2024ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་སླེབས་ལ་ཉེ། ​​​

健康   2024-10-19 21:01   四川  

ཨ་རིའི་སྲིད་འཛིན་འདེམ་སྟངས་ཀྱི་རྒྱབ་ལྗོངས་དང་ཁྲིམས་སྲོལ།

2024ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་སླེབས་ལ་ཉེ། 

   ཨ་རིའི་སྲིད་འཛིན་འོས་བསྡུ་ཐེངས་དྲུག་ཅུ་བ་དེ་བསླེབས་ལ་ཉེ། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ནས། རྗོར་ཇི་ཡ་མངའ་སྡེ་ནས་ད་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་དངོས་སུ་བྱ་འགོ་བཙུག མི་དམངས་ཀྱིས། རང་གི་དགའ་མོས་ཡོད་པའི་སྲིད་འཛིན་འོས་མི་གང་རུང་ལ་འོས་བླུག་རྒྱུ། 2024སྲིད་འཛིན་འོས་བསྡུ་དངོས་གཞིའི་ཉིན་མོ་ནི་ཕྱི་ཟླ11ཚེས5ཉིན་ཡིན། ཡིན་ན་ཡང་། ཉིན་གཅིག་གི་རིང་མི་ཧ་ཅང་མང་པོས་འོས་དུས་མཉམ་དུ་བླུག་རྒྱུར་གྲལ་རིང་པོ་སྒྲིག་རྒྱུ་དང་། སྒུག་དགོས་པ་སོགས་དཀའ་ངལ་ཆེན་པོ་ཡོད་རྐྱེན། མངའ་སྡེ་བྱེ་བྲག་པ་ནས་འོས་བསྡུ་སྔ་ནུར་གྱིས་འགོ་འཛུགས་སྲོལ་ཡོད་པ་གསལ།


   སྤྱིར་མང་གཙོའི་ལམ་ལུགས་དེ་ལ་རིགས་ཆེན་པོ་གཉིས་སྟེ། སྲིད་འཛིན་ལམ་ལུགས་ཀྱི་མང་གཙོ་དང་། གྲོས་ཚོགས་ལམ་ལུགས་ཀྱི་མང་གཙོ་གཉིས་ཡོད་པ་ལྟར། ཨ་རིའི་མང་གཙོའི་ལམ་ལུགས་ནི་སྲིད་འཛིན་ལམ་ལུགས་ཀྱི་མང་གཙོ་ཡིན་པ།


   གཞུང་གི་འཛིན་སྐྱོང་གི་དབང་ཆ་མཐོ་ཤོས་དེ་སྲིད་འཛིན་ལ་ཡོད་པའི་སྟེང་། སྲིད་འཛིན་ནི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱང་ཡིན། སྲིད་འཛིན་གྱིས་གྲོས་ཚོགས་ལ་ཐད་ཀར་འགན་འཁུར་མི་དགོས་ཤིང་། ཐག་གཅོད་མང་པོ་ཞིག་སྲིད་འཛིན་སྒེར་གྱི་དབང་ཚད་སྤྱད་ནས་བྱ་ཆོག གྲོས་ཚོགས་ཀྱིས་ཐད་ཀར་སྲིད་འཛིན་གྱི་དབང་ཚད་ལ་ཐེ་གཏོགས་བྱ་མི་ཆོག་ཀྱང་། རྩིས་དང་ལས་དོན་བྱེད་ཕྱོགས་ཐད་བརྟག་ཞིབ་བྱ་ཆོག་པ་མ་ཟད། རྩ་ཁྲིམས་དང་འགལ་བའི་སྦྱོར་བ་སོགས་བརྩམས་ཚེ་གནས་དབྱུང་ཡང་གཏོང་ཆོག་པ་ཡིན།


   ཨ་རིའི་སྲིད་འཛིན་དེ་དམངས་ཀྱིས་འོས་བསྡུ་བརྒྱུད་དེ་འདེམས་བཞིན་ཡོད། ཡིན་ན་ཡང་།  མི་སྒེར་རེ་རེས་འཕངས་པའི་འོས་ཤོག་ཚང་མ་སྤྱི་སྡོམ་བྱས་པ་བརྒྱུད། དེའི་མང་ཉུང་གིས་ཐད་ཀར་ཐག་གཅོད་ཀྱིན་ཡོད་དམ་ཞེས་ན་མེད། དཔེར་ན། ཕྱི་ལོ་ 2016 ལོར་སྲིད་འཛིན་འོས་མི་ལྕམ་ཁི་ལེན་ཀྲོན་ལ་འོས་གྲངས་བརྒྱ་ཆ་ 48.2% ཐོབ་ཅིང་། སྒྲོ་ནལ་ཁྲི་རམ་ཕུ་ལ་འོས་གྲངས་བརྒྱ་ཆ་ 46.1% ལས་མ་ཐོབ་པས། སྤྱིའི་འོས་གྲངས་ཀྱི་ཆ་ནས་ལྕམ་ཁི་ལེན་ཀྲོན་ལ་མང་ཤོས་ཐོབ་ཟིན་ནའང་། སྲིད་འཛིན་གྱི་རྒྱལ་ཁ་དེ་སྒྲོ་ནལ་ ཁྲི་རམ་ཕུ་ལ་ཐོབ་ཟིན་པ་ལྟ་བུ་རེད། དེ་ཇི་ལྟར་བྱུང་བ་རེད་དམ་ཞེས་ན། སྲིད་འཛིན་ལམ་ལུགས་ཀྱི་མང་གཙོའི་རྒྱལ་ཁབ་གཞན་དང་མ་འདྲ་བའི་ཨ་རིའི་སྲིད་འཛིན་འདེམས་སྟངས་ལས་བྱུང་བ་ཞིག་ཡིན། 

   གཉིས་པ། གྲོས་ཚོགས་འོག་མར་འཐུས་མི་ 435 ཡོད་པ་དང་། འཐུས་མི་འདི་དག་ནི་མངའ་སྡེ་རེ་རེའི་མི་གྲངས་ཀྱི་མང་ཉུང་ལ་བརྟེན་ནས། མངའ་སྡེ་གང་དེར་འཐུས་མི་གྲངས་ཅི་ཙམ་གཏོང་རྒྱུའི་ཐོབ་ཐང་ཡོད་མེད་ཐག་ཆོད། དཔེར་ན། ཁཱ་ལི་ཧྥོར་ནེ་ཡ་མངའ་སྡེར་མི་གྲངས་ཧ་ཅང་མང་རྐྱེན། མངའ་སྡེའི་ས་ཁུལ་སྤྱི་ཡོངས་ནས་ཁྱོན་གྲོས་ཚོགས་འོག་མར་འཐུས་མི་ 52 གཏོང་རྒྱུའི་ཐོབ་ཐང་ཡོད་ཅིང་། བྱང་ཕྱོགས་ཀྱི་ཨ་ལ་སི་ཀ་མངའ་སྡེ་ལྟ་བུ། སའི་རྒྱ་ཁྱོན་ཆེན་པོ་ཡིན་ཡང་མི་གྲངས་ཉུང་ངུ་ཞིག་ལས་མེད་པས། དབུས་གྲོས་ཚོགས་འོག་མར་མངའ་སྡེ་ཧྲིལ་བོའི་ཚབ་མཚོན་པའི་འཐུས་མི་ 1 ལས་མེད། མདོར་ན། མངའ་སྡེ་རེ་རེའི་མི་གྲངས་ལ་མ་ལྟོས་པར། གྲོས་ཚོགས་གོང་མར་འཐུས་མི་ 2 རེ་དང་། གྲོས་ཚོགས་འོག་མར་མངའ་སྡེ་གང་དེའི་མི་གྲངས་ལ་དཔག་ནས་འཐུས་མི་གཏོང་དགོས་པ་ཡིན།


   ཁྲིམས་ཀྱི་བཤད་སྟངས་ལྟར་ན། ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས། མི་དམངས་ཀྱིས་སྲིད་འཛིན་འོས་མི་གང་དེ་ཐད་ཀར་འདེམས་ཀྱིན་ཡོད་དམ་ཞེས་ན་མེད། མི་དམངས་ཀྱིས་འདེམས་བཞིན་པ་ནི་སྲིད་འཛིན་འདེམས་མཁན་ཀྱི་མི་སྣ་སྐོར་ཞིག་ཡིན། དཔེར་ན། ཁཱ་ལི་ཧྥོར་ནེ་ཡ་མངའ་སྡེ་ལ་གྲོས་ཚོགས་འོག་མར་འཐུས་མི་ 52 དང་། གྲོས་ཚོགས་གོང་མར་འཐུས་མི་ 2 བཅས་ཁྱོན་འཐུས་མི་ 54 ཡོད་པ་ལྟར། འོས་བསྡུ་མ་བསླེབས་པའི་གོང་དུ། ཁཱ་ལི་ཧྥོར་ནེ་ཡ་མངའ་སྡེ་ནས་མང་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པ་རང་རང་གིས། ཆབ་སྲིད་ཚོགས་པ་རང་ལ་བློ་དཀར་འགྱུར་མེད་ཡིན་པའི་མི། སྲིད་འཛིན་འདེམས་མཁན་ 54 རེ་བདམ་ནས་འཇོག་དགོས་པ་ཡིན། དངོས་གཞིའི་འོས་བསྡུའི་སྐབས་མངའ་སྡེ་འདིར་མང་གཙོ་ཚོགས་པའི་འོས་མི་ཀཱ་མ་ལ་ཧ་རེ་སི་ལ་འོས་ཤོག་བརྒྱ་ཆ་ 51% ལས་མང་བ་ཐོབ་ན། དོན་ལ་མང་གཙོ་ཚོགས་པས་སྔར་བདམ་ཟིན་པའི་མི་སྣ་ 54 དེ་ལ་རྒྱལ་ཁ་ཧྲིལ་བོ་ཐོབ་ཟིན་པ་ཡིན་ལ། མངའ་སྡེ་འདིར་སྒྲོ་ནལ་ ཁྲི་རམ་ཕུ་ལ། ཁྱོན་འོས་གྲངས་ཅི་ཙམ་ཐོབ་ཟིན་པ་དེ་ལ་ཉིན་དེ་ནས་ཤུགས་རྐྱེན་གང་ཡང་མེད་པ་གྱུར་ཟིན་པ་ཡིན། ཨ་རིའི་མངའ་སྡེ་ 48 ནང་འགྲོ་སྟངས་འདི་གཅིག་མཚུངས་ལག་བསྟར་བྱེད་ཀྱིན་ཡོད།  གོམ་པ་གཉིས་པ་ནི། ཁཱ་ལི་ཧྥོར་ནེ་ཡ་མངའ་སྡེ་རུ་མང་གཙོ་ཚོགས་པ་ཐོབ་ཟིན་པས། ཁོ་ཚོས་རང་གི་མི་ 54 (Slate of electors)དེ་རང་གི་སྲིད་འཛིན་འོས་མི་ཀཱ་མ་ལ་ཧ་རེ་སི་ལ་འོས་བླུག་པར་གཏོང་དགོས།


   ཁྲིམས་ཀྱིས་ཐག་གཅོད་ལྟར་གྱི་ཟླ་ཚེས་ཤིག་ལ། མང་གཙོ་ཚོགས་པའི་མི་སྣ་ 54 འདི་དག་ཕྱོགས་གཅིག་ཏུ་འཛོམས་དགོས་པ་དང་། ཁོ་ཚོས་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་གང་རུང་ལ་འོས་བླུག་དགོས། ཁོ་ཚོ་ནི་མང་གཙོ་ཚོགས་པས་བདམ་པའི་མི་ཡིན་པས། ཁོ་ཚོ་སུ་ཞིག་གིས་ཀྱང་སྤྱི་མཐུན་ཚོགས་པའི་འོས་མི་སྒྲོ་ནལ་ ཁྲི་རམ་ཕུ་ལ་འོས་བླུག་མི་སྲིད། དེར་བརྟེན། ཁཱ་ལི་ཧྥོར་ནེ་ཡ་མངའ་སྡེ་རུ་ལྕམ་ཀཱ་མ་ལ་ཐོབ་ཟིན་པར་བརྩི་དགོས། 

   དཔེ་དེ་བཞིན་དུ་ཨ་རིའི་མངའ་སྡེ་རེ་རེ་ནས། རང་གི་གྲོས་ཚོགས་འཐུས་མིའི་གྲངས་དང་མཉམ་པའི་མི་སྣ་འདེམས་དགོས་ཤིང་། དེའི་སྟེང་རྒྱལ་ས་ཝ་ཤིན་ཀྲོན་ས་ཁུལ་ནས་མི་ 3 བཅས་བསྣན་པས། ཁྱོན་ཨ་རིའི་རྒྱལ་ཡོངས་སུ་སྲིད་འཛིན་འདེམས་མཁན་ལ་མི་ 538 བསྐོ་དགོས་པ་དང་། འདི་དག་ནི་གཞུང་འབྲེལ་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་འདེམས་མཁན་དངོས་དེ་གྱུར་ཟིན་པ་ཡིན་ལ། ཁོ་ཚོ་གཞི་ནས་མཐའ་མའི་འོས་བསྡུའི་བྱ་རིམ་(Electoral college)ཁྲོད་ཚུད་ཟིན་པར་ངོས་འཛིན་དགོས། 


   མི་འདི་དག་གིས(རང་རང་གི་མངའ་སྡེ་རུ།)སྲིད་འཛིན་འོས་མི་སུ་ཞིག་ལ་རྒྱབ་སྐྱོར་བྱ་མིན་གྱི་མཐའ་མའི་འོས་ཤོག་འཕངས་རྗེས། འོས་སྒམ་ཁ་དམ་པོར་བརྒྱབས་ནས་སྲུང་སྐྱོབ་ཆེན་པོའི་འོག གྲོས་ཚོགས་གོང་མའི་དབུ་ཁྲིད་དམ། སྲིད་འཛིན་གཞོན་པ་སོགས་སོགས་འབྲེལ་ཡོད་ལས་ཁུངས་དག་ལ་གཏོང་དགོས་ཤིང་།


   སྤྱི་མཐུན་ཚོགས་པའི་འོས་མི་ཞིག་ལ་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཧ་ཅང་ཆུང་། དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ཀྲེག་ས་སི་མངའ་སྡེ་དང་། ཧྥི་ལོ་ར་སྒྲ་སོགས་ཀྱང་ཆེན་པོ་ཡིན་ཡང་། སྲོལ་རྒྱུན་ནས་སྤྱི་མཐུན་ཚོགས་པའི་མངའ་སྡེ་ཡིན་(མི་གྲངས་ལ་འགྱུར་བ་མ་ཕྱིན་བར)པས། མང་གཙོ་ཚོགས་པའི་འོས་མི་ཞིག་ལ་རྒྱལ་ཁ་ཐོབ་རྒྱུའི་རེ་བ་དེ་ཙམ་མེད། མདོར་ན་མངའ་སྡེ་ 38 ཀྱིས་ཆབ་སྲིད་ཚོགས་པ་གང་ཞིག་ལ་འོས་བླུག་རྒྱུ་ཡིན་པ་ཕལ་ཆེར་ཚོད་ཐིག་པས། སྲིད་འཛིན་འོས་མི་དག་མངའ་སྡེ་དེར་ཡང་དང་བསྐྱར་དུ་ཁྱབ་སྒྲོག་ཆེད་འགྲོ་རྒྱུའི་དགོས་པའང་ཆུང་། 

    འོ་ན་འོས་མི་གཉིས་ཀྱིས་ཅི་ཞིག་རྩོད་ཀྱིན་ཡོད་དམ་ཞེས་ན། ཕྱོགས་གང་ལའང་འགྲོ་སྲིད་པའི་མངའ་སྡེ་མི་གྲངས་མང་པོ་ཅན་འགའ་ཡོད་པ་དེ་དག་ཏུ། རང་ལ་རྒྱལ་ཁ་ཐོབ་རྒྱུ་ནི་གཞི་ནས་གལ་ཆེན་དུ་གྱུར་ཟིན་པས་མངའ་སྡེ་དེ་དག་ཏུ་འགྲོ་རྒྱུ་མང་བའི་རྒྱུ་མཚན་ཡང་དེར་ཐུག སྤྱིར་འགྱུར་ཆོག་པའི་མངའ་སྡེ་དག་ཀྱང་། འདི་དང་འདི་ཞེས་དུས་གཏན་ཏུ་ངོས་འཛིན་ཐུབ་པ་ལྟ་བུ་ཞིག་མེད་ཀྱང་། འོས་བསྡུ་སྔ་ཕྱིའི་བརྒྱུད་རིམ་ལ་བརྟེན་ནས་ངོས་འཛིན་དགོས་པ་ཞིག དཔེར་ན། ལོ་འདིར་འགྱུར་ཆོག་པའི་མངའ་སྡེ་གཙོ་བོ་དག་ནི། ཨ་རི་ཛོ་ན།  རྗོར་ཇི་ཡ། མི་ཆི་གྷན། ནེ་ཝ་རྡ། བྱང་ཀེ་རོ་ལེ་ན། ཕེན་སེལ་ཝེ་ནེ་ཡ། ཝི་སི་ཀོང་སིན་རྣམས་ཡིན་པ་དབྱིན་ཇིའི་སྦི་སྦི་སི་གསར་ཁང་གིས་ངོས་འཛིན་དང་། འདི་དག་གིས་ད་ལོའི་འོས་བསྡུའི་མཇུག་འབྲས་ཐག་གཅོད་རྒྱུ་ཡིན་པ་བཤད།


   ཨ་རིའི་འོས་བསྡུའི་ལམ་ལུགས་ནི་འདི་འདྲའི་རྙོག་འཛིང་ཅན་ཞིག་ཅིའི་ཕྱིར་ཡིན་དགོས་པ་དང་། ལམ་ལུགས་འདི་མུ་མཐུད་གནས་དགོས་མིན་སོགས་ཀྱི་སྐད་ཆ་འདྲ་མིན་འབྱུང་བཞིན་ཡོད། ཇི་ལྟར་ད་ལྟ་བར་འདི་ལྟར་གནས་བསྡད་པ་ཞིག་ཡིན་པ་ལ། འབྱུང་འགྱུར་དུས་ཚོད་ཐུང་ངུའི་ནང་འགྱུར་བ་གཏོང་རྒྱུ་ཞིག་ཡིན་པའང་མི་འདོད། ཨ་རི་རྒྱལ་ཁབ་ཐོག་མར་འཛུགས་མཁན་དང་། རྩ་ཁྲིམས་བཟོ་མཁན་གྱི་མེས་པོ་ཚོས་ལམ་ལུགས་འདི་གཏན་ལ་འབེབ་པར། རྒྱལ་མཚན་ཆེན་པོ་འགའ་ལ་གཞི་བཅོལ་ཡོད་པར་བཤད་པའི་རྒྱུ་མཚན་དེ་དག་ནི།

    དང་པོ། སྐབས་དེར་(1788-1789)མི་དམངས་ཕལ་ཆེ་བ་ནི། ཤེས་ཡོན་མེད་ཅིང་གནས་ཚུལ་གྱི་རྒྱབ་མདུན་ཆ་ཚང་རྟོགས་རྒྱུའི་གོ་རྟོགས་དང་། ཆ་རྐྱེན་མེད་མཁན་ཡིན་པས་གོ་སྐབས་དེ་དང་བསྟུན་འོས་མི་རེ་ཟུང་གིས། དམངས་སེམས་ཀྱི་འཇིགས་སྣང་ལོག་སྤྱོད་བྱེད་པ། འུར་རྒྱག་པ། གཏམ་སྙན་པོས་མི་སེམས་བཀུག་པ་བརྒྱུད་སྲིད་སྟེགས་ལ་འཛེགས་རྒྱུའི་གོ་སྐབས་ཆེ་བས་དེ་སྔོན་འགོག་ཕྱིར་ཡིན་པ་བཤད་ཅིང་། མདོར་ན་སྤྱི་དམངས་ལ་གོ་རྟོགས་ཞན་པས། སྤུས་ཀ་ཞན་པ་དང་མཐའ་ན་མང་གཙོའི་རྩ་འཛུགས་ལ་གནོད་སྐྱེལ་མཁན་གྱི་སྐྱེ་བོ་རེ་ཐད་ཀར་མི་འདེམས་རྒྱུའི་ཆེད། འོས་བསྡུའི་མཐའ་མའི་ཐག་གཅོད་དེ་ སྤྱི་ཚོགས་ཀྱི་ཁྲོད་གོ་རྟོགས་དང་ཆ་འཇོག་ཡོད་པའི་མི་ཉུང་ཤོས་ཤིག་གི་ལག་ཏུ་བཞག་ཡིན་པ་བཤད།


    རྒྱུ་མཚན་གཉིས་པ་ནི། མངའ་སྡེ་དང་མངའ་སྡེའི་མི་གྲངས་ལ་ཧེ་བག་ཆེན་པོ་ཡོད་རྐྱེན། སྲིད་འཛིན་སུ་ཞིག་བསླེབས་མིན་དེ་ནམ་རྒྱུན་མི་གྲངས་མང་ཤོས་ཀྱི་མངའ་སྡེ་འགའ་ཁོ་ནས་ཐག་གཅོད་རྒྱུ་ཡིན་པའི་ཉེན་ཁ་དེ་འགོག་ཆེད་ཡིན་པ་བཤད་ཅིང་། མདོར་ན་མི་གྲངས་ལ་མང་ཉུང་ཇི་ལྟར་ཡང་ལྟོས་འཇོག་གིས་མངའ་སྡེ་ཚང་མའི་ཁེ་དབང་སྲུང་སྐྱོབ་ཐུབ་ཆེད་ཡིན་པ་བཤད། 


    རྒྱུ་མཚན་གསུམ་པ་ཞིག་ནི། མངའ་སྡེའི་གཞུང་དང་དབུས་གཞུང་བར་གྱི་འགྲོ་སྟངས་དམ་དུ་འབྲེལ་ཆེད་ཡིན་པའམ། ཡན་གར་དུ་འགྲོ་རྒྱུའི་ཉེན་ཁ་ཟློག་ཆེད་ཡིན་པ་བཤད། ཨ་རི་ནི་མངའ་སྡེ་མང་པོ་མཉམ་སྦྲེལ་གྱིས་གྲུབ་པ་ཞིག་ཡིན་པས། མངའ་སྡེའི་ཐོབ་དབང་སྲུང་སྐྱོབ་བྱ་དགོས་ནི། རྒྱལ་ཁབ་ཆེན་པོ་ཆིག་སྒྲིལ་ངང་གནས་དང་མི་གནས་ཀྱི་འགག་རྩ་གལ་ཆེན་ཞིག་ཡིན་པ་རེད། 


    མདོར་ན། ལམ་ལུགས་འདི་གཏན་འབེབས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྲིད་འཛིན་ལ་དབང་ཆ་ཚད་ལས་བརྒལ་བ་ཐོབ་རྒྱུ་སྔོན་འགོག་དང་། སྤྱི་དམངས་ཀྱིས་སྐྱེ་བོ་ནོར་བ་ཞིག་སྲིད་འཛིན་དུ་མི་འདེམས་ཆེད། ཧ་ཅང་གལ་ཆེ་བའི་གོ་གནས་འདི་སྐྱེ་བོ་སུ་ཞིག་ལ་སྤྲོད་མིན་གྱི་ཐོབ་དབང་དེ། སྤྱི་དམངས་ཀྱི་འོས་བསྡུའི་སྟེང་གཞིར་བཞག་ཅིང་མངའ་སྡེ་ཚང་མས་ཐོབ་དབང་འདྲ་མཉམ་གྱིས་སྐྱེ་བོ་ནོར་བ་མེད་པ་ཞིག་འདེམས་ཐུབ་ཆེད་ཡིན་པ་སོགས་ཟླ་མེད་ཀྱི་དགོས་པ་མང་པོ་ཡོད་པར་བཤད་དོ།།




阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章