ་དང་། མ་དཔེ་དེ་ཚོ་ཇི་བཞིན་དུ་བསྐྱར་བཟོ་བྱེད་ཐུབ་ཡོད་ཕྱིན། མ་དཔེ་ལ་ཡང་ནས་ཡང་དུ་བེད་སྤྱོད་བྱས་པའི་གནོད་སྐྱོན་གཏན་འགོག་ཐུབ་པ། རྒྱ་ཆེའི་ཀློག་པ་པོ་རྣམས་ལ། ལོ་ངོ་བརྒྱ་ཕྲག་མང་པོར་ས་གནས་སོ་སོའི་ལྷ་ཁང་དང་ཁང་རྙིང་ནང་གི་ས་རྡུལ་གྱི་ཁྲོད་ན་ཉལ་བའི་གནའ་བོའི་དཔེ་རྙིང་ལ། དཀྱུས་གཅིག་ཏུ་ཞིབ་ཀློག་བྱེད་ཆོག་པའི་སྒོ་མོ་ཕྱེས་པ་ལྟ་བུ་ཞིག་ཡིན་ལ། མ་ཟད་ཕྱོགས་ཡོངས་ནས་ནང་བསྟན་གྱི་རྩ་ཆེའི་གཞུང་ལུགས་རྙིང་པ་རྣམས་ལ་རོལ་མྱོང་དང་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་ཐུབ་པའི་དགེ་མཚན་ཡོད་པར་བརྗོད།



དཔེ་རྙིང་སྲུང་སྐྱོབ་བྱེད་པའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་གཞི་རྩ། 

—ནང་བསྟན་དཔེ་རྙིང་གཞི་གྲངས་ཅན་དུ་བསྒྱུར་བཞིན་ཡོད་པའི་སྐོར་གྱི་ལས་གཞི་ངོ་སྤྲོད་གནང་བ།

འདི་ནི་ཚན་རྩལ་གྱི་ཐབས་ལམ་བེད་སྤྱད་ནས་དཔེ་རྙིང་གི་སྙིང་བཅུད་སྔོགས་འདོན་དང་ཁྱབ་སྤེལ་བྱེད་པའི་བྱེད་ཐབས་གསར་བ་ཞིག་སྟེ། དེ་ཡང་ཀྲུང་གོའི་གཞི་གྲངས་དཔེ་མཛོད་ཁང་དང་། ཧི་མ་ལ་ཡའི་རིག་མཛོདཁང་གཉིས་མཉམ་འབྲེལ་བྱས་ནས་“བོད་ཡིག་གནའ་དཔེ་གཞི་གྲངས་ཅན་དུ་བསྒྱུར་བའི་གསར་གཏོད་འཕེལ་རྒྱས་ལྟེ་གནས་ཁང་”ཞེས་པ་བཙུགས་ནས། སྤྱོད་སྒོ་ཆེ་ཞིང་སྟབས་བདེ་བའི་སྔོན་ཐོན་རང་བཞིན་ཅན་གྱི་བོད་ཡིག་གི་རིག་ཚན་ཡོངས་འདུས་པའི་གློག་རྡུལ་འཕྲུལ་དེབ་ཀྱི་གྲངས་མཛོད”བསྐྲུན་རྒྱུའི་འཆར་གཞི་བཟོས་པའི་སྐོར་སྙན་ཞུ་ཕུལ་བས་དམིགས་བསལ་གྱིས་དོ་སྣང་དང་དཔྱད་བརྗོད་གལ་ཆེན་བྱས། 

སྐབས་འདིའི་འཛམ་གླིང་ནང་བསྟན་གླེང་སྟེགས་ཐོག “ནང་བསྟན་གསུང་རབ་ཀྱི་གཞི་གྲངས་ཅན་གྱི་ཕྱོགས་བསྡུས”ཞེས་པའི་ཡན་ལག་གླེང་སྟེགས་ཆེད་དུ་བཀོད་སྒྲིག་བྱས་ཡོད་པར་མ་ཟད། སྐབས་རེ་རེའི་འཛམ་གླིང་ནང་བསྟན་གླེང་སྟེགས་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་ནང་བསྟན་གྱི་རྩ་ཆེའི་གཞུང་ལུགས་བསྡུ་རུབ། ལེགས་སྒྲིག ཉར་ཚགས། བེད་སྤྱོད་བཅས་ཀྱི་ཕན་འབྲས་ཆེ་རུ་གཏོང་ཆེད། སྐབས་འདིའི་གླེང་སྟེགས་ཐོག་རྒྱལ་ཁབ་ཁག་གི་ནང་བསྟན་ལས་རིགས་དང་མཉམ་དུ་གྲོས་མོལ་བྱས་པ་དང་། གྲོས་བསྡུར་གྱི་རྨང་གཞིའི་ཐོག །འཛམ་གླིང་ནང་བསྟན་གླེང་སྟེགས་ཀྱི་རྩ་ཆེའི་ནང་བསྟན་གཞུང་ལུགས་ཕྱོགས་བསྒྲིགས་ལས་དོན་གྱི་གྲོས་མོལ་ལམ་སྲོལ་འཛུགས་པ་དང་། སྐད་ཡིག་དང་ཡི་གེ་མི་འདྲ་བའི་ནང་བསྟན་གྱི་རྩ་ཆེའི་གཞུང་ལུགས་ཕན་ཚུན་ཡིག་སྒྱུར་དང་ཞིབ་འཇུག་ཡག་པོ་བྱེད་པ། ནང་བསྟན་གྱི་རྩ་ཆེའི་ཚད་ལྡན་ཡིག་ཆར་བརྟག་དཔྱད་ཞིབ་འཇུག་བྱེད་པ་བཅས་ཀྱི་ཐོག་ནས། ནང་བསྟན་གྱི་རྩ་ཆེའི་གཞུང་ལུགས་ཕྱོགས་བསྒྲིགས་དང་གཞི་གྲངས་ཅན་གྱི་ལས་དོན་ལ་རྩ་འཛུགས་དང་གྲུབ་འབྲས་མཉམ་སྤྱོད་ལ་སྐུལ་འདེད་བརྟན་པོ་གཏོང་རྩིས་ཡོད་པ་སོགས་ཀྱི་དམིགས་བསལ་གྱི་རྩ་འཛུགས་དང་བཀོད་སྒྲིག་གནང་ཡོད་ཅིང་། ཧི་མ་ལ་ཡའི་རིག་མཛོད་ཁང་གི་ནང་བསྟན་དཔེ་རྙིང་སྐོར་གཞི་གྲངས་ཅན་དུ་བསྒྱུར་བའི་ཐད་ལ་མཐོང་ཆེད་དང་དགའ་བསུ་ཐོབ་པར་མ་ཟད།  དགེ་མཚན་དང་དོན་སྙིང་དམིགས་བསལ་ལྡན་པའི་གླེང་བརྗོད་གལ་ཆེན་སྤེལ་རེས་གནང་། འདི་ནི་བོད་ཀྱི་དཔེ་རྙིང་གི་ཕྲིན་ལས་ཉམས་པ་མེད་པར་ཡུན་རིང་དུ་གནས་ཐུབ་ཅིང་། སྔར་ལས་ལྷག་པར་དར་རྒྱས་དང་གོང་འཕེལ་དུ་འགྲོ་བའི་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཡིན།




阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章