སྨྲ་བ་ཉུང་ན་མཛེས། ཉན་པ་མང་ན་ལེགས།

健康   2024-10-13 20:50   四川  

སྨྲ་བ་ཉུང་ན་མཛེས། ཉན་པ་མང་ན་ལེགས།

པད་མ་ཚེ་རིང་གིས་བསྒྱུར།


གྷི་རིག་གི་མཁས་པ་ཕལ་ཆེ་བ་བཤད་རྒྱུ་མང་བའི་མི་དེ་ལ་མི་དགའ་སྟེ། ཐེ་ལེ་སི་ཡིས། སྐད་ཆ་མང་བས་ཤེས་རབ་མང་བ་མཚོན་མི་ནུས། ཞེས་དང་། ཁཱ་ལེང་གིས། ཁ་ནང་གི་ལྕེ་དེ་བསམ་བློའི་ཡན་ལ་ཤོར་དུ་མ་འཇུག ཅེས་དང་། སི་ཏུའོ་ཀོའི་གྲུབ་མཐའི་ཀྲི་ནུ་ལགས་ཀྱིས་ཀྱང་། ང་ཚོ་ལ་རྣ་གཉིས་དང་ཁ་གཅིག་ཡོད་པའི་རྒྱུ་མཚན་ཡང་སྨྲ་བ་ཉུང་ཞིང་ཉན་པ་མང་དགོས་པའི་དོན་ཡིན་ཞེས་གསུངས།

ཅི་འདོད་འདོད་དུ་ལབ་གླེང་བྱེད་མཁན་གྱི་མི་རེ་ལ་འཕྲད་དུས། ངའི་ཡིད་ལ་ཀྲི་ནུའི་ཟུར་ཟའི་ཚིག་དེ་དབང་མེད་དུ་དྲན་ཡོང་། འཇིག་རྟེན་འདིར་མི་འདི་རིགས་ཤིག་མཆིས་ཏེ། ཁོ་ཚོའི་ལུས་ཀྱི་ཆེས་སྟོབས་དང་ལྡན་པའི་དབང་བོ་དེ་ནི་ཁ་ཡིན་ལ། གནས་གང་དུ་ཕྱིན་ཀྱང་དབང་བོ་འདི་གཅིག་པུ་འཁྱེར་བ་དང་། འཚོ་བའི་ནང་དོན་ཡོངས་སུ་རྫོགས་པ་ཁ་བཤད་དང་བཟའ་བཏུང་འབའ་ཞིག་གིས་གྲུབ་བོ། །དེང་དུས་ཀྱི་རིག་གནས་པའི་སྡེ་རུ་ཡང་མི་འདི་རིགས་ཤིན་ཏུ་མང་སྟེ། མི་མང་འདུས་སར་ཧར་གྱིས་བརྒྱུགས་ཤིང་། ཚོགས་འདུ་མང་པོར་ཞུགས་ནས་གཏམ་གྱིས་དུས་འདའ་བར་བྱས། དེ་དག་གིས་མཁས་པའི་མཚན་སྙན་ཐོགས་ཡོད་ནའང་། མཐར་གཏུགས་ན་ཁེ་དང་གྲགས་པ་གཉེར་མཁན་གྱི་འཆད་མཁན་དང་ཟ་མཁན་ཙམ་མོ། །

ཉན་ཞེས་པའང་འདམ་ག་མེད་པར་ཉན་པ་ཞིག་ལ་གོ་མི་རུང་བར་ཉན་ཤེས་པ་ལ་གོ་དགོས། བསམ་བློ་བ་ཞིག་ལ་མཚོན་ན། ཉན་པ་ནི་བསམ་གཞིག་གི་ཐབས་ཤིག་ཡིན་པས། ཁོའི་རྣ་བས་སྐད་ཆ་གོ་གོ་ཐམས་ཅད་ག་ལ་ཉན་ཏེ། ཐ་ན་ཤེས་རྒྱ་ཅན་གྱི་གཏམ་ཡིན་ཡང་གདམ་གསེས་བྱེད་ཀྱིན་འདུག ཁོ་རང་ཉིད་སྨྲ་བ་ཉུང་ལ་ཉན་རྒྱུར་དགའ། དེ་བཞིན་དུ་སྨྲ་བ་ཉུང་བའི་ཕ་རོལ་པོའི་སྐད་ཆ་ཡང་ཉན་པར་སྤྲོ།  ཁོས་རྟག་ཏུ་ཉན་པ་ནི་སྔོན་བྱོན་དམ་པའི་གསུང་དང་རང་གི་རྣམ་ཤེས། རང་བྱུང་ཁམས་ཀྱི་སྒྲ་སྣ་ཚོགས། ལྷའི་བཀའ་སོགས་ཡིན་པ་དང་། ཁོས་བཤད་པའི་སྐབས་སུ་ཉན་གྱིན་ཡང་ཡོད་ལ། སུའུ་ཀོ་ལ་ཏི་དང་འདྲ་བར། བསམ་བློས་རྨོངས་པ་སེལ་བའི་སྒྲ་ལ་ཉན་གྱིན་འདུག

ངས་སྨྲ་བ་ཉུང་བ་དེ་བསམ་བློ་བའི་ཀུན་སྤྱོད་ཅིག་ཏུ་འདོད་དེ། རྒྱུ་མཚན་ནི་སྨྲ་བ་ཉུང་ན་ད་གཟོད་བསམ་གཞིག་མང་དུ་བྱ་ཐུབ་པ་དང་། བསམ་བློ་བ་ལ་ཉོག་གཏམ་བཤད་པའི་ཁོམ་ལོང་མེད་དོ། གལ་སྲིད་ཁྱོད་ནི་རང་གི་བསམ་བློ་ལ་ཤ་ཚ་མཁན་ཞིག་ཡིན་ན། གཞན་ལ་སྟོན་པའི་སྐབས་སུའང་ངེས་པར་སྐད་ཆ་ཡང་དག་པ་ཞིག་དང་རྗོད་བྱེད་སྟོབས་དང་ལྡན་པ་ཞིག་གིས་བཤད་ཅི་ཐུབ་བལྟ།  དེ་མིན་པར་སྐད་ཆ་མང་དྲགས་ན། བསམ་བློའི་ནང་དོན་ཇི་བཞིན་སྟོན་ཐུབ་པ་ལྟ་ཅི། གོ་བ་གཞན་དུ་བསྒྱུར་ཉེན་ཡང་ཡོད་དོ། གནའ་བོའི་གྷི་རིག་གི་དུས་ནས་བཟུང་། བསམ་བློ་ལ་དགའ་ཞིང་གཅེས་པའི་མཁས་པ་དེ་ཚོས་སྐད་ཆའི་སྒྱུ་རྩལ་ལ་མཐོང་ཆེན་བླ་ལྷག་ཏུ་བྱས་པས། ཀྲི་ནུ་ཡིས་གཏན་ཚིགས་རིག་པ་གསར་དུ་བཏོད་ཅིང་། ཨེན་ཕེ་ཏུའོ་ཁོ་ལེ་ཡིས་ཚིག་རྒྱན་རིག་པའི་སྲོལ་ཕྱེ་བ་དང་། དམིགས་ཡུལ་ཡང་སྐད་ཆ་གནད་ལ་ཁེལ་བ་ཞིག་བརྗོད་པ་སྟེ། ཚིག་ཉུང་ཉུང་ཞིག་གིས་བསམ་བློ་གྱ་ནོམ་པ་ཞིག་བརྗོད་ཐུབ་རྒྱུ་དེའོ།།


阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章